ཕྱི་ལོ་ ༢༠༡༢ ལོར་དཀར་མཛེས་ཁུལ་བྲག་མགོ་རྫོང་ཐོག་ཏུ་མི་མང་གིས་ཞི་རྒོལ་གནང་སྐབས། རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་མི་ཁག་ཅིག་ལ་ལོ་ ༡༠ ནས་ ༡༣ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན། དཀར་མཛེས་ཁུལ་བྲག་མགོ་རྫོང་ཐོག་ཏུ་བོད་མི་མང་པོ་འདུ་འཛོམས་ཀྱིས་བོད་ལ་རང་དབང་དགོས་ཞེས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གནང་སྐབས། ཉེན་རྟོག་པས་གང་བྱུང་མེ་མདའ་བརྒྱབ་སྟེ་བོད་མི་ཁག་ཅིག་དམར་གསོད་དང་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། བོད་མི་མང་པོ་འཛིན་བཟུང་བྱས་ཏེ་ལས་འགུལ་སྣེ་ཁྲིད་པ་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག སྔ་རྗེས་སུ་བོད་མི་ཁག་ཅིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་བརྒྱུད་ལམ་དུ་ཐོན་ཡོད་ནའང་། བཙོན་འཇུག་བྱས་པའི་བོད་མི་རྣམས་ཀྱི་མཚན་དང་བཙོན་འཇུག་གི་དུས་ཡུན་སོགས་གསལ་བོ་ཤེས་རྟོགས་ཐུབ་མེད་ཀྱང་། ཉེ་སྔོན་ར་ལྔ་ཁ་རུ་ལོ་ ༣ བཙོན་འཇུག་བྱེད་མྱོང་པའི་བོད་མི་ཞིག་གིས། བྲག་མགོའི་ཞི་རྒོལ་ཁྲོད་བཙོན་འཇུག་བྱས་པའི་བོད་མི་ཁག་ཅིག་གི་གནས་ཚུལ་མཁོ་སྤྲོད་གནང་འདུག
འདི་གར་བསོད་ནམས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཞི་རྒོལ་སྣེ་ཁྲིད་པ་སོགས་ཀྱི་ཉེས་མིང་འོག ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦ ཉིན་བྲག་མགོ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བྲག་མགོ་རྫོང་ནོར་བ་ནས་ཡིན་པ་བོད་མི་དཔལ་རྡོ་ལགས་ལ་ལོ་ ༡༣ དང་རྣམ་རྒྱལ་ལགས་ལ་ལོ་ ༡༣། བྲག་མགོ་གཙང་སྟོད་ནས་ཡིན་པ་རིགས་ཀྱི་ཉི་མ་ལགས་ལ་ལོ་ ༡༢། བྲག་མགོ་ལུ་སྨད་ནས་ཡིན་པ་ཅུ་བེ་ལགས་ལ་ལོ་ ༡༢ དང་ཀུན་ཐོ་ལགས་ལ་ལོ་ ༡༡། བྲག་མགོ་བྲག་འུ་ནས་ཡིན་པ་ཨོ་རྒྱན་ཚེ་རིང་ལགས་ལ་ལོ་ ༡༡་དང་བཀྲ་ཤིས་དར་རྒྱས་ལགས་ལ་ལོ་ ༡༡། བྲག་མགོ་ལི་སྟོད་ནས་ཡིན་པ་ཀུན་བཟང་ཚེ་རིང་ལགས་ལ་ལོ་ ༡༡། བྲག་མགོ་རྫོང་ཐོག་ནས་ཡིན་པ་ཤེས་རབ་བཟང་པོ་ལགས་ལ་ལོ་ ༡༠། བྲག་མགོ་མདའ་མདོ་ནས་ཡིན་པ་བསོད་ནམས་དར་རྒྱས་ལགས་སུ་ལོ་ ༡༣། བྲག་མགོ་སུར་སྡེ་ནས་ཡིན་པ་བཀྲ་ཤིས་དར་རྒྱས་ལགས་ལ་ལོ་ ༡༣། བྲག་མགོ་ཡུམ་ཉྭ་ནས་ཡིན་པ་འཕྲིན་ལས་དར་རྒྱས་ལགས་ལ་ལོ་ ༡༠ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟ་ར་ལྔ་ཁ་བཙོན་ཁང་དུ་ཡོད་འདུག
གསལ་བཤད། འདས་ལོའི་ཕྱི་ཟླ་ ༢ པའི་ནང་དུ། བྲག་མགོ་དགོན་གྱི་གྲྭ་བཀྲ་ཤིས་དར་རྒྱས་ཞུ་བར་ཞི་རྒོལ་སྣེ་ཁྲིད་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་ཡོད་སྟབས། གོང་བརྗོད་ཀྱི་བཀྲ་ཤིས་དར་རྒྱས་ཞུ་བ་གཉིས་དང་ལོགས་ཀ་ཡིན་མིན་སོགས་འབྲེལ་ཡོད་ལ་སྐད་ཆ་དྲིས་ཀྱང་གསལ་ཁ་བྱུང་མ་སོང་།
གསར་འགོད་པ། པདྨ་མཚོ།