མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་ཏཱ་ལའི་བླ་མ་དགོས་མཁོ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

<<རྒྱ་ནག་ལ་ཏཱ་ལའི་བླ་མ་དགོས་མཁོ་ཡོད།>>ཞེས་པའི་རྩོམ་ཡིག་དེ་ནི་ཨ་རིར་བཞུགས་མཁན་ཆབ་སྲིད་དཔྱད་གཏམ་པ་རྒྱ་རིགས་ཤེས་ཡོན་ཅན་གྲན་ཕོ་ཁུང་གིས་ཉེ་ཆར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་བསྐོང་ཚོགས་གནང་བའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༢༥ འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཐོག་གསུང་བཤད་གནང་བའི་རྩོམ་ཡིག་ཡིན་ཞིང་། རྩོམ་ཡིག་དེ་རྒྱ་ཡིག་གི་དྲ་ཚིགས་ཆེ་ཁག་ནང་ཐོན་ཏེ་ཀློག་མཁན་མང་པོ་བྱུང་ཡོད་ཀྱང་། བོད་ཡིག་ནང་མེད་སྟབས་ཆེད་དུ་བོད་བསྒྱུར་ཞུས་པ་ཡིན།

————————————————————————————————–

དྲུང་འཕར་ཀུན་དགའ་བཀྲིས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།

ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུའི་ཉིན་མོ་འདི་ནི་ག་དུས་ཡིན་རུང་སྤྱིར་བཏང་མིན་པའི་ཉིན་མོ་ཞིག་ཡིན་པ་དང་། ལོ་འདིའི་ཟླ་བ་ ༡༢ ཚེས་ ༡༠ ཉིན་མོ་ནི་དེ་བས་དམིགས་བསལ་གྱི་ཉིན་མོ་ཞིག་ཆགས་ཡོད། གང་ཡིན་ཟེར་ན། འདི་ལོ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་གྱི་ཡོད་པ་ནི་དུས་རབས་བཞི་ཆ་གཅིག་གི་འཕེལ་རིམ་གྱི་རྡོ་རིང་ཞིག་ཡིན།

དུས་རབས་སྔོན་མའི་དུས་དཀྱིལ་དུ་བཙན་བྱོལ་གྱི་ལམ་བུར་ཕེབས་དགོས་བྱུང་མ་ཐག ༧གོང་ས་ཏཱ་ལའི་བླ་མཆོག་གིས་གཟིགས་རྒྱང་རིང་པའི་དགོངས་གཞི་ཟབ་མོ་དང་། ནམ་ཡང་འགྱུར་བ་མེད་པའི་ཐུགས་སྟོབས་ལ་བརྟེན་ནས་འགྲོ་བ་མིའི་རིགས་ཀྱི་རིན་བྲལ་ནོར་བུ་ཡིན་པའི་བོད་ཀྱི་སངས་རྒྱས་པའི་ཆོས་དང་། རིག་གཞུང་སྲུང་སྐྱོབ་གནང་ཡོད་པ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་བྱམས་དང་བརྩེ་བས་གཙོ་བོར་བྱས་པའི་བོད་བརྒྱུད་ནང་བསྟན་ངོ་སྤྲོད་གྱི་མཛད་འཕྲིན་བསྐྱངས་པའི་ཤུགས་རྐྱེན་ཆེན་པོ་འཇོག་གནང་མཛད་ཡོད།

ཕྱི་ལོ་ ༢༠༠༩ ལོར་གུས་པ་དྷ་རམ་ས་ལར་འཚམས་འདྲིར་བསྐྱོད་སྐབས་དབེན་པའི་གཡང་གཟར་རི་གྲོང་གི་སིང་དུ་འཛུགས་སྐྲུན་གནང་བའི་དགོན་པ་གྲྭ་ཚང་དང་། སློབ་གྲྭའི་ནང་འདོན་པ་གསུང་པའི་དབྱངས་དང་། སློབ་དེབ་ཀློག་པའི་སྒྲ་རྣམས་མཐོང་ཐོས་ཡོང་དུས་ངའི་སེམས་ནང་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་བྱུང་། བོད་མི་བཙན་བྱོལ་བའི་རང་གི་མཛེས་སྡུག་ལྡན་པའི་ཕ་ཡུལ་མེད་པར་གྱུར་ཏེ་མིའི་ལུང་པར་ཁྱིམ་གཞིས་འཛུགས་དགོས་ཆགས་པ་ནི་སྐྱོ་དགོས་པ་ཞིག་ཡིན། འོན་ཀྱང་བོད་ཀྱི་ཆོས་དང་། སྐད་ཡིག རོལ་དབྱངས། ཞབས་བྲོ། ཆས་གོས་སོགས་སྲོལ་རྒྱུན་རིག་གཞུང་སྲུང་སྐྱོབ་འཐུས་ཚང་ཐུབ་ཡོད་པ་ནི་དགའ་འོས་པ་ཞིག་རེད།

དུས་རབས་སྔོན་མའི་དུས་དཀྱིལ་ཡོལ་ཙམ་ལ་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་གི་དགོན་སྡེ་གྲྭ་ཚང་དང་། ལྷ་ཁང་རི་ཁྲོད་སོགས་རིག་གཞུང་གི་བསྟི་གནས་རྣམས་ངན་པ་ཁོག་བཅུག་གིས་གཏོར་བཤིག་བཏང་ཡོད་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཚབས་ཆེའི་གཏོར་བཤིག་ཅིག་ཡིན། ཡིན་ན་ཡང་༧གོང་ས་ཏཱ་ལའི་བླ་མ་ཆོག་གིས་ཞི་དུལ་བབ་བརླིང་གི་ངང་ནས་བཙན་བཟུང་དང་། འཕྲོག་བཅོམ། དྲག་གནོན་ལ་གདོང་གཏུགས་གནང་ཡོད། མ་གཞི་ཚད་ལས་འདས་པའི་སྐུ་ངལ་ཆེན་པོ་བྱུང་ཡོད་ཀྱང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་སྙིང་རྗེ་ཆེན་པོའི་ཉམས་ལེན་གནང་མཁན་གྱི་ངང་ཚུལ་བཟུང་སྟེ། བཟོད་སྒོམ་གྱིས་ཀླ་ཀློར་ཁ་གཏད་དང་། བྱམས་བརྩེས་འཁོན་སེམས་ལ་ཁ་གཏད་གནང་གི་ཡོད།

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་མི་རིགས་ཀྱི་འགལ་ཟླ་མེད་པར་བཟོ་ཆེད་དང་། རྒྱ་བོད་མི་རིགས་གཉིས་འཆམ་མཐུན་ཡོང་ཆེད་དབུ་མའི་ལམ་གྱི་དགོངས་པ་གསར་གཏོད་གནང་ཡོད། ༧གོང་ས་མཆོག་གི་དགོངས་པ་དེ་ལ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རྒྱབ་སྐྱོར་དང་ངོས་ལེན་གནང་གི་ཡོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྱང་དགོངས་པ་དེ་གསལ་རྟོགས་བྱུང་ཡོད། དེར་བརྟེན་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་མཚན་བསྟོད་གསོལ་བ་དེ་ནི་ངོ་གནོང་མི་དགོས་པ་ཞིག་དང་། མཚན་དོན་མཚུངས་པ་ཞིག་ཡིན།

༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བོད་མི་ཡོངས་ཀྱི་གུས་བཀུར་ཐོབ་ཀྱི་ཡོད་ལ། འཛམ་གླིང་སྐྱེ་རྒུ་མང་ཆེ་བའི་གུས་བཀུར་ཀྱང་ཐོབ་ཡོད། རྒྱ་ནག་གི་མགོ་ཁྲིད་རྣམས་ལ་མཚོན་ན། རྒྱ་རིགས་ཡོངས་ཀྱི་གུས་བཀུར་ཐོབ་མཁན་མགོ་ཁྲིད་སུ་གཅིག་མེད་ལ། འཛམ་གླིང་སྐྱེ་རྒུ་མང་ཆེ་བའི་གུས་བཀུར་ཐོབ་མཁན་ཞིག་དེ་བས་ཀྱང་མེད་པ་མ་ཟད། དེ་ལས་ལྡོག་སྟེ། འཛམ་གླིང་སྐྱེ་རྒུ་མང་ཆེ་བའི་སྐྱོན་བརྗོད་བཟེད་ཡུལ་དང་། དོགས་པ་བྱེད་ཡུལ་དུ་གྱུར་ཡོད།

༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རྣམ་དཔྱོད་དང་། ཀུན་སྤྱོད། མཚན་སྙན་བཅས་ནི་གོ་གནས་མཐོ་ཞིང་དབང་ཆ་ཆེ་བའི་རྒྱ་ནག་དམར་པོའི་མགོ་ཁྲིད་རྣམས་ཀྱི་རྣམ་དཔྱོད་དང་། ཀུན་སྤྱོད། མཚན་སྙན་དང་བསྡུར་ཐབས་མེད་པས། སྐྱེས་ཆེན་དམ་པའི་བྱམས་སྐྱོང་གི་བཞིན་རས་ཀྱིས་སྟོབས་ཆེན་ཡུལ་གྱི་གདུག་རྩུབ་སྲིད་དབང་གི་རྣམ་པ་ཟིལ་གྱིས་མནན་ཡོད།

རྒྱ་ནག་གཞུང་གིས་བོད་འདི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཅེས་ཤོད་ཀྱི་ཡོད། དེ་ལྟར་ཡིན་ན། མ་མཐར་ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་བརྒྱུད་ནང་བསྟན་ནི་རྒྱ་ནག་ལ་མེད་དུ་མི་རུང་བའི་བསམ་བློའི་རྒྱུ་ནོར་ཞིག་ཡིན་པ་ཁས་ལེན་བྱེད་དགོས་ཀྱི་རེད། དེང་སང་གི་རྒྱ་ནག་ནི་སྤྱི་ཚོགས་ཀྱི་སྤྱོད་བཟང་ཉམས་པ་དང་། དཔོན་རིགས་ཁྲོད་ལྐོག་ཟ་རུལ་སུངས་བྱེད་མཁན་མང་བའི་གནས་སུ་གྱར་ཡོད་པར་བརྟེན། སྣང་ཚུལ་དེ་དག་བཟོ་བཅོས་བྱེད་པ་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བྱམས་བདེན་སྤྱོད་བཟང་གི་མཛད་པའི་སྟོབས་ཤུགས་འདི་ཧ་ཅང་གི་དགོས་མཁོ་ཆེན་པོ་ཆགས་ཡོད།

ཡང་དག་པའི་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་གནང་མཁན་དང་། བོད་རིགས་མི་མང་གི་བསམ་པའི་གཙོ་འཛིན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན། སྤྱོད་མཆོག་གྲགས་ཅན་གྱི་འཛམ་གླིང་ཆོས་ལུགས་དབུ་ཁྲིད་བཅས་ཡིན་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཡོད་པ་ནི་བཟང་པོའི་ཡོན་ཏན་དང་། མཚན་དང་སྙན་གྲགས་ཡིན་པ་དང་། ཡོན་ཏན་དང་མཚན་སྙན་དེ་དག་གིས་འཛམ་གླིང་མི་མང་རྣམས་ལ་སློབ་གསོ་གནང་གི་ཡོད་ལ། རྒྱ་ནག་མི་མང་ལ་ཡང་སློབ་གསོ་གནང་གི་ཡོད། ཁོང་གི་མཛད་པ་དེ་དག་གིས་འཛམ་གླིང་ལ་ཤུགས་རྐྱེན་གཏོང་ཐུབ་ལ། རྒྱ་ནག་ལ་ཡང་ཤུགས་རྐྱེན་གཏོང་ཐུབ་ཀྱི་ཡོད།

ངས་འདིར། རྒྱ་ནག་གཞུང་ལ་རེ་སྐུལ་ནན་པོ་བྱེད་རྒྱུར། སྐུ་ན་སྨིན་པའི་༧གོང་ས་མཆོག་བོད་དུ་ཕྱིར་ལོག་ཕེབས་བཅུག་དགོས་པ་དང་། ༧གོང་ས་མཆོག་འཇམ་དབྱངས་ཀྱི་གནས་སུ་གྲགས་པའི་རི་བོ་རྩེ་ལྔར་གནས་གཟིགས་སུ་ཕེབས་བཅུག་དགོས་ལ། ༧གོང་ས་མཆོག་རྒྱ་ནག་གི་ས་ཁུལ་གང་སར་ཕེབས་བཅུག་དགོས་ཞེས་རེ་འབོད་བྱེད་རྒྱུ་ཡིན།

དེ་འདྲའི་དུས་ཚོད་ཞིག་ཤར་སྐབས་༧གོང་ས་མཆོག་ལ་བོད་མི་མང་གི་དགའ་བསུ་ཆེན་པོ་ཐོབ་རྒྱུ་ཡིན་པ་མ་ཟད། རྒྱ་རིགས་མི་མང་གིས་ཀྱང་དགའ་བསུ་ཐོབ་རྒྱུ་གཏན་འཁེལ་ཡིན། དེ་འདྲའི་དུས་ཚོད་ཞིག་ཤར་སྐབས་༧གོང་ས་མཆོག་ལ་བོད་མིའི་དད་གུས་ཐོབ་རྒྱུ་ཡིན་པ་མ་ཟད། རྒྱ་རིགས་ནས་ཀྱང་གུས་བཀུར་ཐོབ་རྒྱུ་གཏན་འཁེལ་ཡིན་སྟབས། དེ་ལྟ་བུའི་དགའ་བསུ་དང་། གུས་བཀུར་ནི་རྒྱ་ནག་སྤྱི་ཚོགས་ཀྱི་སྤྱོད་བཟང་སྲུང་སྐྱོབ་བྱེད་པར་དུས་ཐོག་གི་ཆར་བ་ལྟ་བུ་ཆགས་ཡོད།

༧གོང་ས་ཏཱ་ལའི་བླ་མཆོག་བོད་དུ་ཕེབས་ཐུབ་པ་ཡིན་ན། བོད་ཁུལ་བརྟན་ལྷིང་ཡོང་རྒྱུར་ཕན་ཐོགས་ཡོད་ལ། རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་ཡང་ཕན་ཐོགས་ཡོད། རྒྱ་ནག་གཞུང་གིས་ཡང་ཡང་ཤོད་བཞིན་པའི་ “སྤྱི་ཚོགས་བརྟན་ལྷིང་།” ཟེར་བ་འདི་གཅིག་བྱས་ན་༧གོང་ས་མཆོག་བོད་དུ་ཞབས་བཅག་པ་དེ་རང་གི་ཐོག་ནས་མངོན་འགྱུར་ཡོང་ཐུབ་པས། དེ་ལྟར་བྱུང་ཚེ། དེ་ནི་ལས་ཆུང་ཕན་ཆེའི་དཔེ་རང་རེད།

ང་རང་རྒྱ་ནག་སྐམ་ས་ཆེན་པོར་འཚར་ལོངས་བྱུང་བའི་རྒྱ་རིགས་ཤེས་ཡོན་ཅན་ཞིག་ཡིན་པའི་ཆ་ནས་ངས་རྒྱ་རིགས་ཀྱི་བསམ་བློའི་འཁྱེར་སོ་ཧ་ཅང་གསལ་པོ་རྟོགས་ཐུབ། དབུ་མའི་ལམ་ནི་རྒྱ་ཆེའི་རྒྱ་རིགས་ཀྱིས་ཁས་ལེན་བྱེད་ཐུབ་པའི་ཆབ་སྲིད་ཀྱི་དགོངས་པ་དང་། རིག་པའི་གཞུང་ལུགས་ཀྱི་བསམ་བློ་ཞིག་ཡིན་ཞིང་། ད་ལྟའི་དངོས་ཡོད་གནས་སྟངས་ནས་བཤད་ཀྱང་། བོད་ཀྱི་གནད་དོན་ཐག་གཅོད་ཡོང་དགོས་ན། དབུ་མའི་ལམ་རྒྱུན་འཁྱོངས་དེ་ཡིན། དེར་བརྟེན་ངས་བོད་རིགས་གྲོགས་པོ་ཚོར། སྐུ་ངལ་གང་འདྲ་ཞིག་འཕྲད་རུང་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་འདོན་གནང་མཛད་པའི་དབུ་མའི་ལམ་རྒྱུན་འཁྱོངས་གནང་རོགས་གནང་ཞེས་རེ་སྐུལ་ཞུ་གི་ཡོད། གང་ཡིན་ཟེར་ན། དབུ་མའི་ལམ་གྱི་དོན་སྙིང་ནི་ཧ་ཅང་གཏིང་ཟབ་པ་དང་། དབུ་མའི་ལམ་གྱི་ཤུགས་རྐྱེན་ནི་ཧ་ཅང་རྒྱ་ཆེན་པོ་ཡིན་པས། དགོངས་གཞི་དེ་ལ་མི་སེམས་འགུལ་བའི་ནུས་པ་རླབས་ཆེན་ཞིག་ཡོད་པས་ཡིན།

ངས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་ཡུན་ཏུ་གཏན་ནས་མཐོ་སྒང་གི་ས་མཐོར་ཞབས་བཅག་ཐུབ་པ་དང་། རྒྱ་ཡི་ཡུལ་གང་སར་གནས་ཆིབས་སྒྱུར་གནང་ཐུབ་པར་སེམས་གཏིང་གི་སྨོན་འདུན་ཞུ་རྒྱུ་ཡིན། དེ་ལྟ་བུའི་དཔྱད་དཔལ་ཞིག་བསླེབས་ནས་མེ་ཏོག་བཞད་པའི་དུས་ཚོད་དེ་མྱུར་དུ་ཤར་རྒྱུར་སེམས་གཏིང་ནས་རེ་སྒུག་བྱེད་ཀྱིན་ཡོད། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།

སྒྱུར་མཁན་གྱི་མཆན། སྐུ་ཞབས་གྲན་ཕོ་ཁུང་ནི་ཞི་བདེའི་གཟེངས་རྟགས་མཛད་སྒོར་ནེའུ་ཡོག་དང་། ནེའུ་འཇས་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གདན་ཞུ་གནང་ཞིང་། ཁོང་གི་གསུང་བཤད་གྲུབ་སྟེ་ལོག་ཕེབས་སྐབས། ཚོགས་ཁང་ནང་གི་གཡས་གཡོན་དུ་ཞུགས་པའི་བོད་མི་ཚོས་ཐུགས་རྗེ་ཆེ་ཞེས་ཕྱག་བརྡབ་པའི་སྐབས་ཁོང་གིས་མིག་ལ་མཆི་མ་འཁོར་བ་དང་ཆབས་ཅིག ཁོང་ཚོགས་ཁང་གི་ཕྱི་ལ་སླེབས་ནས་རླངས་འཁོར་ནང་འཛུལ་གྲབས་བྱེད་པའི་སྐབས། ད་ལྟ་བོད་མི་ཚོས་གཡས་གཡོན་ནས་ལག་པ་བརྡབ་སྐབས་ངས་གཡས་ཕྱོགས་ལ་བལྟས་པ་མ་ཏོགས། གཡོན་ཕྱོགས་ཀྱི་བོད་མི་རྣམས་ལ་བལྟ་རྒྱུ་བྱུང་མ་སོང་བས་ཁོང་རྣམས་ལ་གུས་ཞབས་མེད་པ་ཆགས་ཀྱི་མ་རེད་དམ་ཞེས་བཀའ་འདྲི་གནང་བཞིན་དུ་རླངས་འཁོར་ནང་འཛུལ་སོང་།

མ་རྩོམ་རྒྱ་ཡིག་གི་འབྲེལ་ཐག http://www.boxun.com/news/gb/pubvp/2014/12/201412141113.shtml#.VJiAAsAo

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༡༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༡༤ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༡༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 4

  1. འདན་སྲས་ཐུ་བོ། says:
    ལོ་ 12 སྔོན།

    བཀླགས་ཟིན

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ༸གོས་ས་མཆོག་རྒྱ་གཞུང་ལ་མཁོ་དང་མི་མཁོ་དང་། རྒྱ་ནག་མི་མང་ལ་མཁོ་དང་མི་མཁོ་གཉིས་རྩ་བ་ཉིད་ནས་ལྡོག་ཕྱོགས་མོན་ན་ཡང་། སོ་སོར་འབྱེད་དགོས་པ་གལ་ཆེའོ།།

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    རྒྱ་ནག་ལ་ཏཱ་ལའི་བླ་མ་མཁོ་བ་ནི་ཡང་སྲིད་ཐག་གཅོད་ཀྱི་དབང་ཆ་གཅིག་པུ་རེད། མགོ་བསྐོར་འོག་ཚུད་ན་ཕངས་པོ་མ་རེད་པས། བསམ་བློ་གཏོང་རོགས།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་ སྐུ་ངལ་གང་འདྲ་ཞིག་འཕྲད་རུང་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་འདོན་གནང་མཛད་པའི་དབུ་མའི་ལམ་རྒྱུན་འཁྱོངས་གནང་རོགས་གནང་ཞེས་རེ་སྐུལ་ཞུ་གི་ཡོད། གང་ཡིན་ཟེར་ན། དབུ་མའི་ལམ་གྱི་དོན་སྙིང་ནི་ཧ་ཅང་གཏིང་ཟབ་པ་དང་། དབུ་མའི་ལམ་གྱི་ཤུགས་རྐྱེན་ནི་ཧ་ཅང་རྒྱ་ཆེན་པོ་ཡིན་པས། དགོངས་གཞི་དེ་ལ་མི་སེམས་འགུལ་བའི་ནུས་པ་རླབས་ཆེན་ཞིག་ཡོད་པས་ཡིན། ་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese