མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་འཛུགས་སྐྲུན་ལས་གཞི་དེ་དག་ཐོག་སེམས་འཚབ་ཆེན་པོ་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་དུ་བོད་གཞུང་དམངས་གཉིས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་སྲུང་གཙི་གནང་བའི་ཐོག་སྲིད་སྐྱོང་མཆོག་གིས། བོད་ནང་གི་གནད་དོན་རྣམས་ལ་གདོང་ལེན་བྱ་རྒྱུར་དཀའ་ཚེགས་ཡོད་ཀྱང་། ང་ཚོས་མུ་མཐུད་མཉམ་རུབ་ཐོག་ཆོད་སེམས་བརྟན་པོས་འབད་བརྩོན་བྱས་ན་དཀའ་ངལ་མཐའ་དག་གདོང་ལེན་བྱེད་ཐུབ་པའི་ཡིད་ཆེས་ཡོད་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཐོག དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་གཞུང་འབྲེལ་སྲུང་གཙི་གནང་ཡོད་པ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྲིད་སྐྱོང་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གྱིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། དམིགས་བསལ་སྐུ་མགྲོན་འཇར་མན་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྕམ་ཁ་ལོ་ཌི་ཡ་(Claudia Roth)མཆོག་དང་། འཇར་མན་ཌ་ཅེ་ལན་ཌི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུ་ལས་བྱེད། དྷ་ས་ཉེ་ཁུལ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་། སློབ་གྲྭ་ཁག་གི་སློབ་ཕྲུག་དང་དགོན་སྡེ་ཁག་གི་གྲྭ་བཙུན། དྷ་སའི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༢༠༠༠ ཡས་མས་འདུ་འཛོམས་གནང་སོང་།

མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་བའི་ནང་། འདས་པའི་ལོ་ཤས་ནས་བཟུང་རྒྱ་གཞུང་གི་མགོ་ཁྲིད་གསར་པ་ཚོས་དབང་བསྒྱུར་བྱས་རིང་རྒྱལ་ཁབ་སྐྱོང་བར་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་བོད་ཁུལ་བརྟན་ལྷིང་དགོས་སྐོར་སོགས་ལ་བསྙད་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་གཙོས་བོད་མི་གནས་ཡུལ་ས་ཕྱོགས་གང་སར་བཅའ་སྡོད་ལས་དོན་རུ་ཁག་ཁྲི་ཚོ་མང་པོ་དང་། དགོན་སྡེ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་སོགས་གཏན་སྡོད་བྱས་ནས་བོད་མི་རྣམས་ལ་ཉིན་མཚན་དུས་དྲུག་ཏུ་སོ་ལྟ་བྱས་ཏེ་རྒྱུན་ལྡན་ཆོས་ལུགས་ཀྱི་བཤད་སྒྲུབ་ཉམས་བཞེས་ལ་སུན་གཙེར་དང་། ཆབ་སྲིད། སྨྲ་བརྗོད་རང་དབང་། ཉིན་རེའི་འཚོ་བའི་སྤྱོད་སྒོ་ཁག འགྲུལ་བསྐྱོད་ཀྱི་རང་དབང་སོགས་ལའང་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་པ་དང་། ད་དུང་རུལ་སུངས་ལ་རྟོག་ཞིབ་ཅེས་པ་དང་འབྲེལ་ནས་བོད་མི་མང་པོར་ཏཱ་ལའི་ཁ་བྲལ་རིང་ལུགས་པ་ཟེར་བ་སོགས་ཉེས་འགེལ་སྣ་ཚོགས་བྱས་ཏེ་བོད་ཀྱི་བདེན་དོན་དང་འབྲེལ་བའི་ལས་དོན་ཏིལ་འབྲུ་ཙམ་ཡང་བྱ་དབང་མེད་པར། ༢༠༡༤ ལོའི་ནང་དུ་ཡང་མུ་མཐུད་ཛ་དྲག་ངང་གནས་མུས་སུ་ཡོད་ཐོག་བོད་མིས་རང་ལུས་མེར་བསྲེགས་སོགས་ཀྱི་ངོ་རྒོལ་གནང་དགོས་ཆགས་ཡོད་ལ། གཏེར་ཁ་སྔོག་འདོན་དང་ཁོར་ཡུག་གཏོར་སྐྱོན་མཚམས་ཆད་མེད་ཅིང་། མ་མཐའ་བདུན་ཕྲག་རེ་རེ་ལའང་བོད་མི་འཛིན་བཟུང་དང་བཙོན་འཇུག་མཚམས་ཆད་མེད་པ། བོད་ཀྱི་དངོས་བྱུང་ལོ་རྒྱུས་རྫུན་བཟོ་བྱས་པའི་བརྙན་འཕྲིན་བརྒྱུད་སྟོན། དམིགས་བསལ་དྲག་དམག་གི་མེ་མདའི་འོག་བོད་མི་ཁག་ཅིག་དམར་བསད་བཏང་བ་བཅས་མེས་རྒྱལ་ཁྱིམ་ཚང་ཆེན་མོ་ཞེས་གྲགས་པ་དེའི་ནང་མི་རིགས་དབྱེ་འབྱེད་སོགས་ཀྱི་བྱེད་ཕྱོགས་ཆ་མ་སྙོམས་པ་དེས་བོད་ཁུལ་བརྟན་ལྷིང་ཡོང་ཐབས་མེད་པ་ལྟ་བུ་ཆགས་ཡོད། ༢༠༡༤ ལོའི་རྒྱལ་སྤྱིའི་འགྲོ་བ་མི་ཡི་རྟོག་ཞིབ་ཚོགས་པ་ཁག་མང་པོའི་སྙན་ཐོའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་ཡོད་གནས་གསལ་ཡོད་པས་རྒྱ་ནག་གི་དཔོན་རིགས་ཚོས་དངོས་ཐོག་བདེན་འཚོལ་དང་། ཁ་བཤད་དོན་གནས་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་དུས་ལ་བབ་པ་ནན་སྐུལ་བྱེད་ཀྱི་ཡོད། ཅེས་འཁོད་འདུག

གསུང་བཤད་ནང་མུ་མཐུད་དུ་འཁོད་དོན། རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་ལས་འགུལ་རིགས་མཚམས་མ་ཆད་པ་སྤེལ་དགོས་པ་གལ་ཆེ་དོན་ཆེན་ལ་སོང་། འདས་པའི་ཕྱི་ལོ་ ༢༠༡༤ ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་ཁག་ཆ་བགོས་ཀྱིས་ཤར་ནུབ་རྒྱལ་ཁབ་མང་པོར་ཆེད་བསྐྱོད་ཀྱིས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་ལ་ཐུག་འཕྲད་ཀྱིས་བོད་ནང་གི་རང་ལུས་མེར་བསྲེགས་གཙོས་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད། མ་འོངས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་སོགས་ཀྱི་ཞུ་གཏུག་རིམ་བྱས་ལ་དོན་འབྲས་གང་ལེགས་སོན་ཐུབ་པ་བྱུང་ཡོད་པ་དང་། ལྷག་དོན་རྒྱ་གར་གྱི་སྐབས་ ༡༦ པའི་གྲོས་ཚོགས་འོག་མའི་འཐུས་མིའི་གསར་ཕེབས་དང་འབྲེལ་གྲོས་ཚོགས་གོང་འོག་གི་འཐུས་མི་ ༡༠༠ ལྷག་ལ་ཐུག་འཕྲད་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཞུས་ཏེ་ལས་དོན་མགོ་འཛུགས་ཞུས་ཟིན་ཡོད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་ཐབས་དང་། བོད་དོན་གྱི་དཀའ་རྙོག་སེལ་ཐབས་ཆེད་ང་ཚོའི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་གྲོས་མོལ་ཡོང་ཐབས་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་ཀྱང་གཡས་ཁག་གཡོན་དཀྲི་མེད་པར་དུས་ཚོད་ལ་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་མྱུར་དུ་མཐུད་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

དེ་རྗེས་བོད་དོན་རྒྱབ་སྐྱོར་བ་ལྕམ་ཁ་ལོ་ཌི་ཡ་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། རྒྱ་ནག་གི་མགོ་ཁྲིད་ཚོས་བོད་མིའི་རང་དབང་གི་གཏམ་བཤད་ཐོས་རྒྱུ་མ་བྱུང་ན་བསམ་གྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་བོད་མིའི་རང་དབང་ཁྱབ་སྤེལ་གཏོང་མཁན་གྱི་སྐུ་ཚབ་དག་གིས་རྒྱ་ནག་དང་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱེད་ཀྱི་རེད་བསམ་སྟེ་ནག་ཉེས་འཛུགས་ཀྱི་ཡོད། ང་ཚོས་རྒྱ་ནག་ནི་རྒྱལ་སྤྱིའི་ཐོག་སྟོབས་ཤུགས་ཆེ་ཤོས་གྲས་ཤིག་ཡིན་སྟབས་མཐོང་ཆུང་བྱ་མི་སྲིད་ཀྱང་། ད་ལྟ་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་འགྲོས་ནི་རྟེན་འབྱུང་ཞིག་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བསྟུན་དགོས་པ་ཆགས་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ཨ་རི་ཕུད་པའི་དཔལ་འབྱོར་སྟོབས་ཆེ་ཤོས་དང་། དམག་དོན་འགྲོ་གྲོན་མང་ཤོས་གཏོང་མཁན་གྱི་རྒྱལ་ཁབ་ཨང་གཉིས་པ་ཆགས་ཡོད་ཀྱང་། ད་ལྟ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མགོ་ཁྲིད་ཀྱི་ཆ་ཤས་ལེན་དགོས་ཚེ་ཁོ་ཚོས་རིག་གཞུང་གི་སྣེ་འཁྲིད་ཐུབ་པ་བྱེད་དགོས། ངས་པེ་ཅིན་གྱི་མགོ་ཁྲིད་ཚོར་སྐད་ཆ་འདྲི་རྒྱུ་ཞིག་ཡོད་པ་ནི། རྒྱ་ནག་གཞུང་གིས་སོ་སོའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ། དྲག་གནོན་དང་བྲན་གཡོག་དུ་བཀོལ་བ་སོགས་བྱས་ནས་རྒྱལ་ཡོངས་ནང་བརྟན་ལྷིང་དང་ཕན་ཚུན་བསམ་ཤེས་བྱེད་མ་ཐུབ་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དེ་ཕྱོགས་གང་ཐད་ནས་རྒྱལ་སྤྱིའི་སྣེ་ཁྲིད་མཁན་ཞིག་ཆགས་རྒྱུར་དགའ་མོས་བྱེད་སྲིད་དམ་ཞེས་བརྡ་ལན་སྤྲོད་རྒྱུ་མ་ཟད། ངས་རྒྱ་ནག་གཞུང་གི་ཆབ་སྲིད་པ་ཚོས་བོད་དོན་བདེན་མཐའ་སེལ་ཆེད་བོད་མི་དང་གྲོས་མཐུན་འཇོག་དགོས་པ་མ་ཟད། བོད་ནང་གི་བཙོན་པ་ཀློད་གྲོལ་གཏོང་དགོས་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཡིག་ཐོག་གི་གསུང་བཤད་སྒྲོག་སྦྱངས་གནང་སྐབས། དེ་རིང་གི་ཉིན་མོ་འདི་ནི་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ནས་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་བློ་སྟོབས་ཆེན་པོའི་སྒོ་ནས་བོད་མིའི་བདེན་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུའི་ཆོད་སེམས་བསྐྱར་ནན་དང་། ༸གོང་ས་མཆོག་གིས་འདོན་གནང་མཛད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་བརྟན་པོའི་སྒོ་ནས་འཇུག་རྒྱུའི་དམ་བཅའ་དྲན་གསོ་ཞུ་བའི་ཉིན་མོ་ཞིག་ཀྱང་རེད། སྔ་ལོ་རྒྱ་ནག་དབུས་གཞུང་ནས་གཞིས་ཀ་རྩེ་དང་ཆབ་མདོ་གཉིས་གྲོང་ཁྱེར་གྱི་ངོ་བོར་བསྒྱུར་རྒྱུའི་གསལ་བསྒྲགས་བྱས་པ་ནི་སེམས་འཚབ་སྐྱེ་གཞིར་སྣང་། དཔལ་འབྱོར་གོང་འཕེལ་དང་དེང་རབས་ཀྱི་ཡར་རྒྱས་ལ་དགའ་བསུ་ཞུ་འོས་པ་ཞིག་ཡིན་ནའང་། ད་བར་གྱི་ཉམས་མྱོང་ལ་གཞིགས་ན་དེ་འདྲའི་ཡར་རྒྱས་ཀྱིས་བོད་མིའི་ཐོག་ཁེ་ལས་གྱོང་ཆེ་བ་བྱུང་ཡོད། གྲོང་ཁྱེར་གྱི་རྣམ་པ་གསར་པ་འཛུགས་སྐྲུན་བྱས་པའི་འབྲས་བུར། བོད་མིར་དཔལ་འབྱོར་གྱི་གོ་སྐབས་འདྲ་མཉམ་མ་ཐོབ་པ་མ་ཟད། ཡུལ་གྱི་བདག་པོ་ངོ་མ་རྣམས་རིམ་བཞིན་སྤྱི་ཚོགས་ཀྱི་གྲལ་ནས་མཐའ་ལ་འཕུད་འགྲོ་ཡི་ཡོད། དེའི་དཔེ་མཚོན་གསལ་ཤོས་ནི་ལྷ་ས་གྲོང་ཁྱེར་ཡིན།

ལྷ་སའི་ཉེ་ཁོར་དུ་གྲོང་ལག་གསར་པ་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ་རྒྱ་ནག་གི་ཞིང་ཆེན་མང་པོ་ནས་མི་འབོར་ཕོན་ཆེན་གནས་སྤོས་བྱས་རྐྱེན། བོད་མི་ལས་ཕྱི་ནས་སླེབས་པའི་ཕྱོགས་མིའི་གྲངས་འབོར་ལྡབ་ཁ་ཤས་ཀྱིས་མང་བ་ཆགས་ཏེ་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་བོད་མིའི་ཆོས་རིག་ཀྱི་ལྟེ་གནས་ལྷ་ས་གྲོང་ཁྱེར་དེ་ཡང་རྒྱ་ནག་གི་གྲོང་ཁྱེར་གཞན་དང་འདྲ་བར་གྱུར་ཟིན་པ་རེད། དེར་བརྟེན་གཞིས་ཀ་རྩེ་དང་ཆབ་མདོ་གཉིས་ཀྱང་ལྷ་ས་དང་འདྲ་བར་བོད་མིའི་ཆོས་རིག་གོམས་སྲོལ་སྲུང་སྐྱོབ་བྱ་ཡུལ་མེད་པར་འགྱུར་ཉེན་ཆེ་བ་དང་། དེ་བཞིན་བོད་ཀྱི་གནའ་བོའི་ཞིང་འབྲོག་གི་འཚོ་བར་ཡང་དོ་ཕོག་ཤུགས་ཆེ་ཐེབས་བཞིན་པར་ཡང་སེམས་འཚབ་ཡོད། གོང་གསལ་བོད་ནང་གི་གནད་དོན་རྣམས་གདོང་ལེན་བྱ་རྒྱུར་དཀའ་ཚེགས་ཡོད་ཀྱང་། ང་ཚོས་མུ་མཐུད་མཉམ་རུབ་ཐོག་ཆོད་སེམས་བརྟན་པོའི་སྒོ་ནས་འབད་བརྩོན་བྱས་ན་དཀའ་ངལ་མཐའ་དག་གདོང་ལེན་བྱེད་ཐུབ་པའི་ཡིད་ཆེས་ཡོད། ཅེས་གསུངས་སོང་།

ཡང་ཁོང་གིས། ད་ལྟའི་ཆར་བོད་ནང་ཆབ་སྲིད་ཀྱི་གོ་རྟོགས་དང་མི་རིགས་ཀྱི་ལར་ཞེན་ཆེ་རུ་འགྲོ་བཞིན་པ་ནི་བློ་སྤོབས་སྐྱེ་གཞིར་སྣང་། དེ་ཡང་བོད་ནང་གཞི་རིམ་མང་ཚོགས་ཀྱི་བསམ་པའི་འཁྱེར་ཕྱོགས་དང་། སྙན་ངག་མཁན་ཚོའི་སྙན་རྩོམ་གྱི་ནང་དོན་དང་གླུ་གཞས་ཀྱི་ཚིག་དོན། རི་མོ་བས་བྲིས་པའི་རི་མོའི་མཚོན་དོན་སོགས་ཕྱོགས་གང་ནས་བལྟས་ཀྱང་བོད་མིའི་གཅིག་སྒྲིལ་གྱི་ནུས་སྟོབས་ཆེ་རུ་འགྲོ་བཞིན་ཡོད། རི་ཁར་དབྱར་རྩ་དགུན་འབུ་འཐུ་མཁན་གྱི་མི་མང་དཀྱུས་མ་ནས་སྣུམ་འཁོར་གཏོང་མཁན་དང་དེ་བཞིན་ཞིང་པ་དང་འབྲོག་པ། མཁས་པ་དང་སྒྱུ་རྩལ་བ། དགེ་འདུན་པ་དང་བཙུན་མ་སོགས་ཚང་མས་བོད་མི་རིགས་ཀྱི་ཆེ་མཐོང་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་དར་སྤེལ་ཡོང་ཐབས་ལ་སེམས་ཁུར་བྱེད་བཞིན་ཡོད། བཟང་ཕྱོགས་ཀྱི་འགྱུར་བ་འདི་དག་གིས་རིམ་བཞིན་བོད་མིའི་མངོན་འདོད་སྒྲུབ་པར་ཕན་ཐོགས་ངེས་ཅན་ཡོང་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གི་གསུངས་བཤད་ནང་མུ་མཐུད་དུ། ལོ་འདིར་རྒྱ་ནག་གཞུང་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་བྱེད་སྒོ་སྤེལ་འཆར་ཡོད་པ་དང་། བོད་ནང་རང་ཁྱིམ་རང་བདག་ཡོད་ཚུལ་གྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་རུང་། དྲིལ་བསྒྲགས་བྱས་པ་ལྟར་གྱི་རང་ཁྱིམ་རང་བདག་ཡོང་བར་བོད་ཀྱི་འཛིན་སྐྱོང་འགན་དབང་བོད་མིར་སྤྲོད་དགོས་པ་ཡིན། དེ་མཚུངས་སྲིད་འཛིན་ཞི་ཅིན་ཕིན་གྱིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་ཡོད་པའི་རྒྱ་རིགས་ལས་བྱེད་པ་ཚོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་དགོས་ཚུལ་བཤད་འདུག་ཀྱང་། ཉེ་སྔོན་མདོ་སྨད་ཁུལ་དུ་ས་གནས་དཔོན་རིགས་ཀྱིས་དོན་ཚན་ཉི་ཤུ་ཅན་གྱི་བརྡ་ཁྱབ་ཅིག་བཏང་བའི་ནང་བོད་མིའི་ཆོས་རིག་དང་སྐད་ཡིག་གཉིས་ཀའི་ཐོག་སྔར་ལྷག་དམ་བསྒྲགས་བྱ་རྒྱུ་ཡིན་པ་གསལ་པོར་འཁོད་འདུག་པར་ཚང་མས་ཡིད་གཟབ་བྱ་དགོས། དེ་མཚུངས་ཕ་མེས་ནས་བརྒྱུད་པའི་བོད་མིའི་ཆོས་རིག་གོམས་གཤིས་དང་ཡ་རབས་བཟང་སྤྱོད་རྣམས་མི་ཐོག་ནས་མི་ཐོག་བར་རྒྱུན་འཛིན་ཐུབ་པ་དགོས་གཤིས། དེང་གི་ཆར་བོད་ནང་སྤྱི་སྒེར་གཉིས་ཀར་གྱོང་གུན་ཆེ་བའི་བག་མེད་པའི་ཀུན་སྤྱོད་ནང་ཁུལ་ཤ་ལན་སློག་རེས་དང་། གང་བྱུང་ཤོ་སྦག་རྒྱན་རྩེད་དང་ཆང་རག་རིགས་ལ་སྤྱོད་མཁན་ཉུང་དུ་འགྲོ་ཡི་ཡོད་འདུག་པར་བསྔགས་བརྗོད་ཞུ་རྒྱུ་དང་། མ་འོངས་པར་ཡང་དེ་རིགས་མི་ཡོང་བ་བྱ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། ལྷག་པར་ཤེས་ཡོན་ཐོག་ནུས་ཤུགས་བསྒྲིལ་རྒྱུ་ནི་གལ་ཆེ་ཤོས་ཡིན་སྟབས། བོད་མི་ཚང་མས་གལ་ཆེ་དོན་ཆེར་བརྩིས་ཏེ་མུ་མཐུད་ཕྱར་གྲུ་མཉམ་འདེགས་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གསུང་བཤད་ནང་མུ་མཐུད་དུ་བཀོད་དོན། བཀའ་ཤག་གི་ངོས་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་ཁ་བྲལ་མ་ཡིན་པར་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་དང་བྱེད་མུས་ཡིན། འདི་ལོ་ཕྱི་ཟླ་ ༡ པོའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་བསྐོང་ཚོགས་ཞུས་ཏེ་བོད་ནང་གི་གནས་སྟངས་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་བཅས་ལ་གཞིགས་ཏེ་འབྲེལ་མོལ་སྐོར་བསམ་ཞིབ་གྲོས་བསྡུར་ཞིབ་ལྷུག་བྱས་ཡོད་ཅིང་། བོད་མིའི་མགོ་ཁྲིད་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་མགོ་ཁྲིད་བར་འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།

འདིའི་ཐད་ཉེ་སྔོན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་མགོ་ཁྲིད་བར་འབྲེལ་མོལ་བྱ་རྒྱུར་རྒྱབ་སྐྱོར་གྱི་གསལ་བསྒྲགས་སྤེལ་འདུག་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། དེ་ཡང་གསལ་བསྒྲགས་ནང་འབྲེལ་མོལ་གྱི་འབྲས་བུ་བཟང་པོ་འདིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་མི་རིགས་ཚང་མར་ཁེ་ཕན་ཡོང་རྒྱུ་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་འབྲེལ་མོལ་བྱ་རྒྱུའི་གོ་སྐབས་དམ་འཛིན་བྱ་དགོས་ཞེས་འཁོད་ཡོད་པ་དང་། དེ་མཚུངས་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཀྱང་། ཨ་རིའི་རྒྱལ་ཡོངས་སྔ་དྲོའི་སྨོན་ལམ་གསོལ་འདེབས་མཛད་སྒོའི་སྐབས་༸གོང་ས་མཆོག་ནི་བྱམས་བརྩེ་ཉམས་ལེན་གནང་མཁན་གྱི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་པ་དང་། ཁོང་ལ་བརྟེན་ནས་ང་ཚོར་འགྲོ་བ་མིའི་ཆེ་མཐོང་དང་རང་དབང་སྐོར་གླེང་སློང་བྱེད་དགོས་པའི་སེམས་སྐུལ་ཐེབས་ཀྱི་འདུག ཅེས་གསུངས་པར་ཡང་དགའ་བསུ་ཞུ་རྒྱུ་ཡིན། ཞེས་སོགས་བཀོད་འདུག

ཁོང་གིས་མུ་མཐུད་དུ། རྒྱ་གར་ནང་ལ་ཆ་མཚོན་ནའང་བོད་དོན་གལ་འགངས་ཆེན་པོ་ཡིན་པའི་ངོས་འཛིན་ཇེ་ཆེར་འགྲོ་བཞིན་པ་དང་། བོད་དོན་སྐོར་གླེང་སློང་བྱ་རྒྱུའི་སྡིངས་ཆ་དང་གོ་སྐབས་མང་དུ་འགྲོ་མུས་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནི་ཡང་དག་པའི་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་མཁན་གྱི་སྒྲིག་འཛུགས་ནུས་པ་ལྡན་པ་ཞིག་ཡིན་པའི་ངོས་འཛིན་དང་གདེང་འཇོག་འཐོབ་བཞིན་ཡོད། མང་ཚོགས་ཀྱི་མཉམ་ཞུགས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་དམངས་གཙོ་ཚགས་ཚུད་པོ་བྱུང་བ་ཡིན་སྟབས་མ་འོངས་པར་ཡང་དམངས་གཙོའི་ལས་རིམ་ནང་མང་ཚོགས་ནས་མུ་མཐུད་ཆ་ཤས་མང་ཙམ་བླང་རྒྱུའི་སྐུལ་མ་བྱ་རྒྱུ་ཡིན། འདི་ལོ་འཛམ་གླིང་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་༸གོང་ས་མཆོག་ཕྱི་ལུགས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་མཛད་སྒོ་རྒྱས་པ་སྲུང་བརྩི་ཞུ་བཞིན་ཡོད། དེ་ཉིན་ང་ཚོས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ་ཡོང་ཆེད་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་དང་། བོད་མི་རིགས་ཀྱི་ཁྱད་ནོར་ཕ་མེས་ནས་བརྒྱུད་པའི་ཡ་རབས་བཟང་པོའི་གཤིས་སྤྱོད་དང་གོམས་སྲོལ་རྣམས་རྒྱུན་འཛིན་ཐུབ་པ་བྱ་རྒྱུའི་ཆོད་སེམས་སྐྱེད་དགོས། ཞེས་གསུངས་སོང་།

གཞུང་འབྲེལ་མཛད་སྒོ་གྲུབ་རྗེས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྣེ་ཁྲིད་འོག སེར་སྐྱ་མི་མང་གིས་བོད་དོན་ཞི་བའི་འཐབ་རྩོད་ཀྱི་འབོད་ཚིག་སྒྲོག་བཞིན་དྷ་ཤོད་ཀ་ཅ་རི་བར་གོམ་བགྲོད་གནང་ཡོད་པ་རེད།

གསར་འགོད་པ་དོན་འགྲུབ་དང་པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༥༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 2

  1. x00hacktivist says:
    ལོ་ 10 སྔོན།

    སེམས་འཚབ་ཡོད་ན། བོད་མི་ཚོ་བེད་སྤྱད་ནས་རང་དབང་གིས་ཆེད་དུ་འབད་དགོས། དོན་ཆེན་སྒྲུབ་པར་ཕྱག་ལས་གནང་གལ་ཆེ་ལ། ལྷག་པར་བོད་རིགས་ཡོད་དོ་ཅོག་བེད་སྤྱད་ནས་འཐབ་རྩོད་ནང་འཛུལ་དགོས། མི་གཅིག་དང་གཉིས་ཀྱིས་འཐབ་རྩོད་ཀྱི་བདེན་མཐལ་སེལ་མི་ཐུབ། དེས་ན་གོང་མ་ཚོས་བོད་མི་རྩམ་གཟན་རྣམས་གཉིད་ལས་སད་ནས་མདུན་བསྐྱོད་བྱེད་དགོས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ་་་་་་་་་་ རྒྱ་ནག་གཞུང་གིས་སོ་སོའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ། དྲག་གནོན་དང་བྲན་གཡོག་དུ་བཀོལ་བ་སོགས་བྱས་ནས་རྒྱལ་ཡོངས་ནང་བརྟན་ལྷིང་དང་ཕན་ཚུན་བསམ་ཤེས་བྱེད་མ་ཐུབ་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དེ་ཕྱོགས་གང་ཐད་ནས་རྒྱལ་སྤྱིའི་སྣེ་ཁྲིད་མཁན་ཞིག་ཆགས་རྒྱུར་དགའ་མོས་བྱེད་སྲིད་དམ་ཞེས་བརྡ་ལན་སྤྲོད་རྒྱུ་མ་ཟད།
    ངས་རྒྱ་ནག་གཞུང་གི་ཆབ་སྲིད་པ་ཚོས་བོད་དོན་བདེན་མཐའ་སེལ་ཆེད་བོད་མི་དང་གྲོས་མཐུན་འཇོག་དགོས་པ་མ་ཟད། བོད་ནང་གི་བཙོན་པ་ཀློད་གྲོལ་གཏོང་དགོས་ཞུ་རྒྱུ་ཡིན། ་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese