ཉེ་སྔོན་ལྷ་ས་གྲོང་ཁྱེར་ཉེན་རྟོག་པས་དིང་རི་རྫོང་ནས་ཡིན་པའི་བོད་མི་སྟོབས་རྒྱས་ཞུ་བ་ཞིག་འཛིན་བཟུང་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག
འདི་གར་བྱང་ཆུབ་སེམས་པ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡།༥༠ ཙམ་ལ། ལྷ་ས་གྲོང་ཁྱེར་ཉེན་རྟོག་པས་རང་ལོ་ ༢༣ ཡིན་པའི་བོད་མི་སྟོབས་རྒྱས་ཞུ་བ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་དང་ཅིའི་ཕྱིར་འཇུ་བཟུང་བྱས་པ་ཡིན་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
ས་གནས་བོད་མི་དང་ཁོང་གི་ངོ་ཤེས་ཚོས་སྟོབས་རྒྱས་ལགས་ཀྱིས་རྒྱུན་དུ་བོད་དོན་དང་འབྲེལ་བའི་གསར་འགྱུར་དང་། རྩོམ་ཡིག་མང་པོ་བརྒྱུད་ལམ་དུ་སྤེལ་བར་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་གཡོགས་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
སྟོབས་རྒྱས་ལགས་ནི་གཞི་རྩེ་ས་ཁུལ་དིང་རི་རྫོང་བྲག་རྩེ་གྲོང་ཚོའི་ཕ་ཚེ་དབང་བསྟན་འཛིན་དང་མ་ངག་དབང་གཉིས་ཀྱི་བུ་ཡིན་པ་དང་། འདས་ལོའི་ཕྱི་ཟླ་ ༡ ཚེས་ ༡༧ ཉིན་སྟོབས་རྒྱས་ལགས་ཀྱི་གཅེན་པོ་ཚེ་དབང་དོན་ལྡན་ཡང་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ། ཁོང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཉེས་མིང་འོག་ཉིན་ ༣ རིང་གཅར་རྡུང་འདྲི་བརྩད་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ།