མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞུགས་ཨེ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་ཁོང་གར་ཡོད་ཅི་ཆགས་ཀྱི་གནས་ཚུལ་དང་། ད་ལྟ་སྐུ་འཚོ་བཞིགས་ཡོད་མེད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལོ་ངོ་ ༢༠ འགྲོ་བཞིན་ཡོད་པའི་སྐབས་འདིར་ཁོང་བསྐྱར་དུ་གླེང་སློང་བྱས།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་གློ་བུར་དགོངས་པ་རྫོགས་རྗེས། དེ་སྔའི་སྐུ་བཅར་བ་བྱ་བྲལ་བྱམས་པ་འཕྲིན་ལས་མཆོག་གིས་ཕ་ཤུལ་བུས་འཛིན་གྱི་དཔེ་ལྟར་ཐུགས་འགན་ཡོངས་རྫོགས་བཞེས་ཏེ་སྐུ་ངལ་བསྐྱོན་ཡོད་པ་དང་། ཕྱིས་སུ་༧གོང་ས་མཆོག་གིས་ཐུགས་འཁུར་ཆེ་བཞེས་ཀྱིས་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ཞིག་བོད་དུ་ཆེད་གཏོང་ཐུབ་པར་འབད་བརྩོན་གནང་ཡོད་ཀྱང་། རྒྱ་གཞུང་གིས་མོས་མཐུན་མ་བྱས་པར་བྱ་བྲལ་རིན་པོ་ཆེ་མཆོག་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོར་བསྐོ་བཞག་བྱས་ཏེ། གང་མགྱོགས་ཀྱིས་ཡང་སྲིད་འཚོལ་ཞིབ་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་གསེང་ཆོག་མཆན་ཞུ་དགོས་པའི་བཙན་སྐུལ་ཡང་ཡང་བྱས་ཡོད་པ་རེད།

བྱ་བྲལ་རིན་པོ་ཆེ་མཆོག་དང་འབྲེལ་བའི་གནས་ཚུལ་ལྟར་ན། བོད་གཞིས་བྱེས་གཉིས་ཀྱི་རེ་འདོད་ལྟར་ཡང་སྲིད་འཁྲུལ་མེད་ངོས་འཛིན་ཡོང་ཆེད། ༧གོང་ས་མཆོག་ལ་པར་རིས་དང་ཕྱག་བྲིས་སོགས་ཀྱི་ཐད་ནས་སྔ་ཕྱིར་གསང་བའི་འབྲེལ་བ་ཐེངས་ ༡༦ ཙམ་ཞུས་ཏེ། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་མཆོག་གིས་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངོས་འཛིན་གསལ་བསྒྲགས་གནང་ཡོད་སྟབས། རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་ཉེས་མིང་འོག ལོ་དེའི་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་བྱ་བྲལ་རིན་པོ་ཆེ་དང་ཁོང་གི་དྲུང་ཡིག་བྱང་པ་གཅུང་ལགས། ཞབས་ཞུ་བ་བཀྲ་ཤིས་བཅས་པེ་ཅིན་དུ་བསྐྱོད་དེ་ཕྱིར་ལོག་སྐབས་ཁྲིན་ཏུའུ་གནམ་ཐང་ནས་འཛིན་བཟུང་བྱས།

༡༩༩༧ ཟླ་ ༤ ཚེས་ ༢༢ ཉིན་གཞིས་ཀ་རྩེ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་གསང་བའི་ཐོག་ནས་ལོ་ངོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ༢༠༠༢ ལོར་བཙོན་འཇུག་དུས་ཡུན་རྫོགས་ཡོད་ནའང་ཀློད་གྲོལ་མ་བཏང་བར་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་ཀྱང་། ཕྱི་ལོ་ ༢༠༡༡ ཟླ་ ༡ པོའི་ནང་བྱ་བྲལ་རིན་པོ་ཆེ་མཆོག་དང་ཐུགས་འདྲིས་ཆེ་བའི་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་གནད་ཡོད་མི་སྣ་ཞིག་བརྒྱུད་དེ་བྱ་བྲལ་རིན་པོ་ཆེ་ལོ་ཤས་གོང་ནས་གྲོངས་ཚར་བ་རེད་ཟེར་བ་ཞིག་དང་། རིན་པོ་ཆེར་དུག་དྲངས་ཏེ་བཀྲོངས་པ་རེད་ཟེར་བ་བཅས་ཀྱི་གནས་ཚུལ་ཞིག་ཀྱང་ཐོན་ཡོད།

འདི་གའི་གསར་འགོད་པས་བྱ་བྲལ་རིན་པོ་ཆེའི་སློབ་མ་ཡིན་པ་སཱ་ར་མཐོ་སློབ་ཀྱི་ནང་ཆོས་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཕེལ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། རིན་པོ་ཆེ་རྒྱ་ནག་ནང་ཕེབས་ཏེ་གང་འཚམ་ཕྱིན་རྗེས། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཟིན་པའི་གནས་ཚུལ་དེ་ཕྱི་ཕྱོགས་ཀྱི་རླུང་འཕྲིན་ནང་ནས་བསྒྲགས་སོང་། དེ་ནས་ཉིན་གཉིས་ཙམ་ཕྱིན་རྗེས་རྒྱ་ནག་གཞུང་གི་ལས་དོན་ཚོགས་ཆུང་དགོན་པར་བསླེབས་ཏེ། ༧རྒྱལ་བ་རིན་པོ་ཆེས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་རབས་བརྗོད་དེ་ཁ་ལུང་པ་གང་བཏང་སོང་། སྐབས་དེར་བྱ་བྲལ་རིན་པོ་ཆེར་ཡག་སྡུག་གང་ཡང་ལབ་ཀྱི་མི་འདུག ༡༩༩༥ ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གཞུང་གིས་རིན་པོ་ཆེ་པེ་ཅིན་ནས་ཁྲིན་ཏུའུ་གནམ་ཐང་དུ་འབྱོར་སྐབས། རིན་པོ་ཆེ་དང་ཕྱག་རོགས་བཅས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་པ་རེད། དེ་ནས་ཟླ་བ་གཅིག་གཉིས་ཤིག་ལ་རིན་པོ་ཆེའི་སྐོར་གོ་ཐོས་ཁྱོན་ནས་མེད་པ་དང་། ཡང་སྲིད་སྐོར་ནས་ང་ཚོའི་དགོན་པའི་ནང་ཟང་ངེ་ཟིང་ངེ་ཞེ་དྲག་ཆགས་སོང་། རིམ་གྱིས་རྒྱ་ནག་གཞུང་གིས་བྱ་བྲལ་རིན་པོ་ཆེར་ཁ་གཏོང་བའི་མགོ་བཙུགས་ཏེ་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་མཁན་རེད་ཟེར་བ་དང་། དག་མ་ཡིན་མིན་གང་ཤས་ཏེ། ཁོང་གི་དྲུང་ཡིག་བྱམས་པ་ཆུང་ལགས་ཀྱིས་༧གོང་ས་མཆོག་ལ་འབྲེལ་བ་ཞུས་བའི་སྐོར་ངོས་ལེན་གནང་པའི་བརྙན་ཐུང་ཞིག་ཀྱང་གྲྭ་བ་ཚོར་བསྟན་པ་སོགས་རིན་པོ་ཆེར་སྐྱོན་འཛུགས་མང་པོ་བྱས་པ་རེད། ༡༩༩༧ ལོར་གསང་བའི་ཐོག་ནས་རིན་པོ་ཆེར་ལོ་ ༦ ཁྲིམས་ཐག་བཅད་པ་མ་ཟད། ༢༠༠༢ ལོར་བཙོན་འཇུག་དུས་ཡུན་རྫོགས་ཀྱང་ད་ལྟའི་བར་གར་སོང་ཆ་མེད་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་སོང་།

ཐོག་མར་རིན་པོ་ཆེ་དང་ཁོང་གཉིས་བར་འབྲེལ་བ་ཇི་ལྟར་བྱུང་བའི་སྐོར་དྲིས་པར་ཁོང་གིས། རིན་པོ་ཆེ་ང་ཚོའི་དབེན་དགོན་གྱི་བླ་མ་རེད། ཕྱི་ལོ་ ༡༩༨༦ ལོར་ང་དབེན་དགོན་དུ་གྲྭ་བ་བྱས་ཤིང་སྐབས་དེར་ང་ཚོ་གྲྭ་བ་གསར་པ་ ༧ ཡོད། ང་ཚོ་རིག་གནས་གསར་བརྗེ་བྱུང་རྗེས་ཀྱི་གྲྭ་བ་དང་པོའི་གྲས་རེད། རིན་པོ་ཆེས་ང་ཚོའི་དགོན་པ་རུ་པཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་འགྲུབ་མཆོག་གི་སྒྲུབ་ཕུག་ཡག་པོ་ཞིག་གསར་བཞེངས་གནང་ཡོད། རིན་པོ་ཆེ་མཆོག་དབེན་དགོན་དེར་བཞུགས་རྒྱུའི་འདོད་པ་ཆེན་པོ་ཡོད་ཀྱང་། རྗེས་སུ་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཀྱི་འགན་དེ་ཁོང་ལ་སྤྲད་པ་ཡིན་སྟབས། ཁོང་བཞུགས་མ་ཐུབ་པར་ཕེབས་དགོས་བྱུང་པ་རེད། ང་རང་ལྟ་བུར་ཆ་བཞག་ན། སང་ཉིན་རབ་བྱུང་བསྒྲུབ་རྒྱུ་ཡིན་ན་དེ་རིང་འདྲ་བོར་རིན་པོ་ཆེས་ང་ལ་གྲྭ་ཆས་གྱོན་སྟངས་དང་ཕྱག་འཚལ་སྟངས་ནས་བསླབས་གནང་སྟེ་བཀའ་དྲིན་ཆེན་པོ་ཞེ་དྲག་ཡིན།

༡༩༩༥ ལོའི་ཉིན་ཞིག་རིན་པོ་ཆེ་མཆོག་གིས་ང་དང་ང་ཚོའི་དགོན་པའི་འགན་འཛིན་གཟིམས་སྦུག་རིན་པོ་ཆེ། འགན་འཛིན་གཞོན་པ་བྱམས་པ་གསུམ་བཀྲ་ཤིས་ལྷུན་པོ་དགོན་པར་ཤོག་གསུངས་སོང་། ང་དེ་དུས་ང་ཚོའི་དགོན་པའི་དབུ་མཛད་དང་རྩིས་པ་ཡིན། ང་ཚོ་ཡར་བཅར་སྐབས་རིན་པོ་ཆེས་ཁོང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་དང་སྐུ་ཆས་ཀྱི་ཆེད་དུ་ཕྱི་ཉིན་རྒྱ་ནག་ལ་ཕེབས་དགོས་ལུགས་གསུངས་སོང་། མཚན་མོ་དེར་ཆུ་ཚོད་ ༢ པ་མ་ཟིན་ཙམ་བར་རིན་པོ་ཆེས་ང་ཚོར་དགོན་པ་བསྐྱར་བཞེངས་གནང་ཕྱོགས་དང་དགོན་པའི་སྒྲིག་གཞི་སོགས་ཀྱི་ཐོག་ཞེ་དྲག་མང་པོ་གསུངས་སོང་། དེ་ཚོར་ཕྱིས་སུ་བསམ་བློ་བཏང་དུས་ཕལ་ཆེར་གནས་སྐབས་རིང་ཁོང་ཕེབས་མི་ཐུབ་པའི་དགོངས་གཞི་ཡོད་ས་རེད་དྲན་གྱི་འདུག ཕྱི་ཉིན་ཉིན་གུང་ཙམ་ལ་རིན་པོ་ཆེ་དང་ཞབས་ཞུ་བཀྲ་ཤིས་ལགས། དྲུང་ཡིག་བྱང་པ་གཅུང་ལགས་བཅས་པེ་ཅིན་དུ་ཕེབས་པ་ནས་བཟུང་རིན་པོ་ཆེ་ཁྱོན་ནས་མཇལ་རྒྱུ་བྱུང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཁོང་གིས་རིན་པོ་ཆེ་བཀྲ་ཤིས་ལྷུན་པོ་དགོན་དུ་ཞུགས་པའི་བརྒྱུད་རིམ་ངོ་སྤྲོད་གནང་དོན། བྱ་བྲལ་རིན་པོ་ཆེ་པཎ་ཆེན་སྐུ་ཕྲེང་གསུམ་པས་ཕྱག་བཏབ་པའི་གཙང་དབེན་དགོན་དུ་དགུང་ལོ་ཆུང་ཆུང་སྐབས་ནས་བཞུགས་ཡོད་པ་དང་། ཕྱིས་སུ་བཀྲ་ཤིས་ལྷུན་པོ་དགོན་དུ་སློབ་གཉེར་གནང་བར་ཕེབས་པ་རེད། སྐབས་དེར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་ཁོང་བཀྲ་ཤིས་ལྷུན་པོ་དགོན་དུ་གྲྭ་ཞུགས་གནང་དགོས་པའི་བཀའ་ཕེབས་ཡོད་ཀྱང་། དང་ཐོག་རིན་པོ་ཆེས་གྲྭ་ཞུགས་གནང་མ་དགོས་ན་དགོངས་ཏེ་ཕེབས་ཡོད་པ་ན་རེད། ཕྱིས་སུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཡང་བསྐྱར་གྲྭ་ཞུགས་དགོས་པའི་བཀའ་ཕེབས་སྐབས། རིན་པོ་ཆེས་བྱུང་ན་གྲྭ་ཞུགས་བྱེད་མི་དགོས་པ་གནང་རྒྱུ་དང་། གལ་སྲིད་དེ་མ་བྱུང་ནའང་གྲྭ་བ་དཀྱུས་མའི་གཏོང་སྒོ་བཏང་སྟེ་འཛུལ་ཞུགས་ཆོག་པ་གནང་རོགས་ཞེས་ཞུས་ཡོད་ཀྱང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་འགྲིག་གི་མ་རེད། ངེས་པར་དུ་བླ་སྤྲུལ་རང་གི་གཏོང་སྒོ་གཏོང་དགོས་ཀྱི་ཡོད་གསུངས་བ་རེད། ཡིན་ནའང་། དེ་ནས་བཟུང་བཀྲ་ཤིས་ལྷུན་པོ་དགོན་པའི་གཏོང་སྒོ་གཏོང་རྒྱུ་ཏོག་ཙམ་མར་ཆག་སྟེ་གྲྭ་ཞུགས་ཀྱི་ཡིག་ཚད་ཐོག་དོ་ནན་ཆེ་རུ་ཕྱིན་ཡོད་འདུག ༡༩༥༩ ལོར་དུས་འགྱུར་བྱུང་རྗེས་རིན་པོ་ཆེ་རྒྱ་ནག་ནང་ཕེབས་ཏེ་རྒྱ་ཡིག་དང་དེང་དུས་ཀྱི་སློབ་སྦྱོང་གནང་ཡོད་པ་དང་། ཕྱིས་སུ་རྒྱ་ནག་གཞུང་གི་ལྟ་རྟོག་འོག་རིན་པོ་ཆེ་གཞིས་ཀ་རྩེ་ཆབ་སྲིད་གྲོས་ཚོགས་ནང་དུ་བཞག་པ་དང་། བཀྲ་ཤིས་ལྷུན་པོ་དགོན་པར་ཆོས་སྒོ་ཕྱེས་རྗེས་སླར་ཡང་རིན་པོ་ཆེ་དགོན་པར་ཕེབས་ཏེ་ དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་གནང་བ་དང་། རིམ་གྱིས་གོ་གནས་འཕར་ཏེ་ལྷན་ཁང་དེའི་འགན་འཛིན་གཞོན་པ་དང་འགན་འཛིན་བཅས་གནང་ཡོད་པ་རེད། ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ། པཎ་ཆེན་རིན་པོ་ཆེའི་ཞབས་ཞུའི་ནང་ངའི་སྤུན་མཆེད་ཅིག་ཡོད། ཁོང་གིས་བཤད་པ་ལྟར་ན། བཀྲ་ཤིས་ལྷུན་པོ་དགོན་པའི་ནང་འཇམ་དབྱངས་ཟེར་བའི་གྲྭ་བ་ཞིག་ཡོད་པ་དང་། སྔོན་མ་རིག་གནས་གསར་བརྗེ་སྐབས་ཁོས་རྒྱ་ནག་གཞུང་གི་ཕྱོགས་གཏོགས་བྱས་ཏེ་བཀྲ་ཤིས་ལྷུན་པོ་དགོན་པའི་མགོ་ཁྲིད་བྱས་པ་དང་། རྗེས་སུ་ཁོ་ཕྱིར་འཕུད་གཏོང་མ་ཐུབ་པར་དཀའ་ངལ་ཞེ་དྲག་ཕྲད་པ་རེད། རིན་པོ་ཆེ་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཡིན་སྐབས། ཁོང་ གིས་བཀྲ་ཤིས་ལྷུན་པོ་དགོན་པའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་བསྐྱར་གསོ་གནང་གི་ ཡིན་གསུངས་དུས་འཇམ་དབྱངས་ཀྱིས་དགག་པ་བརྒྱབ་སྟེ་ཁོང་གཉིས་མང་པོ་ཐུག་ཡོད་པ་མ་ ཟད། བཀྲ་ཤིས་ལྷུན་པོ་དགོན་པའི་རྡོ་བཀྱག་ཆེན་མོའི་ཐོག་རིན་པོ་ཆེ་མང་པོར་བཤུམས་པའི་ལོ་རྒྱུས་ཡང་འདུག སྐབས་ དེར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ཞལ་བཞུགས་ཡོད་ཀྱང་རྒྱ་ནག་གཞུང་ གིས་རྒྱབ་རྩ་བྱས་ཏེ་འཇམ་དབྱངས་ཟེར་བ་དེ་ཧ་ཅང་གི་དབང་ཤུགས་ཆེན་པོ་ཡོད་པ་རེད། འཇམ་དབྱངས་ཀྱི་སྟངས་འཛིན་འོག་གྲྭ་བ་རྒན་གྲས་རྣམས་ཞེད་སྣང་གིས་བཞུགས་དགོས་ཀྱི་ཡོད་ཀྱང་། ཕྱིས་སུ་གྲྭ་བ་ལོ་གཞོན་ཚོ་ཡར་བསླེབས་ཡོང་དུས་ཏོག་ཙམ་བློ་ཁོག་ཆེན་པོ་ཡོད་སྟབས། རིམ་གྱིས་རིན་པོ་ཆེ་ལ་རྒྱབ་རྩ་བྱེད་མཁན་མང་དུ་ཕྱིན་ནས་འཇམ་དབྱངས་ཟེར་བ་དེ་ཕྱིར་འཕུད་བཏང་སྟེ། རིན་པོ་ཆེ་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་འགན་འཛིན་དུ་བསྐོས་བ་རེད། སྐབས་དེར་པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་པའི་གྲྭ་བ་དེ་ཚོ་ལྐུག་པ་རེད་བསམས་སོང་ཡང་ལྐུག་པ་རང་རེད་མི་འདུག་ཅེས་གསུངས་ཡོད་པ་མ་ཟད། པཎ་ཆེན་རིན་པོ་ཆེ་མཆོག་གིས་རིན་པོ་ཆེར་ཁོང་གི་ཚབ་བྱས་ཏེ་གངས་རྒྱན་དར་འཕེལ་སྤྱི་བསྡོམས་ཐོན་གཉེར་ཁང་གི་སྤྱི་གཉེར་བར་བཞུགས་དགོས་པའི་བཀའ་གནང་བ་ལྟར། རིན་པོ་ཆེས་ཚོང་གཉེར་ཁང་དེའི་སྤྱི་གཉེར་བའི་འགན་ཡང་འཁུར་བ་རེད། ཡིན་ནའང་། ལོ་གཅིག་གཉིས་རྗེས་སུ་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཤེགས་ཏེ། ཚོང་གཉེར་ཁང་དང་བཀྲ་ཤིས་ལྷུན་པོ་དགོན་པའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་འགན་ཚང་མ་རིན་པོ་ཆེའི་ཐོག་ལ་བབས་པ་དང་། ད་དུང་དེའི་ཐོག་གཞིས་ཀ་རྩེ་ས་གནས་ཀྱི་ཆབ་སྲིད་གྲོས་མོལ་དང་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་འགྱུར་ཁང་ཟེར་བ་སོགས་དང་། རྒྱ་ནག་དབུས་གཞུང་གི་ནང་དུའང་འགན་གནས་ཡོད་པ་རེད། ཅེས་བརྗོད་བྱུང་།

ཁོང་ལ་ད་ལྟའི་ཆར་རིན་པོ་ཆེའི་ནང་དུ་སུ་ཡོད་པ་དང་། ཁོ་ཚོའི་གནས་སྟངས་ག་འདྲ་ཡིན་དྲིས་པར་ཁོང་གིས། རིན་པོ་ཆེའི་ཡབ་ཡུམ་གཉིས་སྔོན་མ་ནས་སྐུ་གྲོངས་ཚར་བ་རེད། ངས་ཐག་རིང་པོ་བསྐོར་ནས་སྐད་ཆ་དྲིས་པ་ལྟར་ན། རིན་པོ་ཆེ་བཙོན་ཁང་དུ་ཡོད་སྐབས་ཁོང་གི་གཅུང་པོ་ཚེ་རིང་རྡོ་རྗེ་ཞུ་བར་འཁྱུག་ཙམ་མཇལ་བཅུག་པ་དང་། ཕྱིས་སུ་ཚེ་རྡོ་ལགས་ཀྱིས་ཐུགས་ཁྲལ་ཆེན་པོ་གནང་ནས་འདས་གྲོངས་ཕྱིན་པ་རེད་ཟེར་བ་ཞིག་གོ་ཐོས་བྱུང་བ་ཙམ་ལས་གཞན་རྒྱུས་གང་ཡང་མེད། རིན་པོ་ཆེ་སྒེར་གྱི་ཞབས་ཞུ་བཀྲ་ཤིས་ལགས་བཞུགས་ཡོད་པ་རེད། ཅེས་བརྗོད་བྱུང་།

ཕྱི་ཚེས་ ༨ ཉིན་གསར་འགོད་པས་དྷ་རམ་ས་ལར་གནས་སྡོད་བྱ་བྲལ་རིན་པོ་ཆེ་མཆོག་གི་འཁྲུངས་ཡུལ་མང་ར་ཤང་ནས་ཡིན་པའི་གྲྭ་བློ་བཟང་དོན་འགྲུབ་ལགས་སུ་བཅར་འདྲི་ཞུས་པར། རིན་པོ་ཆེ་མཆོག་དང་ཁོ་གཉིས་ཤང་གཅིག་པ་ཡིན་ཞིང་། བྱ་བྲལ་རིན་པོ་ཆེ་མཆོག་ཆུང་ངུའི་སྐབས་སུ་སྡིངས་མ་དགོན་དུ་བཞུགས་མྱོང་ཡོད་པ་མ་ཟད། རྗེས་སུའང་ཡང་ཡང་ཕེབས་ཏེ་ཁོང་གི་མདུན་ནས་བཀའ་དབང་སོགས་ཀྱང་ཞུ་མྱོང་ཡོད་འདུག རིན་པོ་ཆེ་མཆོག་གི་ཨ་མའི་གཉེན་འབྲེལ་དོན་འགྲུབ་ནོར་བུ་ཞུ་བ་ཞིག་མང་ར་ཤང་སྲིད་གཞུང་གི་མགོ་ཁྲིད་མཐོ་ཤོས་དེ་ཡིན་པ་དང་། པེ་ཅིན་ཨོ་རྩེད་འགྲན་ཚོགས་བསླེབ་ལ་ཉེ་སྐབས་ ༢༠༠༧ ལོར་རྒྱ་ནག་གཞུང་གིས་ཁོང་རྒྱ་ནག་ནན་ཅིན་དུ་འཁྲིད་དེ་བྱ་བྲལ་རིན་པོ་ཆེ་མཆོག་ལ་ཐེངས་གཅིག་ཐུག་འཕྲད་བྱེད་དུ་བཅུག་ཡོད་འདུག དོན་འགྲུབ་ནོར་བུ་ཕྱིར་ལོག་སྟེ་ས་གནས་མང་ཚོགས་ཚོར། ཁོ་བྱ་བྲལ་རིན་པོ་ཆེ་ལ་ཐུག་སྐབས་རིན་པོ་ཆེ་མཆོག་གི་ཨོག་ཚོམ་རིང་པོ་བྲང་དཀྱིལ་དུ་བསླེབས་ཡོད་པ་དང་། སྐུ་གཟུགས་ཀྱང་ཧ་ཅང་སྐྱོ་བོ་ཆགས་ཡོད་སྐོར་བརྗོད་འདུག ང་རང་གིས་ཚོད་དཔག་བྱས་ན། སྔོན་ཆད་ཀྱི་གཟུགས་པོའི་གནས་སྟངས་དང་དགུང་ནའི་བབ་གང་ཐད་ནས། རིན་པོ་ཆེ་མཆོག་ད་དུང་སྐུ་གྲོངས་ཡོད་རྒྱུ་མ་རེད་བསམ་གྱི་འདུག ཅེས་སོགས་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོར་འདི་གའི་གསར་འགོད་པས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ལ། བྱ་བྲལ་རིན་པོ་ཆེ་གར་ཡོད་ཅི་བྱུང་མ་ཤེས་པར་ལོ་ ༡༩ ལྷག་འགྲོ་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རིན་པོ་ཆེ་མཆོག་གི་སྐོར་ལ་གནས་ཚུལ་མཁྱེན་རྟོགས་གང་འདྲ་ཡོད་མེད་སོགས་བཀའ་འདྲི་ཞུས་པར། ཁོང་གིས། ད་ལྟའི་བར་བྱ་བྲལ་རིན་པོ་ཆེ་བརླགས་ནས་ལོ་ ༡༩ ཕྱིན་པ་དང་། པཎ་ཆེན་རིན་པོ་ཆེ་ཡང་ ༡༩༩༥ ལོ་ནས་བརླགས་པ་རེད། དེ་བཞིན་གྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་། དཀར་མཛེས་ནས་ཡིན་པའི་སྤྲུལ་སྐུ་དགུང་ལོ་ཆེན་པོ་ཞིག་བཅས་རྒྱ་གཞུང་གི་འཛིན་བཟུང་འོག་ཡོད་པ་རེད། བྱ་བྲལ་རིན་པོ་ཆེ་མཆོག་གི་སྐོར་ནས་གནས་ཚུལ་གསར་པ་གང་ཡང་ང་ཚོས་གོ་ཐོས་བྱུང་ཡོད་པ་མ་རེད། ད་ང་ཚོར་ག་རེ་བྱ་རྒྱུ་ཡོད་པ་རེད་ཟེར་ན། ལོ་རེའི་གསུམ་བཅུའི་དུས་དྲན་དང་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་ལྟ་བུའི་གསལ་བསྒྲགས་ནང་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་བྱ་བྲལ་རིན་པོ་ཆེ། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སོགས་བཙོན་ཁང་ནང་ཡོད་པའི་ཆབ་སྲིད་བཙོན་པ་ཚང་མ་ཀློད་གྲོལ་དགོས་ཟེར་ནས་འབོད་སྐུལ་ཡང་ཡང་ཞུ་བཞིན་ཡོད་པ་རེད། དེ་ལས་ལྷག་གི་མངོན་གསལ་དོད་པོ་ཞེ་དྲག་བྱས་ན་ཕན་གནོད་ག་འདྲ་ཡོང་མིན་བཤད་ཐུབ་ཀྱི་མི་འདུག ཅེས་གསུངས་སོང་།

པཎ་ཆེན་ཨིར་ཏི་ཎི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་ལས་བྱེད་ཟུར་བ་བོད་ཀྱི་སྨན་རྩིས་མཐོ་སློབ་ཀྱི་དགེ་རྒན་བློ་བཟང་བཀྲ་ཤིས་ལགས་སུ། བཀྲ་ཤིས་ལྷུན་པོ་དགོན་པས་རྒྱ་ནག་གཞུང་ལ་ཡང་སྲིད་སྐོར་གྱི་སྙན་ཞུ་དོན་ཚན་གསུམ་ཕུལ་བ་དེར། རྒྱ་ནག་གིས་ལན་འདེབས་ག་འདྲ་བྱས་ཡོད་དྲིས་པར་ཁོང་གིས། སྤྱིར་བཏང་བཀྲ་ཤིས་ལྷུན་པོ་དགོན་གྱིས་ཕུལ་བའི་སྙན་ཞུ་དོན་ཚན་གསུམ་སྟེ་དབུས་གཞུང་གིས་འགྲོ་སོང་བཏང་སྟེ་གདུང་རྟེན་བཞེངས་དགོས་པ་དང་། སྐུ་གདུང་སྲུང་སྐྱོབ་ཞུ་ཕྱོགས། ཡང་སྲིད་ངོས་འཛིན་ཞུ་ཕྱོགས་བཅས་ཚང་མ་རྒྱ་ནག་དབུས་གཞུང་གིས་ཁས་ལེན་བྱས་ཡོད་པ་མ་ཟད། དོན་ཚན་དང་པོའི་ལས་འགན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་བཀྲ་ཤིས་ལྷུན་པོ་དགོན་པ་ཐུན་མོང་ལ་སྤྲད་པ་རེད། དོན་ཚན་གཉིས་པའི་ལས་འགན་བཀྲ་ཤིས་ལྷུན་པོ་དགོན་པར་སྤྲད་དེ་སྲོལ་རྒྱུན་ལྟར་སྐུ་གདུང་གཅེས་ཚགས་བྱེད་དགོས་ཞེས་བཤད་ཡོད། རྗེས་སུ་གསེར་གདུང་བཞེངས་མི་བཞེངས་སྐོར་ལ་རྩོད་གླེང་ཆེན་པོ་བྱུང་ཡོད་ཀྱང་ མཐའ་མར་གསེར་གདུང་བཞེངས་ཐུབ་ཡོད། དོན་ཚན་གསུམ་པ་དེར། རྒྱ་ནག་དབུས་གཞུང་གིས་སྐབས་དེར་ག་རེ་བཤད་ཡོད་ཟེར་ན། ཡང་སྲིད་ངོས་འཛིན་ཞུ་རྒྱུའི་འགན་བཀྲ་ཤིས་ལྷུན་པོ་དགོན་པས་འཁུར་དགོས་པ་དང་། དགོས་ངེས་སྐབས་དབུས་ནང་བསྟན་ཐུན་ཚོགས་དང་། བོད་ནང་བསྟན་ཡན་ལག་ཐུན་ཚོགས་གཉིས་ནས་གཞོགས་འདེགས་གནང་རོགས་ཞེས་ཞུས་ཏེ། ཡང་སྲིད་འཁྲུལ་བྲལ་ངོས་འཛིན་བྱེད་དགོས་པ་དང་། མཐའ་མའི་ཆོག་མཆན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུ་དགོས་ཞེས་བཤད་འདུག གནད་འགག་ཐུག་ས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་འབྲེལ་བའི་ཡིག་ཆ་ཞིག་ཏུ་ཡང་སྲིད་ རྒྱལ་ནང་དུ་ངོས་འཛིན་ཞུ་རྒྱུ་ཞེས་འཁོད་ཡོད་པ་རེད། དེར་གླེང་ཕྱོགས་ཧ་ཅང་ཆེན་པོ་བྱུང་བ་རེད། ག་རེ་ཡིན་ཞེ་ན། འདས་པའི་༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་ཚང་མ་བོད་དུ་འཁྲུངས་ཡོད་ཀྱང་། བླ་མའི་ཡང་སྲིད་ནི་ལས་དང་སྨོན་ལམ་དབང་གིས་ས་གནས་གང་དུ་ཡང་འཁྲུངས་སྲིད་པ་དང་། ལྷག་པར་སྔོན་དང་མི་འདྲ་བར་ང་ཚོ་བོད་པ་གཞིས་བྱེས་གཉིས་སུ་གནས་ཡོད་སྟབས། སྐབས་དེར་གནས་ཚུལ་དེ་ཁས་ལེན་ཐུབ་པ་ཧ་ཅང་དཀའ་པོ་བྱུང་བ་རེད། ད་ དུང་གལ་ཆེ་ཤོས་དེ་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་དང་མཐུན་པར་ ཡང་སྲིད་རིན་པོ་ཆེའི་མཐའ་མའི་ཐག་གཅོད་གནང་རྒྱུ་༸གོང་ས་མཆོག་ལ་སྐྱབས་འཇུག་ ཞུ་དགོས་ཞེས་ཚང་མས་རེ་ཞུ་བྱས་ཡོད་པ་རེད། ཅེས་དང་།

ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་དང་རྩོད་རྙོག་ཇི་ལྟར་བྱུང་བའི་སྐོར་ ལ་ཁོང་གིས།༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་མཐའ་མའི་ཐག་གཅོད་༸གོང་ ས་མཆོག་གིས་གནང་དགོས་པ་དེ་བཀྲ་ཤིས་ལྷུན་པོ་དགོན་པའི་དབུ་དམངས་ཡོངས་ཀྱི་རེ་ འདོད་གཅིག་པུ་མ་རེད། དད་ལྡན་བོད་མི་ཡོངས་རྫོགས་ཀྱི་རེ་བ་ཡང་རེད། སྐབས་ དེར་བོད་ས་སྟོད་སྨད་ཡོངས་ནས་ཡང་སྲིད་ཚོགས་ཆུང་ལ་ཡང་སྲིད་ངོས་འཛིན་ཞུ་རྒྱུ་ ༸གོང་ས་མཆོག་ལ་སྐྱབས་འཇུག་ཞུ་དགོས་པའི་སྐུལ་ལྕགས་རྒྱུན་མི་ཆད་པ་གནང་ཡོད་པ་ དང་། ཡང་སྲིད་ཚོགས་ཆུང་གིས་ཀྱང་མཐའ་གཅིག་ཏུ་ཡར་ཞུ་གནང་ཡོད་པ་རེད། ཞུ་སྟངས་གང་འདྲ་ཞུ་གི་ཡོད་རེད་ཟེར་ན། ཆོས་ཕྱོགས་ནས་བཤད་ན་རྒྱལ་མཆོག་ཡབ་སྲས་གཉིས་སྐུ་ཕྲེང་རིམ་བྱོན་བླ་སློབ་ཚུལ་དུ་ཕེབས་ཀྱི་ཡོད་པ་དང་། ལོ་རྒྱུས་ནང་དུ་ཡང་ཕན་ཚུན་ངོས་འཛིན་གནང་སྲོལ་ཡོད་པ་བཞིན༸གོང་ས་མཆོག་ལ་སྐྱབས་འཇུག་ཞུ་ཆོག་པའི་ཆོག་མཆན་གནང་རོགས་ཞེས་ཞུས་ཡོད་ཀྱང་། རྒྱ་གཞུང་གིས་ལོ་རྒྱུས་ཐོག་གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུ་བ་ལྟར་ངོས་འཛིན་དགོས་ཞེས་བཤད་དེ། དེ་འདྲའི་ངང་ལ་ས་གནས་སྲིད་གཞུང་གིས་ཐག་མ་ཆོད་པར་དུས་ཚོད་རིང་པོར་ལྷག་རྗེས། མཐའ་མར་བྱ་བྲལ་རིན་པོ་ཆེས་དབུས་གཞུང་ལ་ཐད་ཞུ་གནང་བ་ལས་ས་གནས་སྲིད་གཞུང་ལ་འབྲེལ་བ་གནང་གི་མེད་བའི་གནས་ཚུལ་ཐོན་ཡོད། རྒྱུ་མཚན་ག་རེ་ཡིན་ཞེ་ན། ༡༩༩༣ ལོའི་ལོ་གསར་ལ་སྲིད་འཛིན་ཅང་ཙེ་མིན་དང་། བོད་རང་སྐྱོང་ལྗོངས་ཀྲུའུ་ཞི་རྒྱལ་མཚན་ནོར་བུས་ཐད་ཀར་བྱ་བྲལ་རིན་པོ་ཆེར་ལོ་གསར་གྱི་འཚམས་འདྲིའི་ཁ་པར་བཏང་ཡོད་པ་མ་ཟད། རྒྱལ་མཚན་ནོར་བུས་ལོ་འདིའི་ནང་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གསེར་བུམ་དཀྲུགས་ནས་ངོས་འཛིན་ཐུབ་པ་དགོས་ཞེས་བཤད་འདུག ཁོང་གཉིས་དེ་སྔོན་ནས་དེའི་ཐོག་མ་མཐུན་པ་བྱུང་འདུག གང་ལྟར་བྱ་བྲལ་རིན་པོ་ཆེས་ལན་འདེབས་ག་རེ་གནང་ཡོད་རེད་ཟེར་ན། ༸པཎ་ཆེན་རིན་པོ་ཆེ་ངོས་འཛིན་ཐུབ་མཁན་༸རྒྱལ་བ་རིན་པོ་ཆེ་མ་གཏོགས་མེད། དེའི་ཐོག་ངས་དབུས་གཞུང་ལ་ཐད་ཞུ་བྱེད་བཞིན་པ་ཡིན། ཁྱོད་རང་གིས་ཇུས་གཏོགས་བྱེད་དགོས་དོན་མེད་ཅེས་ལན་འདེབས་གནང་འདུག གནས་ཚུལ་དེ་བྱ་བྲལ་རིན་པོ་ཆེ་འཛིན་བཟུང་རྗེས་རིན་པོ་ཆེར་དགག་རྒྱག་གི་དེབ་ཅིག་བཏོན་ཡོད་པ་དེར་བཀོད་ནས་ནག་ཉེས་ཆེན་པོར་བརྩིས་འདུག ཅེས་བརྗོད་བྱུང་།

རྒྱ་གཞུང་གིས་སྐབས་དེར་བཀྲ་ཤིས་ལྷུན་པོས་གཙོས་བོད་ས་ཡོངས་སུ་ཆབ་སྲིད་ཀྱི་ཐབས་ཇུས་ཇི་ལྟར་སྤེལ་ཡོད་པའི་སྐོར་ལ་ཁོང་གིས། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཡབ་ཡུམ་དང་བཅས་པ་དང་། བྱ་བྲལ་རིན་པོ་ཆེ་འཛིན་བཟུང་བྱས་རྗེས། བྱ་བྲལ་རིན་པོ་ཆེའི་དྲུང་ཡིག་བྱང་པ་ཅུང་ལགས་དང་། གངས་རྒྱན་དར་སྤེལ་སྤྱི་སྡོམ་ལས་གཉེར་ཁང་གི་ལག་བསྟར་སྤྱི་ཁྱབ་པ་ཕུན་ཚོགས། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཞབས་ཕྱི་བ་སྦྱར་པ་སྐལ་བཟང་། གངས་རྒྱན་དར་སྤེལ་སྤྱི་སྡོམ་ལས་གཉེར་ཁང་གི་འགན་འཛིན་གཞོན་པའི་གྲས་ལྷ་རྩེ་བ་བསམ་གྲུབ་སོགས་གནད་ཡོད་མི་སྣ་དང་དགེ་འདུན་ ༢༧ སྔ་རྗེས་སུ་འཛིན་བཟུང་བྱས་ཡོད་པ་མ་ཟད། བཀྲ་ཤིས་ལྷུན་པོ་དགོན་པར་ལས་དོན་རུ་ཁག་ཆེད་འཛུགས་བྱས་ཏེ། སྐབས་དེའི་བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་རག་སྡིས་དང་རྒྱལ་མཚན་ནོར་བུ་བཅས་དགོན་པར་ཡོང་སྟེ། ཟླ་བ་ ༢ ལྷག་ཙམ་རིང་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་རྣམས་འཚོགས་མ་བཅུག་པར་འཇམ་རྩུབ་ཅི་རིགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བ་དང་། དགོན་པའི་མགོ་ཁྲིད་རྙིང་པ་རྣམས་གནས་དབྱུང་བཏང་སྟེ་གསར་པ་བསྐོས་པ་མ་ཟད། ཡང་སྲིད་ཚོགས་ཆུང་བཅོས་སྒྲིག་ཆེད་རྒྱ་ནག་དབུས་གཞུང་གིས་པེ་ཅིང་དུ་ཛ་དྲག་གིས་བོད་ཆོལ་ཁ་གསུམ་གྱི་བླ་སྤྲུལ་ཚོགས་འདུ་བསྐོངས་ཏེ། སྲིད་འཛིན་ཅང་ཙེ་མིན་གྱིས་བླ་སྤྲུལ་རྣམས་ལ་ཁྱོད་ཚོས་རྒྱལ་ཁབ་དང་མི་མང་གི་གཟིགས་ མཐོང་ཆུད་ཟོས་དང་དྲིན་ལན་ལོག་འཇལ་བྱེད་མཁན་མི་ངན་བྱ་བྲལ་གྱི་རྗེས་སུ་འབྲང་ རྒྱུ་མེད། ཅེས་གཏམ་བཤད་བྱས་ཡོད་ཀྱང་། སྐབས་དེར་རྒྱ་གཞུང་ལས་བྱེད་བོད་རིགས་མང་པོས་བྱ་བྲལ་རིན་པོ་ཆེར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

བྱ་བྲལ་རིན་པོ་ཆེ་འཛིན་བཟུང་བྱས་ཏེ་ལོ་ངོ་ ༡༩ ལྷག་ཕྱིན་པའི་རིང་བརྒྱུད་ལམ་ཁག་ཏུ་ཁོང་གི་སྐོར་ལ་གནས་ཚུལ་ག་རེ་ཐོན་ཡོད་དྲིས་པར། ༡༩༩༧ ཟླ་ ༤ ཚེས་ ༢༢ ཉིན་གཞིས་རྩེ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་གསང་བའི་ཐོག་ནས་རིན་པོ་ ཆེར་བཙོན་འཇུག་ཁྲིམས་ཐག་ལོ་ ༦ ཡོད་པ་དང་། བར་ སྐབས་ཤིག་ལ་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྱི་གྲུང་ཆིང་བཙོན་ཁང་ཨང་གསུམ་པ་ ཟེར་བ་དེའི་ནང་ཟས་བཅད་ངོ་རྒོལ་གནང་གི་ཡོད་པའི་གནས་ཚུལ་ཞིག་ཐོན་ཡོད་པ་དང་། ༢༠༠༤ ལོར་བོད་ལྗོངས་དམག་ཁུལ་ཁང་གི་བཙོན་ཁང་ནང་ཡོད་ལུགས་དང་། ༢༠༠༧ ལོར་པེ་ཅིན་ཉེ་འགྲམ་གྱི་བཙོན་ཁང་ཞིག་ཏུ་ཡོད་པ། ༢༠༡༡ ལོར་སྐུ་འདས་ཟིན་པའི་གནས་ཚུལ་ཞིག་བཅས་ཐོན་ཡོད་པ་རེད། ཡིན་ནའང་དེ་དག་ལ་བདེན་པའི་ཆ་ག་ཚོད་ཡོད་མིན་ཞུ་ཐུབ་མ་སོང་ཟེར།

མ་འོངས་པར་བྱ་བྲལ་རིན་པོ་ཆེ་འཚོལ་ཞིབ་ཐད་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ངོས་ནས་ནུས་པ་ཇི་ལྟར་འདོན་དགོས་ཀྱི་ཡོད་དྲིས་པར། སྤྱིར་བཏང་བྱ་བྲལ་རིན་པོ་ཆེའི་གནས་ཚུལ་དེ་ཆོས་དད་རང་མོས་ཡོད་མེད་ཀྱི་གནས་ཚུལ་ཞིག་ཡིན་པ་དང་། ལྷག་པར་དུ་བཙོན་ཆད་ཀྱི་ཉེས་པ་ཚང་ཡོད་དུས་ཤོད་ས་གཅིག་དང་། ཞུ་ས་གཅིག་ཡོད་རེད་དྲན་གྱི་འདུག རིན་པོ་ཆེ་འཛིན་བཟུང་བྱས་ནས་ད་བར་ལོ་ངོ་ཉི་ཤུ་འགྲོ་ལ་ཉེ་བ་དང་། བཙོན་ཆད་ཚང་ནས་ལོ་ངོ་བཅུ་གཉིས་འགྲོ་ལ་ཉེ་བ་རེད། འདི་ལྟར་གར་ཡོད་ཁ་ཕྱོགས་ཙམ་ཡང་གསལ་ཁ་མེད་པ་ནི་བོད་ཀྱི་གྲགས་ཅན་བཙོན་པ་གཞན་དང་གནས་སྟངས་མི་འདྲ་བ་རེད། རྒྱ་ནག་གི་གདུག་རྩུབ་གཅིག་པུ་རེད་དམ་ང་ཚོའི་ངོས་ནས་ལས་འགུལ་གྱི་ནུས་པས་མ་འདང་བ་རེད། གནས་ཚུལ་འདི་ལ་ང་ཚོས་ཞིབ་འཇུག་ཅིག་བྱེད་དགོས་ཀྱི་འདུག ཅེས་བརྗོད་སོང་།

བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༤༧ ཙམ་ལ་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ། གནམ་གླིང་རྫོང་མང་ར་ཤང་རྒྱ་ཆུང་ཚང་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་སྐུ་འཁྲུངས་ཤིང་། ཡབ་ཀྱི་མཚན་ལ་རྟ་མགྲིན་ཚེ་དབང་དང་ཡུམ་གྱི་མཚན་ལ་རྡོ་རྗེ་ལྷ་མོ་ཞུ་བ་དང་། ཁོང་ལ་གཅུང་པོ་ཞིག་དང་སྲིང་མོ་གསུམ་ཡོད་འདུག རིན་པོ་ཆེ་ཆུང་དུས་ནས་བྱ་བྲལ་རིན་པོ་ཆེ་སྐུ་ཕྲེང་གཉིས་པའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་འདུག ཕྱིས་སུ་པཎ་ཆེན་པོ་ཆེ་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་བཀའ་ལྟར། བཀྲ་ཤིས་ལྷུན་པོ་དགོན་དུ་ཞུགས་ཏེ་སློབ་གཉེར་གནང་ཡོད་པ་མ་ཟད། པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་གདན་ས་བཀྲ་ཤིས་ལྷུན་པོ་དགོན་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་འགན་འཛིན་དང་། གངས་ཅན་དར་འཕེལ་སྤྱི་སྡོམ་ཐོན་གཉེར་ཁང་གི་སྤྱི་གཉེར་བའི་ཐུགས་འགན་བཅས་གཅིག་ལྕོགས་བཞེས་ཡོད་འདུག

གོང་འཁོད་པར་དག་གི་འགྲེལ།

༡ ༽  བྱ་བྲལ་སྐུ་ཕྲེང་གསུམ་པ་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག

༢ ༽ འདི་གས་བཅར་འདྲི་ཞུ་ཡུལ་བྱ་བྲལ་རིན་པོ་ཆེའི་སློབ་མ་བློ་བཟང་བསྟན་འཕེལ།

༣ ༽ ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བའི་གདུང་མདུན་དུ་བྱ་བྲལ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་ཞབས་པ་ཁག་ཅིག

༤ ༽ ཡང་སྲིད་འཚོལ་ཞིབ་སྐབས་བྱ་བྲལ་རིན་པོ་ཆེ་མཆོག་དང་སྔགས་ཆེན་རིན་པོ་ཆེ་རྣམ་གཉིས་ལྷ་མོའི་བླ་མཚོར་མཚོ་གཟིགས་སུ་ཕེབས་སྐབས།

༥ ༽ སྡིངས་མ་དགོན་པའི་མདུན་དུ་བྱ་བྲལ་རིན་པོ་ཆེ་མཆོག་དང་ཁོང་གི་སློབ་མ་འདི་གས་བཅར་འདྲི་ཞུ་ཡུལ་གྲྭ་བློ་བཟང་དོན་འགྲུབ་སོགས།

༦ ༽ འདི་གས་བཅར་འདྲི་ཞུ་ཡུལ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག

༧ ༽ འདི་གས་བཅར་འདྲི་ཞུ་ཡུལ་བོད་ཀྱི་སྨན་རྩིས་མཐོ་སློབ་ཀྱི་དགེ་རྒན་བློ་བཟང་བཀྲ་ཤིས་ལགས།

༨ ༽ བྱ་བྲལ་རིན་པོ་ཆེ་མཆོག་དང་འདི་གས་བཅར་འདྲི་ཞུ་ཡུལ་བློ་བཟང་བསྟན་འཕེལ་སོགས་ཁོང་གི་སློབ་མ་སྐོར་ཞིག

༩ ༽ བྱ་བྲལ་རིན་པོ་ཆེ་ཕེབས་བཞུགས་གནང་ཡུལ་གཙང་དབེན་ས་དགོན་པ།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

སྐར་མ ༥༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

མཆན། 10

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    བྱ་བྲལ་བླ་མའི་བཀའ་དྲིན་དེ། །
    ཆོལ་ཁ་གསུམ་གྱིས་འཇལ་བར་དཀའ། །
    བྱ་བྲལ་རིན་པོ་ཆེ་ཡི་སྐུ། །
    འཚོ་བཞུགས་ཡོད་དང་མེད་དམ་ཅི། །

    Reply
  2. གཅན་འོད་འབར། says:
    ལོ་ 11 སྔོན།

    གསར་འགྱུར་འདི་ངོ་མས་ཡག་པོ་ཞིག་བྲིས་འདུག་པས་གསར་འགོད་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ང་ལ་མཚོན་ནའང་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག་གི་ད་ལྟའི་གནས་སྟངས་ཐད་གཞུང་སྒེར་གང་ལའང་གསལ་ཁ་ཅི་ཡང་མེད་པ་འདི་ནི་རང་གཞན་ཚང་མའི་འཐུས་ཤོར་ཞིག་རེད་འདོད།

    Reply
  3. མཁར་སྟོད། says:
    ལོ་ 11 སྔོན།

    ཆོས་རིག་བཀའ་བློན་གྱིས་ དཀར་མཛེས་ནས་ཡིན་པའི་སྤྲུལ་སྐུ་དགུང་ལོ་ཆེན་པོ་ཞིག་རྒྱ་གཞུང་གི་འཛིན་བཟུང་འོག་ཡོད་པ་རེད། བྱ་བྲལ་རིན་པོ་ཆེ་མཆོག་གི་སྐོར་ནས་གནས་ཚུལ་གསར་པ་གང་ཡང་གོ་ཐོས་མེད་ཅེས་པའི་ཚིག་དུམ་འདི་ནས་ཆོས་རིག་བཀའ་་བློན་གྱིས་ཆོས་རིག་ལས་ཁུངས་ཀྱི་རྐུབ་སྟེགས་མཐོ་ཤོས་དེ་བཟུང་ནས་བོད་ནང་གི་གནས་ཚུལ་སྐོར་ལ་རྟོགས་ཞིབ་བྱེད་ཀྱི་ཡོད་མིན་ཆ་མི་འཚལ། ད་དུང་འབོད་སྐུལ་ཞུ་བ་ཙམ་ལས་ལས་འགུལ་གཞན་པ་སྤེལ་ཚེ་ཕན་གནོད་ཤེས་ཀྱི་མ་རེད་ཅེས་མི་དམངས་ཀྱི་སེམས་ཤུགས་མེ་འབར་བར་ཆུ་གྲང་མོ་ཤོས་སོང་།

    Reply
  4. lobsangnamgyal says:
    ལོ་ 11 སྔོན།

    ང་རང་གིས་བྱ་བྲལ་རིན་པོ་ཆེ་མཆོག་གི་ལོ་རྒྱུས་དང་གནས་ཚུལ་འདི་འདྲ་ཞིག་ཁྱོན་ནས་གོ་མྱོང་མེད། ངེས་པ་དོན་གྱི་བསམ་ཡུལ་་ལས་འདས་པ་ཞིག་རེད།
    རྡོག་རྡོག་བཤད་ན་རྒྱ་དམར་ཁོ་རང་ཚོས་བསྐོ་བཞག་གནང་བའི་བྱ་བྲལ་རིན་པོ་ཆེ་མཆོག་གིས་ཡང་སྲིད་འཁྲུལ་མེད་ངོས་འཛིན་གནང་སྟེ་རྒྱ་ནག་དབུས་གཞུང་ལ་སྙན་གསེང་ཞུས་ཟིན་ཏེ་ལས་ཀ་ཡོངས་རྫོགས་གྲུབ་ཚར་ན་ཡང་། བོད་ཕྱི་ལོགས་ནས་ཀྱང་གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་ཀྱང་བྱ་བྲལ་རིན་པོ་ཆེ་ཚང་གིས་ངོས་འཛིན་གནང་བའི་ཡང་སྲིད་རིན་པོ་ཆེ་དང་གཅིག་མཐུན་བྱུང་སྟེ་གསལ་བསྒྲགས་བསྐྱངས་པའི་རྗེས་ལ། རྒྱ་ནག་གཞུང་གིས་བསྐྱར་དུ་དེ་ངོས་ལེན་མེད་ལབ་ནས་རྗེས་སུ་རྒྱལ་མཚན་ནོར་བུ་ཟེར་བ་ཞིག་འཁྲི་འདོན་བྱས་པ་ཞིག་ཆགས་འདུག

    Reply
  5. ལྷག་དཀར། says:
    ལོ་ 11 སྔོན།

    བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་འདི་དག་ལ་རིན་འབབ་ཅིག་སྤྲོད་དགོས་ན། རྡ་རམ་ས་ལའི་བོད་གཞུང་ཤེས་རིག་ལས་ཁུངས་དང་དྲིལ་བསྒྲགས་ལས་ཁུངས་སོགས་ནས་དཔར་སྐྲུན་བྱས་པའི་ག་གེ་མོའི་ཉམས་ཞིབ་དཔེ་དེབ་རེ་དང་བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་རེ་གོང་སྒྲིག་ཀྱང་། ད་དུང་དུས་བབ་ཚང་གི་གསར་འགྱུར་གཅིག་གི་རིན་ཐང་ཆེ་བ་ཆགས་འདུག་ལབ་ཀྱང་ཁ་ཕོ་ཆེ་མེད་པས་དུས་བབ་འགོ་ལས་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  6. སྒྲོལ་མ་ལྷ་མོ། says:
    ལོ་ 11 སྔོན།

    སྒོང་གི་པར་གསུམ་པ་པན་ཆེན་རིན་པོ་ཆེ་མཆོག་དགོངས་པ་གཤེགས་པའི་དམར་གདུང་དེ་མཐོང་ན་ཤ་དང་རུས་པའི་གསེང་ནས་ཚ་ཤར་ཞིག་རྒྱག་གི་འདུག གོས་ཆེན་སེར་པོ་བསྣམས་པའི་སྐྱེས་ཆེན་ཞིག བོད་ཡུལ་སྟོད་སྨད་བར་གསུམ་ལ་ཁོང་ཁྲོས་གོམ་སྟབས་བསྒྱུར་ཏེ། བོད་པའི་སྐད་དང་། བོད་པའི་ཡི་གེ བོད་པའི་ལ་བ་དང་། བོད་པའི་ཟ་མ་སོགས་ལ་བདག་པོ་རྒྱོབས་ཨཱ། ཞེས་བཀའ་བཀོལ་དང་ཞལ་ཆེམས་བཞག ཨ་ཨ་་་་་་་་སྐྱེས་ཆེན་དམ་པ། བོད་གངས་ཅན་ཟླ་བ་དཀར་པོ།

    Reply
  7. thapkegyatso says:
    ལོ་ 11 སྔོན།

    བོད་ཀྱི་དུས་བབ་ཚང་གིས་གསར་འགྱུར་དོན་སྙིང་ལྡན་པ་མང་བོ་སྤེལ་བར་ལེགས་སོའི་བསྔགས་བརྗོད་ཡོད། ལྷག་པར་དུ་གསར་འགོད་པ་ཁྱེད་ལ་བཀའ་དྲིན་ཞུ།

    Reply
  8. ཁྱུང་རང་སྒྲ། says:
    ལོ་ 11 སྔོན།

    འཚོལ་ཞིབ་རང་བཞིན་གྱི་གསར་འགྱུར་འདི་ཧ་ཅང་ཡག་པོ་བྱོང་འདུག ངས་ཆོས་རིག་བཀའ་བློན་གྱི་སྐད་ཆ་ལ་ཞིབ་འཇུག་ཅིག་མི་བྱེད་རང་བྱེད་ཆགས་སོང་བས་མགྱོགས་པོར་འདི་ནས་ཐུག་ཡོང་།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞུགས་ཨེ་ཡིན།
    འདི་ལས།
    བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞུགས་ཨ་ཡོད།
    དག་ག་འདུག

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་ རྒྱ་ནག་གི་གདུག་རྩུབ་གཅིག་པུ་རེད་དམ་ང་ཚོའི་ངོས་ནས་ལས་འགུལ་གྱི་ནུས་པས་མ་འདང་བ་རེད། གནས་ཚུལ་འདི་ལ་ང་ཚོས་ཞིབ་འཇུག་ཅིག་བྱེད་དགོས་ཀྱི་འདུག ་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese