གཟའ་སྤེན་པའི་ཉིན་ཧྥ་རན་སིའི་རྒྱལ་སར་ཡུ་རོབ་ཀྱི་བོད་མི་གནད་ཡོད་རྣམས་འདུ་འཛོམས་གནང་སྟེ། འཆར་ལོའི་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུ་ཕྱོགས་གྲོས་བསྡུར་ཐག་གཅོད་གནང་ཡོད་འདུག
ཧྥ་རན་སིའི་བོད་རིགས་ཚོགས་པས་གོ་སྒྲིག་འོག ཟླ་འདིའི་ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་། རྒྱལ་ས་ཕ་རི་སིའི་བོད་ཀྱི་ཁ་བཏགས་ཟ་ཁང་དུ། འཆར་ལོར་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་ཡུ་རོབ་བོད་མི་འདུ་འཛོམས་ཀྱིས་གསུམ་བཅུའི་དུས་ཐེངས་ ༥༦ པ་སྲུང་གཙི་ཞུ་ཕྱོགས་སྐོར་གྱི་མཐའ་མའི་རྒྱབ་སྣོན་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། ཚོགས་འདུ་དེར་སྦར་སིལ་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་འགྲུབ་ལཊ་དང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས། ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད་འདུག
ཚོགས་འདུ་དེའི་ཐད་ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་ཚོགས་འདུ་དེ་ནི་ཉེ་ལམ་ཨི་ཊ་ལིར་ཚོགས་པའི་ཚོགས་འདུའི་གྲོས་ཆོད་ཁག་ལ་རྒྱབ་སྣོན་དང་། དེ་དག་ལག་བསྟར་ཚགས་ཚུད་ཡོང་ཐུབ་ལ་དམིགས་པ་ཞིག་ཡིན་པ་དང་། ད་ཐེངས་ཚོགས་འདུའི་སྐབས་ལས་འགུལ་གྱི་ཁ་བྱང་དང་འབོད་ཚིག་གཏན་འཁེལ། ལས་འགུལ་དེར་དམིགས་པའི་འགན་འཛིན་ལྷན་ཚོགས་བསྐོ་བཞག ལས་འགུལ་སྔོན་རྩིས་འཆར་འགོད། ལས་འགུལ་སྤེལ་ཕྱོགས་སོགས་ལ་གྲོས་བསྡུར་བྱས་ཡོད་འདུག
ལས་འགུལ་ཆེན་མོ་དེའི་འགན་འཛིན་ལྷན་ཚོགས་ནི། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་སྤྱི་འཐུས་བཀྲས་མཐོང་དབང་པོ། སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་འགྲུབ། ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཝན་ཟན་(Vincent)དང་ལྕམ་ཚེ་རིང་བྱམས་པ། སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ་བློ་བཟང་། འཇར་མིན་བོད་རིགས་ཚོགས་པའི་སྐུ་ཚབ་བློ་བཟང་ཕུན་ཚོགས། སྦེལ་ཇམ་ནས་སྐུ་ཚབ་ཆོས་རིགས་དང་སི་པན་ཚོགས་གཙོ་ངག་དབང་སྟོབས་རྒྱལ། དབྱིན་ཡུལ་ཚོགས་གཙོ་ཚེ་རིང་པ་སངས། ཨི་ཊ་ལིའི་སྐུ་ཚབ་སྦྱིན་པ། ཧོ་ལན་ཊའི་སྐུ་ཚབ་ཀརྨ་ངག་དབང་བཅས་སྤྱི་མོས་ཐག་གཅོད་གནང་ཡོད་འདུག
ལས་འགུལ་སྤེལ་ཡུལ་ཧྥ་རན་སིའི་རྒྱལ་སའི་འགྲོ་བ་མིའི་ཐོབ་ཐང་ཐང་ཆེན་(Trocadero)ནས་མགོ་བཙུགས་ཏེ། རྒྱ་ནག་གཞུང་ཚབ་བརྒྱུད་ལྕགས་སྡོང་རིང་པོའི་(Eiffle tower)མདུན་ནས་མཇུག་བསྒྲིལ་རྒྱུ། འབོད་ཚིག་ “བོད་དང་མཉམ་དུ་ལོངས་ཤོག(Stands with tibet)”ཅེས་པ་སྐད་ཡིག་འདྲ་མིན་ནང་འཁོད་རྒྱུ། རྒྱ་གར་ནས་སྐུ་མགྲོན་དུ་བྱུང་ན་སྲིད་སྐྱོང་མཆོག་དང་། མ་བྱུང་ཚེ་བཀའ་བློན་གང་རུང་ཞིག་གདན་ཞུ་གནང་རྒྱུ་དང་། གཞན་ཡུ་རོབ་རྒྱལ་ཁབ་ཁག་ནས་གཞུང་འབྲེལ་མི་སྣ་དང་སྒྱུ་རྩལ་བ་སོགས་གདན་འདྲེན་ཞུས་ཏེ་གཏམ་བཤད་དང་རོལ་དབྱིངས་འདུ་འཛོམས་སོགས་གོ་སྒྲིག་ཞུ་རྒྱུ་ཡིན་འདུག
ལོ་རྗེས་མའི་གསུམ་བཅུའི་དུས་དྲན་སྐབས་ཡུ་རོབ་ལུང་པ་འདྲ་མིན་ནས་ཁྱོན་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་ལྷག་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་འདུ་འཛོམས་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་དང་། ལས་འགུལ་གོ་སྒྲིག་གི་འགན་གཙོ་བོ་ཕ་རི་སིའི་བོད་རིགས་ཚོགས་པས་འཁུར་རྒྱུ་ཡིན་འདུག
གནས་ཚུལ་མཁོ་གཏོང་བ་དཔལ་ལྡན།