མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐུན་འགྲིག་ཡོད་ན་ཆུང་ངུ་ཞིག་ཆེན་པོའི་བར་སྐྱེད་སྲིང་བྱེད་ཐུབ།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ཚན་རིག་པ་དང་ནང་པའི་མཁས་པའི་བར་ཉམས་མྱོང་བརྗེ་རེས་དང་ལེགས་ཆ་སྤེལ་རེས་ཀྱི་བགྲོ་གླེང་ཞིག་ཚོགས་སོང་། ཐེངས་འདིའི་ཉིན་གསུམ་རིང་གི་བགྲོ་གླེང་སྟེང་དྷ་ས་ཉེ་འཁོར་གྱི་སློབ་ཕྲུག་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག ཚན་རིག་པ་དང་ནང་པའི་མཁས་དབང་བར་གྱི་བགྲོ་གླེང་ཚོགས་འདུ་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ་ཐེངས་གསུམ་པ་༼མཐུན་འགྲིག་དང་བདེ་སྐྱིད།༽ཅེས་པ་ཞིག་མགོ་འཛུགས་གནང་ཡོད་ཅིང་། སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་སྤྱི་འཐུས་ཁག་ཅིག བགྲོ་གླེང་ནང་གཏམ་བཤད་གནང་མཁན་ནུབ་ཕྱོགས་རྒྱལ་ཁག་དང་རྒྱ་གར་གྱི་ཚན་རིག་པ་ཁག་ཅིག དེ་བཞིན་བོད་པའི་མཁས་དབང་སེ་སྨད་གྲྭ་ཚང་གི་ཟི་ལིང་སྟོང་འཁོར་རིན་པོ་ཆེ་མཆོག་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་བློ་གྲོས་བཟང་པོ་ལགས། དེ་བཞིན། ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་བཙུན་དང་དོན་གཉེར་ཅན། དྷ་སྟེང་བོད་ཁྱིམ་དང་དྷ་ཤོད་བོད་ཁྱིམ། ཤེས་རབ་དགའ་ཚལ་སློབ་གླིང་དང་སྨན་རྩིས་ཁང་བཅས་ཀྱི་སློབ་ཕྲུག་སོགས་ཁྱོན་མི་ ༣༠༠ ཙམ་འདུ་འཛོམས་གནང་སོང་།

བགྲོ་གླེང་ཚོགས་འདུ་འདིའི་ལས་རིམ་གསལ་བསྒྲགས་ནང་འཁོད་པ་ལྟར་ན། ༼མཐུན་འགྲིག་དང་བདེ་སྐྱིད།༽ཀྱི་བརྗོད་གཞི་འདི་བརྒྱུད་ནས་ནང་པའི་གལ་ཆེའི་རྟེན་འབྱུང་གི་ལྟ་བ་དང་། དངོས་ཁམས་དང་སྐྱེ་དངོས་རིག་པའི་ཕྱི་ནང་གི་མ་ལག་ཆ་མཉམ་དང་མི་མཉམ་པའི་སྦྲེལ་མཚམས་དེ་དག་ལ་དཔྱད་ཞིབ་བྱ་རྒྱུ་དང་། ང་ཚོས་དངོས་ཁམས་དང་སྐྱེ་དངོས་ཚན་རིག་ནས་དུས་ཀྱི་རིམ་འགྲོས་ཐོག་ཐོན་པའི་གལ་ཆེའི་འགྱུར་བ་དང་། ཤུགས་ནུས་དེ་དག་ལ་དོ་མཉམ་གྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་ཡིན། ཚོགས་འདུའི་གཏམ་བཤད་ཁག་གིས་ད་དུང་ཤེས་སྦྱོང་དང་སློབ་ཁྲིད་བཅོས་ཐབས་དང་བསམ་སྒོམ་ཉམས་ལེན་སོགས་ཀྱི་ལྟ་ཚུལ་ནས་དགེ་སེམས་དང་བདེ་ཐབས་ཀྱི་འཚར་ལོངས་ལ་དམིགས་རྒྱུ་ཡིན་པ་སོགས་འཁོད་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གཏམ་བཤད་གནང་དོན། འགྲོ་བ་མིའི་མི་ཚེའི་དོན་སྙིང་ནི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་སྟེ་བདེ་སྐྱིད་ཐོབ་འདོད་ཀྱི་བློ་དེ་ཡིན་སྟབས། མཐུན་འགྲིག་ (harmony) དང་བདེ་སྐྱིད་ཟེར་བ་དེ་གང་ཟག་མི་སྒེར་སོ་སོའི་ཕྱི་ནང་གཉིས་ཀྱི་མཛའ་བཤེས་དང་འབྲེལ་འདྲིས་གང་འདྲ་ཡོད་མིན་ལ་བལྟས་ཏེ་ཡོང་གི་ཡོད་པར་བརྟེན། བདེ་སྐྱིད་ཅེས་པ་ནི་སོ་སོས་གང་བརྗོད་པ་དང་གང་བསམ་པ། གང་བྱས་པ་དག་མཐུན་འགྲིག་ལྡན་པའི་ཐོག་བསྒྲུབ་པ་ཡིན་ན་དེ་ལ་བདེ་སྐྱིད་ཟེར། མཐུན་འགྲིག་ཡོད་ན་ཆུང་ངུ་ཞིག་ཆེན་པོའི་བར་སྐྱེད་སྲིང་བྱེད་ཐུབ་ཀྱི་ཡོད་པ་དང་། མཐུན་འགྲིག་མེད་ན་ཆེན་པོ་ཞིག་ཉམས་རྒུད་དུ་འགྲོ་བཞིན་ཡོད། ང་ཚོས་འཛམ་གླིང་འདིའི་ཐོག་ཞི་བདེ་བག་ཕེབས་ངང་འཚོ་གནས་བྱས་ཚེ། སོ་སོ་རང་ཉིད་ཙམ་མ་ཟད་འཛམ་གླིང་ལའང་ཕན་ཐོགས་ཡོད་སྟབས། ང་ཚོས་བསམ་སྤྱོད་དང་བྱ་བ་གང་བྱས་ཀྱང་མཐུན་འགྲིག་དང་ཞི་བདེ་ལྡན་པའི་ཐོག་བྱ་དགོས་པ་མ་ཟད། སེམས་ཀྱི་རྙོག་མ་གཙང་བཟོ་བྱས་ཏེ་བསམ་སྤྱོད་དང་བྱ་བ་གང་བསྒྲུབ་ཀྱང་ཞི་བདེ་ལྡན་པའི་ཐོག་བྱ་རྒྱུ་གལ་ཆེན་ཆགས་ཡོད། དེ་ཡང་ང་ཚོས་ཡུལ་དངོས་དང་མཐུན་འགྲིག་བྱ་རྒྱུ་དེ་ནི་སོ་སོའི་མཐུན་གྲོགས་དང་མཐུན་འགྲིག་བྱས་པ་ལྟ་བུ་ཞིག་ཡིན་སྟབས། དེར་བརྟེན། ཁྱེད་རང་གིས་གྲོགས་པོའི་ལག་པ་གཡས་པར་བདག་སྐྱོང་བྱས་ནས་ལག་པ་གཡོན་མ་བཏུབ་མི་རུང་། ངས་ནང་ཆོས་དང་ཚན་རིག་གཉིས་ཀའི་དམིགས་ཡུལ་དེ་ཚེ་སྲོག་གི་ནུས་པ་གོང་མཐོར་གཏོང་བ་དང་ཆ་ཚང་བ་ཡོང་བ་བྱེད་རྒྱུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་བརྗོད་དོན། ཕྱི་དངོས་པོའི་གཞི་རྩའི་འགྲོ་སྟངས་ལ་བལྟས་ན་གང་ལ་གང་འཚམ་གྱིས་ཁོ་རང་ལ་འགྲོ་སྟངས་དང་སྒྲིག་ཁྲིམས་ཡོད་མཁན་ཞིག་ཆགས་ཡོད་ཀྱང་། ང་ཚོ་འགྲོ་བ་མིའི་རིགས་ཀྱི་རིག་པ་གྲུང་དྲག་ནས་ང་ཚོས་ཕྱི་དངོས་པོའི་སྒྲིག་ཁྲིམས་མ་འཁུར་ནས་རྣམ་རྟོག་གིས་དྲན་རྒྱུ་འབལ་པོ་བྱས་ཏེ། ང་ཚོས་ཧ་ལམ་རིག་རྩལ་ཐོག་ནས་འཇིག་རྟེན་ཁམས་ཡོངས་རྫོགས་དབང་སྒྱུར་བྱེད་དགོས་བསམ་ནས་བྱ་བ་མང་པོ་ཞིག་བསྒྲུབས་སྒྲུབ་བཞིན་ཡོད་སྟབས། ད་ལྟ་ཁོར་ཡུག་ཉམས་ཉེས་ཀྱི་དབང་གིས་འཛམ་གླིང་ཐོག་དཀའ་ངལ་ཆེན་པོ་ཞིག་ཕྲད་དང་འཕྲད་མུས་ཡིན་སྟབས། ཚན་རིག་གིས་ཕྱི་དངོས་པོའི་ཐོག་ནས་ཁོ་རང་འགྲོ་སྟངས་ཤིག་དང་མཐུན་འགྲིག་ཡོད་པ་དེ་གསལ་པོ་བཤད་ཀྱི་ཡོད་པ་ལྟར། ང་ཚོ་ནང་ཆོས་ཀྱིས་ཀྱང་གཞི་བདེན་པ་གཉིས་ཟེར་ནས་བཤད་དུས་ཕར་ཕྱོགས་དེར་ག་རེ་ཡོད་མེད་གཞིར་བཞག་ནས་ལམ་ཐབས་ཤེས་གཉིས་ཉམས་ལེན་བྱས་ཏེ། སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་ཞིག་བཤད་ཡོང་དུས་ཁོ་རང་འགྲོ་སྟངས་ཤིག་ཏག་ཏག་ཡོད་སྟབས། དེ་གཉིས་གོ་བསྡུར་བྱས་ཏེ་ཁ་གསལ་དུ་བཏང་ནས་མང་ཚོགས་ཚོར་འགྲེལ་བཤད་རྒྱག་ཐུབ་ན་དེ་ལ་བརྟེན་ནས་གཏན་གྱི་བདེ་སྐྱིད་དམ་ཡང་ན་བདེ་སྐྱིད་གང་འཚམ་ཞིག་ཐོབ་ཆེད་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། ཅེས་སོགས་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཕྲན་ཚན་རིག་པ་དང་ནང་དོན་རིག་པའི་མཁས་དང་ཞིག་མིན་སྟབས། ཚན་རིག་པ་དང་ནང་དོན་རིག་པའི་མཁས་དབང་གི་འདུ་འཛོམས་སར་གཏམ་བཤད་བྱ་རྒྱུ་དེ་ཁག་པོ་འདྲ་པོ་ཞིག་ཆགས་ཡོད་ཀྱང་ལས་དོན་འདི་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བཅར་བ་ཡིན། གནད་དོན་གཅིག་གི་ཐོག་ཞུ་འདོད་པ་ནི། ༡༩༥༩ ལོ་མཇུག་དང་ ༡༩༦༠ ལོའི་ལོ་སྟོད་དུ་༧གོང་ས་མཆོག་གིས་འཕྲལ་ཕུགས་རྒྱང་གསུམ་ཐོག་ཐུགས་བསམ་བཞེས་ཏེ་བོད་པའི་སློབ་གྲྭ་གསར་འཛུགས་གནང་སྟེ་ད་ལྟ་སློབ་གྲྭ་ཁག་ ༧༦ ཡོད་པ་མ་ཟད། སློབ་གྲྭ་དེ་དག་ནང་ཁྱོན་བསྡོམས་སློབ་མ་ ༢༤༠༠༠ ལྷག་སློབ་སྦྱོང་བྱེད་བཞིན་ཡོད། སྐབས་དེར་༧གོང་ས་མཆོག་གིས་བོད་ཕྲུག་དག་གནའ་དེང་གི་ཤེས་ཡོན་ཕྱུག་པའི་འདབ་གཤོག་གཉིས་ལྡན་གྱི་བོད་མི་ཞིག་ཆགས་རྒྱུའི་རེ་བ་བཅངས་ཏེ་སློབ་གྲྭ་གསར་འཛུགས་གནང་བ་ནས་བཟུང་། ད་ལྟ་ང་ཚོས་ཤེས་ཡོན་ཐོག་གྲུབ་འབྲས་ཆེན་པོ་བླངས་ཡོད་ཀྱང་། ད་ལྟ་བགྲོ་གླེང་གཏམ་བཤད་གནང་མཁན་ལྷན་རྒྱས་ཁྲོད། བོད་པའི་ཚན་རིག་པ་དང་ཚན་རིག་ཞིབ་འཇུག་པ་ཡོང་སྟེ་གཏམ་བཤད་གནང་མཁན་ཞིག་མེད་སྟབས། མ་འོངས་པར་དེ་འདྲ་ཡོང་ཐུབ་ལ་འབད་བརྩོན་བྱ་དགོས། ང་ཚོས་འདས་ལོའི་ནང་བོད་པའི་སློབ་གྲྭ་ ༡༢ ཁྲོད་ནས་འཛིན་གྲྭ་ ༡༡ ཚན་རིག་སྡེ་ཚན་ནང་ཞུགས་མཁན་ག་ཚོད་ཡོད་མེད་དཔྱད་ཞིབ་བྱེད་སྐབས། སློབ་ཐོན་སློབ་མ་ ༡༥༠༠ ནས་བརྒྱ་ཆ་ ༢༠ ཙམ་གྱིས་མ་གཏོགས་ཚན་རིག་སྡེ་ཚན་ནང་འཛུལ་བཞུགས་བྱས་མེད་སྟབས། མ་འོངས་པར་བོད་ཕྲུག་མང་དག་ཅིག་ཚན་རིག་སྡེ་ཚན་ཁོངས་འཛུལ་བཞུགས་བྱེད་ཐུབ་པའི་རེ་བ་རྒྱག་གི་ཡོད། ཅེས་དང་བརྗོད་བྱུང་།

ཁོང་གིས་ཚན་རིག་གི་གལ་འགངས་དང་ནང་ཆོས་དང་ཚན་རིག་བར་མཐུན་འགྲིག་དགོས་སྐོར་གསུངས་དོན། ང་ཚོ་ཞོགས་པ་ཡར་ལངས་པ་ནས་དགོང་དྲོ་མ་ཉལ་བར་ཚན་རིག་དང་མ་འདྲེས་པ་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་མ་ཟད། ང་ཚོའི་ཉིན་རེའི་བྱ་གཞག་དང་དགོས་མཁོ་མང་ཆེ་བ་ཞིག་ཚན་རིག་གིས་བསྐྲུན་ཏེ་བདེ་སྐྱིད་ཐོབ་ཡོད་ཀྱང་། ཚན་རིག་བཀོལ་སྤྱོད་ལེགས་པོ་མ་བཏང་བར་ན་འཛམ་གླིང་ཐོག་གི་དཀའ་ངལ་དང་གནོད་འཚེ་ བཟོ་མཁན་གྱི་གདོན་འདྲེ་ཞིག་ཆགས་རྒྱུ་དང་། ཆོས་བེད་སྤྱོད་ལེགས་པོ་མ་བཏང་ཚེ་འཁྲུག་རྩོད་ཀྱི་གཞི་མ་ཞིག་ཏུ་འགྱུར་རྒྱུ་ཡིན་སྟབས། གནད་དོན་མང་པོ་ཞིག་གི་ཐོག་ཚན་རིག་དང་ཆོས་ཟུང་འབྲེལ་བྱས་ནས་བྱ་བ་སྒྲུབ་དགོས་པ་ཞིག་ཆགས་ཡོད། ང་ཚོས་འདས་པའི་འཛམ་གླིང་གི་བྱུང་རབས་ལོ་རྒྱུས་ཁག་ལ་གཟིགས་ན། རྒྱལ་ཁབ་དང་ས་ཁུལ་ཁག་ཅིག་ནང་ཚན་རིག་དང་ཆོས་གཉིས་གཅིག་ལ་གཅིག་རྟེན་བྱས་ནས་ཕན་ཚུན་ཕན་ཐོགས་སྐྲུན་རེས་བྱས་ཡོད་ཀྱང་། ཡང་ས་ཁུལ་ཁ་ཤས་ཤིག་ནང་ཚན་རིག་དང་ཆོས་མ་མཐུན་ནས་འཁྲུག་རྩོད་དང་དཀའ་ངལ་མང་པོ་ཞིག་ཕྲད་དང་འཕྲད་བཞིན་ཡོད་སྟབས། ༧གོང་ས་མཆོག་གིས་འདས་པའི་བཅུ་ཕྲག་གསུམ་ལྷག་རིང་ཆོས་དང་ཚན་རིག་གཉིས་ཟུང་འབྲེལ་བྱས་ནས་འཛམ་གླིང་སྤྱི་ལ་ཕན་པའི་བྱ་གཞག་སྒྲུབ་དགོས་པའི་བཀའ་སློབ་གནང་བ་མ་ཟད། མགོན་པོ་གང་ཉིད་ཀྱིས་ཀྱང་ཐུགས་འགན་བཞེས་ནས་མཛད་འཕྲིན་བསྐྱངས་ཡོད་སྟབས། ད་ཆ་ཚན་རིག་དང་ཆོས་ཟུང་འབྲེལ་བྱས་ནས་གཅིག་ཕན་གཅིག་གྲོགས་ལྟ་བུ་ཆགས་ཀྱིན་ཡོད། ཚན་རིག་གིས་ཕྱི་དངོས་པོའི་བདེ་བ་བསྐྲུན་གྱི་ཡོད་པ་དང་། ཆོས་ཀྱིས་ནང་སེམས་ཀྱི་བདེ་བ་བསྐྲུན་གྱི་ཡོད་སྟབས། ནང་ཆོས་དང་ཚན་རིག་གཉིས་མཐུན་འགྲིག་བྱས་ནས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་ཡོང་བ་བྱ་རྒྱུ་གལ་ཆེན་ཆགས་ཡོད། ཅེས་སོགས་གསུངས་སོང་།

ཟླ་འདིའི་ཚེས་ ༣ ནས་ ༥ བར་གྱི་ནང་པའི་མཁས་དབང་དང་ཚན་རིག་དབར་གྱི་བགྲོ་གླེང་ཚོགས་འདུ་འདིར། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་བློ་གྲོས་བཟང་པོ་ལགས་ཀྱིས་༼མཐུན་འགྲིག་དང་བདེ་སྐྱིད། ལྟོས་གྲུབ་དང་སྙིང་རྗེའི་ཐོག་ནང་པའི་ལྟ་ཚུལ།༽ཞེས་པའི་ཐོག་གཏམ་བཤད་གནང་རྒྱུ་དང་། བྷེང་ལོར་རྒྱལ་ནང་ཆེས་མཐོའི་ཉམས་ཞིབ་བསྟི་གནས་ཁང་གི་སློབ་དཔོན་སཱང་གྷི་ཐ་མེ་ནོན་ལགས་ཀྱིས་ ༼ཀླད་པ་དང་ཕན་ཚུན་གཅིག་ཏུ་སྦྲེལ་བའི་བདག ཚན་རིག་དང་ཤེས་པའི་བརྡ་རྟགས།༽ ཨ་རིའི་སྦར་ཀེ་ལིའི་རླབས་ཆེན་བཟང་པོའི་ཚན་རིག་ལྟེ་གནས་ཁང་གི་ངེས་སྟོན་པ་ཨི་མི་ལི་ཡ་ན་ཐོ་མ་སི་ལགས་ཀྱིས་༼བདེ་སྐྱིད་ཀྱི་དོན་དུ་འགྲོ་བ་མིའི་འབྲེལ་བ་དང་། བྱམས་བརྩེ། མཐུན་འགྱུར་གྱི་གལ་གནད་ཆེ་ཚུལ།༽ ནེ་རུ་ཚན་རིག་ལྟེ་གནས་ཁང་གི་ཚན་རིག་པ་སཱ་ཀེ་ཌ་སིང་ཀོ་རབ་ལགས་ཀྱིས་༼མཐུན་འགྲིག་དང་བདེ་འཚོབ། ནམ་མཁར་ཡོད་པའི་མིག་ཆེ་ཤོས།༽ རྒྱ་གར་རྒྱལ་ཡོངས་ཚན་རིག་ལྡེ་གནས་ཁང་གི་ཚན་རིག་པ་ཨེ་ཀེ་མུ་ཁོ་པ་དྷེ་ལགས་ཀྱིས་༼དགེ་འདུན་པའི་ཆེད་དུ་ཚན་རིག་སྐྲུན་ཐབས་ཀྱི་གོམ་པ་ལྔ།༽སེར་སྨད་གྲྭ་ཚང་གི་ཟི་ལིང་སྟོང་འཁོར་རིན་པོ་ཆེ་ལགས་ཀྱིས་༼བདེ་སྐྱིད།༽ཅེས་སོགས་ཀྱི་བརྗོད་གཞིའི་སྐོར་ལ་གཏམ་བཤད་གནང་རྒྱུ་ཡིན་འདུག

༢༠༡༡ ལོའི་ཟླ་ ༡༡ ནང་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་ཚོགས་འདུ་ཐེངས་དང་པོ་བེམ་ཤེས་ཀྱི་བརྗོད་གཞིའི་ཐོག་ནང་པའི་མཁས་པ་དང་ཚན་རིག་པའི་བར་གྱི་བགྲོ་གླེང་དེ་དྷ་རམ་ས་ལར་ཚོགས་ཡོད་པ་དང་། ཚོགས་འདུ་ཐེངས་གཉིས་པ་དེ་ ༢༠༡༣ ལོའི་ཟླ་ ༡༡ ནང་ལྡེ་ར་རྡུན་སྲོང་བཙན་དཔེ་མཛོད་ཁང་དུ་ཤེས་རྟོགས་དང་ལག་ལེན་གྱི་བརྗོད་གཞིའི་ཐོག་ཚོགས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese