འབྱུང་འགྱུར་ཕྱི་ཟླ་གཉིས་པའི་ཚེས་ ༥ ཉིན་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཨ་རིའི་རྒྱལ་སའི་ཡེ་ཤུའི་གསོལ་སྟོན་ཞིག་ཏུ་མཉམ་ཞུགས་གནང་འཆར་ཡོད་འདུག
དེ་རིང་རྒྱལ་སྤྱི་གསར་ལམ་ཁག་ཅིག་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༢ པའི་ཚེས་ ༥ ཉིན། ཨ་རིའི་རྒྱལ་ས་ཝ་ཤཱིན་ཊོན་དུ་རྒྱལ་ཡོངས་ཡེ་ཤུ་སྨོན་ལམ་གསོལ་ཚིགས་མཛད་སྒོ་ཞིག་ཚོགས་འཆར་ཡོད་པའི་སྟེང་། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་མཉམ་བཞུགས་གནང་རྒྱུ་ཡིན་ལ། དེ་བཞིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡང་གདན་ཞུ་གནང་ཡོད་འདུག
གསོལ་ཚིགས་གཙོ་སྐྱོང་གནང་རོགས་ཨ་རིའི་ཕིན་སེལ་ཝན་ནའེ་ (Pennsylvania)མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་མི་བྷོབ་ཁ་སེ་ (Bob Casey)ཡིས། ད་རེབ་ཀྱི་སྨོན་ལམ་གསོལ་སྟོན་སྟེང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཚོགས་བཞུགས་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཀྱང་། ད་ལྟ་ཕོ་བྲང་དཀར་པོའི་ཕྱོགས་ནས་ཨོ་བྷ་མ་ཕེབས་ཐུབ་མིན་གསལ་པོ་ཤེས་ཐུབ་ཀྱི་མི་འདུག གལ་སྲིད་སྲིད་འཛིན་ཨོ་བྷ་མ་ཚོགས་བཞུགས་བྱ་ཐུབ་པ་ཡིན་ན། སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་མང་ཚོགས་ཀྱི་མདུན་དུ་མཇལ་འཕྲད་ཐོག་མ་དེ་ཆགས་རྒྱུ་རེད། ཅེས་སོགས་བརྗོད་འདུག
སྔོན་ཆད་རྒྱ་ནག་གཞུང་ཕྱོགས་ནས་ཨོ་བྷ་མ་ལ་གནོན་ཤུགས་སྤྲད་ཀྱང་ཁོས་སྒེར་ནས་༧གོང་ས་མཆོག་ལ་མཇལ་འཕྲད་ཐེངས་གསུམ་བྱས་ཡོད་པ་དང་། ༢༠༡༤ ལོར་ཨོ་བྷ་མ་དང་༧གོང་ས་མཆོག་གཉིས་སྒེར་གྱིས་མཇལ་འཕྲད་ཐེངས་གསུམ་པ་བྱས་སྐབས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲོང་ཡེ་སའུ་(Zhang Yesui)ཡིས་རྒྱ་ནག་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་ལ་ “བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པ་དང་། ཨ་རིའི་གཞུང་གིས་དེ་ལ་བྱུས་གཏོགས་བྱེད་པའི་དབང་ཆ་མེད” ཅེས་དང་ཞིན་ཧཱ་གསར་འགྱུར་གྱིས་གནས་ཚུལ་སྤེལ་པའི་ནང་། “ཨོ་བྷ་མས་༧་གོང་ས་མཆོག་དང་ཐུག་འཕྲད་བྱས་པ་འདིས་ཨ་རི་དང་རྒྱ་ནག་གཞུང་བར་གྱི་འབྲེལ་པ་ལ་གནོད་སྐྱོན་བྱུང་པ་དང་གཞུང་ཕྱོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཐེབ་པ་ཡིན་”ཞེས་བརྗོད་ཡོད་འདུག
རྒྱལ་ཡོངས་གསོལ་ཚིགས་མཛད་སྒོ་དེ་ནི་ལོ་ལྟར་ཝ་ཤིང་ཊོན་ཧེ་ཁྲོན་ (Washington Hilton)ནས་འཚོགས་བཞིན་ཡོད་པའི་ཡེ་ཤུའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་ཡིན་ཞིང་། དེར་ཆོས་ལུགས་ཁག་གི་དབུ་ཁྲིད་མང་པོ་ཞིག་ཕེབས་ཀྱི་ཡོད་པ་དང་། གྲོས་ཚོགས་གོང་མའི་བྷོབ་ཁ་སེ་དང་རའོ་རྗའུ་ཝེ་ཁའི་ (Roger Wicker)གཉིས་ཀྱི་ལས་རོགས་འོག དྷོ་ལ་སུ་ཁོ་ (Douglas Coe)ཡིས་གཙོ་སྐྱོང་གནང་རྒྱུ་ཡིན་འདུག
གསོལ་ཚིགས་དེ་ཡེ་ཤུའི་མཐུན་ལམ་ཚོགས་པ་ (conservative evangelical group)ཟེར་བ་ཞིག་གིས་སྤྱིན་བདག་བྱས་ཡོད་འདུག སྤྱིར་གསོལ་ཚིགས་དེར་ཡེ་ཤུའི་ཆོས་པ་གལ་ཆེན་ཚོས་གསུང་བཤད་གནང་བཞིན་ཡོད་ཀྱང་། ལོ་སྔོན་མར་ཧིན་རྡུ་ཆོས་ལུགས་ཡིན་པའི་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ཚན་པའི་འགན་འཛིན་ར་ཇེ་ཝུ་ཞཱ་ (Rajiv Shah)ཡིས་གསུང་བཤད་གནང་ཡོད་འདུག ད་ལོ་གལ་སྲིད་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཁོའི་སྐྱེས་དམན་མེ་ཤཱལ་ཨོ་བྷ་མ་རྣམ་གཉིས་མཉམ་ཞུགས་ཐུབ་ཚེ། གསོལ་ཚིགས་ཀྱི་སྔོན་འགྲོའི་གལ་ཆེའི་གསུང་བཤད་དེ་ཨ་རིའི་སྲིད་འཛིན་གྱིས་གནང་རྒྱུ་ཡིན་འདུག
དེ་ནི་རྒྱ་ནག་གིས་༧གོང་ས་མཆོག་ཡུལ་གྲུར་གང་ཞིག་ཏུ་ཕེབས་ན་འང་ཡུལ་གྲུ་དེས་དམངས་སེམས་དང་སྲིད་འཛིན་སྲིན་བློན་ཁག་གི་སྒེར་གྱི་སྐུ་དབང་
ལ་ཚོད་འཛིན་བྱེད་བཞིན་པ་ནི་རྒྱ་གཞུང་གིས་འཇིག་སྐུལ་བྱེད་སྟངས་ཞིག་ལས་རྒྱལ་ཁབ་ཕན་ཚུན་བར་
ཁེ་ཕན་ལ་གནོད་སྐྱོན་ཅན་ཞིག་མ་རེད་