དེ་རིང་ཉིན་གུང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་བཀའ་མོལ་གནང་སྟངས་ཤིག་དང་འབྲེལ་ཏེ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསལ་བཤད་དང་འབྲེལ་གྲོས་ཚོགས་ཚོགས་གཙོ་ནས་དགོངས་པ་ཞུས་ནས་ཕྱིར་ཐོན་ཡོད།
སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བཞི་པ་སྟེ། ཕྱི་ཚེས་ ༡༧ ཉིན་ཕྱི་དྲོར་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐོག་སྤྱི་འཐུས་ཚོས་དགོངས་ཚུལ་གསུངས་སྐབས། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས། སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་ལྐོག་ཟ་རུལ་སུངས་བྱེད་མཁན། མི་གསོད་ཁྲག་སྤྱོར་བྱེད་མཁན་སོགས་ང་ཚོའི་སྤྱི་ཚོགས་ནང་ཡོད་པ་མ་ཟད། ང་ཚོའི་གྲོས་ཚོགས་ནང་དུའང་ཡོད་པ་རེད་ཟེར་བའི་བཀའ་མོལ་ཞིག་གནང་ཡོད་པ་དང་། ཁ་སང་ཉིན་རྒྱབ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཀའ་མོལ་དེ་གྲོས་ཚོགས་དེབ་ཐེར་ནང་ནས་འདོན་རྒྱུ་ཡིན་སྐོར་གསུངས་ཡོད།
དེ་རིང་སྔ་དྲོར་གྲོས་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩིས་མགོ་ཞིག་དང་འབྲེལ་ཏེ། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་བསྐྱར་དུ་ཁ་སང་གི་གནད་དོན་དེ་གླེང་བ་དང་། དེའི་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསལ་བཤད་དང་འབྲེལ་སྤྱི་འཐུས་ཚོགས་གཙོར་མི་བསད་པའི་ཉེས་འཛུགས་བྱེད་ཀྱིན་ཡོད་སྟབས། ངས་དེ་རིང་གྲོས་ཚོགས་ཚོགས་གཙོ་ནས་དགོངས་པ་ཞུས་ཏེ་འགྲོ་རྒྱུ་ཡིན་ཞེས་གསུངས་ཏེ་ཐོན་ཡོད་སྟབས། སྔ་དྲོའི་ཆུ་ཚོད་ ༡༢།༢༠ སྟེང་གྲོས་ཚོགས་དུས་མིན་ཏུ་གྲོལ་དགོས་བྱུང་ཡོད།
འདི་གའི་གསར་འགོད་པ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནང་བསྐྱོད་དེ་གྲོས་ཚོགས་དུས་མིན་ཏུ་གྲོལ་ཡོད་སྟབས། མ་འོངས་པར་ལས་རིམ་མུ་མཐུད་འགྲོ་ཐུབ་མིན་བཀའ་འདྲི་ཞུས་པར། ད་ལྟ་ནང་ཁུལ་དུ་ཚོགས་འདུ་ཡོད་སྟབས་བཅར་འདྲི་དང་ལེན་ཞུ་ལོང་མེད་སྐོར་གསུངས་སོང་ལ། ཉིན་རྒྱབ་ཆུ་ཚོད་ ༡།༣༠ སྟེང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་འཁྲིད་དེ་གྲོས་ཚོགས་མུ་མཐུད་ཚོགས་ཡོད།
དེ་རིང་གྲོས་ཚོགས་ནང་གི་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་བཀའ་མོལ། ཁ་སང་གྲོས་ཚོགས་རྭ་བའི་ནང་ངས་སྐད་ཆ་ཚིག་ཁ་ཤས་བཤད་པ་དེར་ཁུངས་སྐྱེལ་མེད་ན་གྲོས་ཚོགས་དེབ་ཐེར་ནང་ནས་བཏོན་པ་ཡིན་གསུངས་སོང་། དེ་དང་འབྲེལ་བ་ཆགས་ཡོད་པ་ངས་ད་ལྟ་ཞུ་དགོས་བསམ་སོང་། ཁ་སང་ཁུངས་སྐྱེལ་བྱེད་དགོས་བསམ་ཡང་དུས་ཚོད་སྤྲད་མ་སོང་། ངའི་ཚིག་འདྲ་མིན་འདྲ་བཟོ་བཞིན་འདུག ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་འཇུག་ནང་དུ་ཡོད་རྒྱུ་རེད། སྤྱི་རྒྱུ་སྒེར་བདག་བྱེད་མཁན། ལྐོག་ཟ་རུལ་སུངས་བྱེད་མཁན། མི་གསོད་ཁྲག་སྤྱོར་བྱེད་མཁན་ཟེར་བའི་ཚིག་དེ་རེད། དེ་༧རྒྱལ་བ་ཡིད་བཞིན་ནོར་བུ་ཞལ་བཞུགས་དུས་སྤྱི་ཚོགས་འདིའི་ནང་ཡོང་གི་འདུག གྲོས་ཚོགས་རྭ་བ་འདིའི་ནང་དུའང་ཡོང་གི་ཡོད་ཅེས་ཞུས་པ་ཡིན།
དང་པོ། སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཟེར་བའི་ཚིག་དེ་བེད་སྤྱོད་བཏང་ཡོད། གྲོས་ཚོགས་ར་བ་འདིའི་ནང་ཡོད་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་བཏང་སྟེ་སྤྱི་རྒྱུ་སྒེར་བདག་ཡིན་པ་གསལ་བོ་གསལ་རྐྱང་གསུངས་པ་དེ་གྲོས་ཚོགས་རྭ་བ་འདིའི་ནང་ཡོད་པ་རེད། ངས་དེ་ལ་ངོས་འཛིན་ཞུ་བཞིན་ཡོད། གཉིས་པ། ལྐོག་ཟ་རུལ་སུངས་བྱེད་མཁན་ཞུས་པ་ཡིན། སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་བྱུང་སྟེ་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུ་བྱེད་དགོས་བྱུང་བ་རེད།
གསུམ་པ། མི་གསོད་ཁྲག་སྤྱོར་ཟེར་བ་དེ་ང་ཚོའི་སྤྱི་ཚོགས་ནང་ལ་བྱུང་བ་རེད། ཉེ་ཆར་རང་ལ་བྱུང་བ་རེད། ལྡི་ལི་མ་ཅཱེང་ཊེ་ལར་མི་གསོད་ཁྲག་སྦྱོར་བྱས་ཏེ་ད་ལྟ་ཁྲག་སྐམ་ཡོད་པ་མ་རེད་ལབ་ན་འགྲིག་གི་ཡོད་པ་རེད། དེ་བཞིན་གྲོས་ཚོགས་རྭ་བ་འདིའི་ནང་དུ་ཡོད་པ་རེད་ལབ་ན་ཆོག་གི་རེད། སྤྱི་འཐུས་སྐབས་བཅུ་གསུམ་པའི་སྐབས་ལ་མི་གསོད་ཁྲག་སྦྱོར་གྱི་རྙོག་གླེང་དང་འབྲེལ་ཏེ་བཀའ་བློན་ལ་ཕེབས་མ་ཐུབ་པའི་གང་ཟག་དེ་གྲོས་ཚོགས་ར་བ་འདིའི་ནང་དུ་ཡོད་པ་རེད། ངས་དེ་ལ་ངོས་འཛིན་ཞུ་བཞིན་ཡོད།
གཉིས་པ་ཁ་སང་ཚོགས་གཙོ་ཡར་ཕེབས་ཏེ་གསུངས་སྟངས་དེ་རེད། བཀའ་ཤག་གིས་འདི་འདྲའི་བཀའ་གནང་གི་འདུག དེར་བརྟེན་ཏེ་ཕྱིར་འཐེན་བྱས་པ་ཡིན་གསུངས་སོང་། ངས་སྐད་ཆ་དེ་བཤད་པའི་སྐབས། བཀའ་ཤག་ཚང་མ་འདིར་ཡོད་པ་རེད། ཁོང་རྣམ་པས་དེ་འདྲ་གསུངས་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་པ་རེད། བཀའ་ཤག་ལ་གསུང་རྒྱུའི་གོ་སྐབས་དང་བརྒྱུད་ལམ། སྡིངས་ཆ་ཆ་ཚང་ཡོད་པ་རེད། མི་གཞན་པ་བརྒྱུད་ནས་གསུངས་དགོས་ཀྱི་ཡོད་ན་མར་ཟུར་ཉན་དུ་བཞུགས་ན་འགྲིག་གི་རེད། དེ་ལྟར་རྒྱབ་ལོགས་ནས་ཅིག་བྱེད་བསྡད་པ་དེ་ཚོ་ག་པར་འགྲོ་བཞིན་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་རུལ་འགྲོ་བཞིན་ཡོད་པ་གྲོས་ཚོགས་ཀྱི་སྡིངས་ཆ་འདིའི་ཐོག་ནས་བཤད་ཆོག་གི་མེད་ན་ང་ཚོའི་དམངས་གཙོ་དེ་ག་བ་ཆགས་སོང་། འཛེམ་ཟོན་ཅན་གྱི་དམངས་གཙོ། སྤྲེལ་ལད་ཅན་གྱི་དམངས་གཙོ།
ཁ་སང་དེ་རིང་རྒྱ་ནག་གིས་ཀྱང་ལྐོག་ཟ་རུལ་སུངས་འཐེར་འདོན་བྱེད་ཀྱི་ཡོད་པ་རེད། ང་ཚོས་འདི་ནས་བྱེད་ཆོག་གི་མེད་ན། ང་ཚོས་རྒྱ་ནག་ལ་ཁ་གཏོང་སའི་གཞི་དེ་གང་དུ་ལྷག་སོང་། ༼ བར་སྐབས་འདིར་སྤྱི་འཐུས་ཚོགས་གཙོ་མཆོག་གིས། “གྲོས་ཚོགས་འདིའི་ནང་སྐད་ཆ་བཤད་པ་དེ་ཚོ་ཁྲིམས་ལ་གཏུག་ཆོག་གི་མེད་པ་སྤྱི་འཐུས་རྣམ་པ་ཚོ་ཤེས་ཀྱི་ཡོད་པ་རེད། དེ་ཁྲིམས་ལ་གཏུག་མ་ཆོག་པའི་རྒྱུ་མཚན་ལ་བརྟེན་ཏེ་གྲོས་ཚོགས་ནང་གང་བྱུང་མང་བྱུང་གསུངས་པ་དེ་ཏག་ཏག་བསྡད་ཡོད་པ་མ་རེད། དེ་ལ་ཐུགས་གཟབ་གནང་རོགས།” ཅེས་གསུངས་སོང་།༽གང་བྱུང་མང་བྱུང་ཚིག་གཅིག་བཤད་གི་མེད། འགན་འཁུར་བའི་སྐད་ཆ་ཤོད་བཞིན་ཡོད། གང་བྱུང་མང་བྱུང་གསུང་མཁན་དེ་དཔལ་ལྡན་ཚོགས་གཙོ་ཁྱོད་རང་ཡིན།
ང་རང་ཚོས་དང་པོ་དམ་བཅའ་ཕུལ་སྐབས་ནས། མངོན་ལྐོག་རྒྱབ་མདུན་མེད་པ་བྱེད་རྒྱུ་ཡིན་ཟེར་ནས་དམ་བཅའ་ཕུལ་ཡོད་པ་རེད། འདི་འདྲའི་སྤྱི་ཚོགས་རུལ་སུངས་ཀྱི་དྲི་མ་ཁ་ཡོང་དུས་ཚང་མ་འཇམ་ཐང་ཐང་གིས་བསྡད་པ་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེར་དབུ་སྐོར་བཏང་བ་མ་རེད་དམ། གཞིས་ལུས་རྒྱ་ཆེའི་མི་མང་ལ་མགོ་སྐོར་བཏང་བ་མ་རེད་དམ། ད་ང་ཚོའི་སྤྱི་ཚོགས་དེ་ག་པར་བསླེབས་སོང་། སོ་སོའི་སྤྱི་ཚོགས་ནང་རུལ་སུངས་དེ་ཚོ་ལྷག་བཅུག་པ་ཡིན་ན། ང་ཚོས་རྒྱ་ནག་ལ་ཁ་གཏོང་ས་ཞིག་ལྷག་ཡོད་པ་རེད་དམ། ཅེས་སོགས་བརྗོད་སོང་།
མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསལ་བཤད་གནང་དོན། གྲོས་ཚོགས་ཟེར་བ་འདིའི་ནང་གླེང་ཆོག་པ་དང་གླེང་མ་ཆོག་པ་གནད་དོན་གང་ཡིན་པ་སྤྱི་འཐུས་རྣམ་པ་ཚང་མས་མཁྱེན་ཀྱི་ཡོད་པ་རེད། ལྷག་པར་དུ་གྲོས་ཚོགས་འདིའི་ནང་སྐད་ཆ་བཤད་པ་དེ་དག་ཁྲིམས་ཁང་ལ་གཏུག་མི་ཆོག་པའི་གནས་སྟངས་དེ་ཡང་ཤེས་ཀྱི་ཡོད་པ་རེད། དེ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བཀའ་མོལ་འདི་འདྲ་ཞིག་གསུང་གི་ཡོད་རེད་བསམ་གྱི་འདུག ཁ་སང་ལས་རིམ་རྣམ་བཞག་དང་འབྲེལ་བའི་ཐོག་ནས་དེ་རིང་ཡང་བསྐྱར་གནས་ཚུལ་འདིའི་ཐོག་ལ་ཤུགས་ཆེ་ཙམ་གསུང་གི་ཡོད་པ་རེད། དེའི་འབྱུང་རིམ་ཚང་མ་ད་ལྟ་བཀའ་མོལ་གནང་མཁན་ཚང་མས་མཁྱེན་གྱི་ཡོད་པ་རེད། མ་མཁྱེན་པ་གང་ཡང་མ་རེད། བརྗོད་གཞི་དེ་གང་འདྲ་བྱས་པ་རེད། ག་རེ་ཐག་གཅོད་བྱས་པ་དང་དེའི་རྗེས་གནས་ཚུལ་ག་རེ་བྱུང་ཡོད་པ་རེད། རྩིས་ད་ལྟ་བར་དུ་སྤྲད་པ་དང་ལེན་མ་ཐུབ་པ་དང་། མ་ཐུབ་པའི་གནས་སྟངས་ཚང་མས་མཁྱེན་གྱི་ཡོད་པ་རེད།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཚོས་བརྗོད་གཞི་འདི་དང་རྗེས་འབྲེལ་གྱི་གནས་ཚུལ་དེའི་ཐོག་ལ་ཁྲིམས་ཞིབ་ཁང་ནང་ལ་བགྲོ་གླེང་བྱུང་ཡོད་པ་རེད། དེར་འགན་འཁྱེར་ནས་འཛོམས་པ་ཞིག་རེད་མ་གཏོགས་འགན་མ་འཁུར་བར་འཛོམས་པ་ཞིག་མ་རེད། རྒྱ་གར་གྱི་ཁྲིམས་ཁང་ལ་གཏུགས་པ་དེ་སྤྱི་རྒྱུ་སྒེར་བདག་ཟེར་བ་དེ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་མ་རེད། རྒྱ་གར་གྱི་ཁྲིམས་ལ་གཏུགས་པ་དེ་དེའི་སྐབས་ཀྱི་ཁྲིམས་རྩོད་པ་དེས་དོ་བདག་རྩོད་ལེན་པར་མིང་ཤས་བཟོས་སོང་ཟེར་ནས་ཁྲིམས་ལ་གཏུགས་པ་རེད་མ་གཏོགས་སྤྱི་རྒྱུ་སྒེར་བདག་གི་གནས་སྟངས་དང་འབྲེལ་བའི་ཐོག་ནས་དྲིས་བཞག་པ་ཞིག་རྩ་བ་ནས་མ་རེད། དེའི་བརྒྱུད་རིམ་ཆ་ཚང་མ་འགྲོ་བསྡད་ཡོད་པ་རེད། རྩིས་ལེན་ཐུབ་དང་མ་ཐུབ་ཟེར་བ་དེ་ཁྲིམས་ཞིབ་ཁང་གིས་ག་རེ་ཐག་གཅོད་བྱས་པ་གཞིར་བཟུང་། དེའི་རྗེས་ལ་འཛིན་སྐྱོང་གི་འགྲོ་སྟངས་ཤིག་གི་ཐོག་ནས་འགྲོ་བསྡད་ཡོད་པ་མ་གཏོགས། ཚོགས་གཙོས་སྲུང་སྐྱོབ་བྱས་པའི་སྐད་ཆ་གང་ཡང་མིན། ཚོགས་གཙོས་ཁྲིམས་ཁང་ནས་ཐག་གཅོད་གང་བྱས་པ་དེ་རྩིས་ལེན་དུ་ཤོག་ཅེས་ཐེངས་གཉིས་ཙམ་སྐད་ཆ་བྱུང་བ་དེ་གོ་བསྡད་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བཤད་པ་ཞིག་ཆགས་ཡོད།
དེ་ནས་ད་ལྟ་གྲོས་ཚོགས་ར་བ་འདིའི་ནང་ལ་དོན་དག་དེ་ཚོགས་གཙོ་མི་གསོད་མཁན་རེད་ལབ་ཀྱི་ཡོད་པ་རེད། ༢༠༠༣ ལོར་བཀའ་བློན་གྱི་འོས་གཞིའི་ནང་ལ་བསླེབས་ནས་བསླེབས་མ་ཐུབ་པ་དེ་ཚོགས་གཙོས་མི་ཞིག་བསད་པ་རེད་ཟེར་ནས་བཀུར་འོས་སྤྱི་འཐུས་ཀྱིས་འགན་འཁུར་ནས་བཤད་ཀྱི་ཡོད་གསུང་གི་ཡོད་པ་རེད། འདི་གསུང་རྒྱུའི་བློ་སྤོབས་ཡོད་ན་གྲོས་ཚོགས་ཀྱི་ཕྱི་ལོགས་སུ་གསུངས་རོགས་གནང་། དེ་དང་དེ་འབྲེལ་གྱིས་ང་སྤེན་པ་ཚེ་རིང་ངོས་ནས་ག་རེ་བྱེད་དགོས་ཀྱང་། ཁྲིམས་ཁང་གང་འདྲ་ཞིག་ལ་འགྲོ་དགོས་ཐུག་ཀྱང་འགྲོ་གི་ཡིན་ཞེས་ཐག་བཅད་ནས་ལབ་ཀྱིན་ཡོད། གང་ཡིན་ཟེར་ན། དེའི་སྐབས་ལ་སྤྱི་འཐུས་ཤིག་གིས་ང་ལ་སྐྱོན་བརྗོད་དེ་འདྲ་བྱས་པ་རེད། སྐབས་དེར་ང་སྤྱི་འཐུས་དཀྱུས་མ་ཞིག་རེད། ངས་གྲོས་ཚོགས་ཀྱི་འགྲོ་ལུགས་དེར་བརྩི་བཀུར་བྱས་ཏེ་གང་ཡང་བྱེད་ཐུབ་མ་སོང་། དོ་བདག་ཁོ་རང་ལའང་ལབ་པ་ཡིན། ཁྱེད་རང་ལ་བློ་ཁོག་ཡོད་ན་གྲོས་ཚོགས་ཕྱི་ལོགས་སུ་ལབ་ཤོག དེ་ནས་ང་གཉིས་ག་པར་གཏུག་ཀྱང་གཏུག་རྒྱུ་རེད་ཅེས་ལབ་ཡོད། ཁོ་རང་གིས་གྲོས་ཚོགས་ཕྱི་ལོགས་སུ་གང་དུ་ཡང་གསུངས་མ་སོང་། རླུང་འཕྲིན་ནང་ལའང་གསུངས་མ་སོང་། གྲོས་ཚོགས་ཕྱི་ཕྱོགས་ཡིན་ན་ངས་གཏུག་ས་ཞིག་ལ་གཏུག་གི་རེད། གྲོས་ཚོགས་རྗེས་མ་དེར་ངས་གྲོས་ཚོགས་འདིའི་ནང་ལ་ཡར་ལངས་ནས་གནས་སྟངས་གང་ཡིན་གསལ་བཤད་བྱས་ཡོད།
མི་ཞིག་གིས་མི་བསད་པ་རེད་ཟེར་བ་དེ་ལས་སླ་པོའི་སྐད་ཆ་མ་རེད། དེར་བསམ་བློ་བཏང་ནས་སྐད་ཆ་བཤད་དགོས་པ་རེད། ཁ་སང་སྐད་ཆ་ཤོད་སྟངས་དེ་མི་གསོད་ཁྲག་སྦྱོར། ལྐོག་ཟ་རུལ་སུངས། སྤྱི་རྒྱུ་སྒེར་བདག་མཉམ་དུ་འབྲེལ་ནས་གྲོས་ཚོགས་ར་བ་འདིའི་ནང་ཡོད་པ་རེད་ཟེར་ནས་དེ་རིང་ཚོགས་གཙོས་མི་བསད་པ་རེད་ཟེར་ནས་རྒྱུ་མཚན་དེ་བཤད་ཀྱི་ཡོད་པ་རེད། དེར་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། སྤྱི་འཐུས་ཤིག་གིས་དེ་བཤད་ཀྱི་ཡོད་པ་རེད། བློ་སྟོབས་ལྡན་པའི་ཐོག་ནས་བཤད་ཀྱི་ཡོད་ན་གྲོས་ཚོགས་ཀྱི་ཕྱི་ལོགས་ལ་བཤད་རོགས་གནང་ཞེས་ཞུ་གི་ཡོད། ངས་ད་ལྟ་དེབ་ལྟེབ་རྩེག་བརྒྱབ་བཞག་ཡོད། སྨྱོན་འཛུགས་དེ་འདྲ་བྱས་ཡོང་དུས་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུ་རྒྱུ་ལས་ལམ་ཁ་གང་ཡང་མི་འདུག ད་ལྟ་སྐད་ཆ་དེ་ཤུགས་ཆེ་རུ་ཆེ་རུ་འགྲོ་རྒྱུའི་ལམ་ཁ་ཞིག་སྟོན་གྱི་འདུག དེ་ཡིན་དུས་ང་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་ནས་འགྲོ་རྒྱུ་ཡིན། ཞེས་གསུངས་སོང་།
ཞིབ་འཇུག་བྱོས་་་་བཤད་མ་སྔ་་་་་མཆན་བུ་དག་ལ་རིམ་བཞིན་བལྟས་པ་ཡིན་ཡང་་་་ཅོ་རུ་ཚེ་རིང་ལགས་ཀྱིས་དྲང་བདེན་གྱི་སྐད་ཆ་ཞིག་བཤད་འདུག་དེ་མིན་ཡོད་ཚད་ཆགས་སྡང་དང་ཕྱོགས་ཞེན་གྱི་དབང་དུ་སོང་བ་རྐྱང་རྐྱང་ལས་མཐོང་མ་སོང་་་་
གཙོ་བོ་ཞིབ་འཇུག་ཡག་པོ་བྱས་ནས་ཐག་གཅོད་དགོས་པ་རེད་་་་དཀར་པོ་གཡས་དང་ཡག་པོ་གཡོན་ཟེར་བའི་དཔེ་ལྟར་དབྱེ་ཞིབ་ཡག་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད་་་་
ལུས་ལ་ཆོས་གོས་གྱོན་པའི་གྲྭ་པ་བསྟན་པ་ཡར་འཕེལ་ལགས། ངས་ཁྱོད་ལ་བཀུར་སྤྱི་འཐུས་ཞེས་བྲིས་མི་འདོད། སྤྱི་པའི་
འཐུས་མིའི་མིང་ཁྱེར་ནས་ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་ཚོར་བསམ་བློ་མཐོང་དང་། ༸གོང་ས་མཆོག་གི་གསོལ་རས་གནང་བའི་ཡང་དག་པའི་མང་གཙོར་འདིར་ཁྱོད་ཀྱིས་འཛེམ་ཟོན་ཅན་གྱི་དམངས་གཙོ། སྤྲེལ་ལད་ཅན་གྱི་དམངས་གཙོ། མི་མང་སྟོང་ཕྲག་མང་པོས་གུས་བཀུར་ཞུ་སའི་བཀུར་འོས་པའི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གནང་མེད་ཉེས་བཀེལ་ལ་སོགས་ཁྱོད་ཀྱི་བྱ་ལས་དེ་ཚོ་ཆོས་པ་ཞིག་གི་སྐད་ཆ་རེད་དམ། བཀའ་བརྒྱུད་སྤྱི་འཐུས་ཚོས་གྲོས་ཚོགས་ནང་ཟང་ཟིང་མ་བཟོས་ན་བློ་བདེ་ཡོད་ས་མ་རེད།
ཤེས་འཇོན་པ་དང་གནད་ཡོད་ཀྱི་མི་སྣར་བསྙད་འདོགས་ཀྱི་མེད་པར་བཟོ་བ་ནི། མདོ་ན་བོད་མི་རིགས་མེད་པར་བཟོ་དང་ཁྱད་མེད།
ནམ་ཞིག་འདི་ཚོས་སྲིད་སྐྱོང་མེད་པར་བཟོ་ངེས་རེད།
ང་ཚོའི་གྲོས་ཚོགས་ར་བ་ནི་ནམ་ཡང་རྙོག་གླེང་མེད་པར་ཡག་རབས་དང་ཞི་འཇམ་རྐྱང་རྐྱང་གླེང་ས་ཞིག་ཡིན་ནམ། མ་ཟད་མི་གསོད་ཁྲག་སྦྱོར་དང་འབྲེལ་བ་ཡོད་པའི་མི་ཞིག་གྲོས་ཚོགས་ཀྱི་ཚོགས་གཙོར་སླེབས་པ་ནི་དེ་བས་རྔམས་འཚབ་ཆེ་བ་ཞིག་མིན་ནམ། གནད་དོན་འདི་བདེན་མིན་ཇི་ལྟར་ཡང་རྙོག་གླེང་ཞིག་ཡོད་པ་ནི་མང་མང་ཞིག་གིས་མཁྱེན་གྱི་ཡོད་ན་གདིང་ཆ་འདིའི་ནང་བཤད་མ་ཕོད་ན་འགན་འཁུར་ག་འདྲ་ཞིག་ཡིན་ནམ། ད་རེས་ཀྱི་གནས་ཚུལ་འདི་ནི་གྲོས་ཚོགས་ར་བ་དཀྲུགས་པ་མ་རེད། དག་ཐེར་དང་ཞུ་དག་གཏོང་འགོ་བཙུགས་པ་རེད། འདི་འདྲ་བ་ནི་ཉུང་དྲགས་པ་ལས་མང་དྲགས་པ་རྩ་ནས་མིན། ང་ཚོ་མི་མང་ཚོ་མང་ཚོགས་ཡང་དག་པའི་ལམ་ལ་བསྐྱོད་ཀྱིན་ཡོད་ན་ངེས་པར་དུ་རང་གི་གཞུང་ལ་དོ་སྣང་དང་འགན་འཁུར་དགོས་པ་ནི་ལྡོག་ཏུ་མེད་པའི་འགན་འཁྲི་རང་བཞིན་གྱིས་བབ་ཡོད། གནས་ཚུལ་དེ་བདེན་པ་ཡིན་ན་མཐའ་གཅིག་ཏུ་རྒྱབ་སྐྱོར་གཙང་མ་ཡོད།
དྲ་གྲོགས་ཚོ། ཕྱོགས་རིས་རྐྱང་བཤད་བསྡད་ན་སུའང་ཕན་མི་ཐོག ཚོགས་གཙོ་གཅིག་པུ་མ་རེད་གདའ། སྤྱི་རྒྱུ་སྒེར་བདག་བྱེད་མཁན་དེའི་སྐོར་བགྲོ་གླེང་ཡང་དག་པ་ཞིག་གནང་ན་ཡག་པོ་འདུག ལོ་ལྟར་བོད་གཞུང་དངུལ་ཕོན་ཆེ་བཏང་སྟེ་ཁོ་ལ་ཁ་གཏད་བཅར་དགོས་ཀྱི་ཡོད་རེད། བོད་གཞུང་གི་ཁྲིམས་ཁང་དང་། རྒྱ་གར་ཁྲིམས་ཁང་གཉིས་ཆ་ནས་སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་ཡོད་པ་ཕྱི་གསལ་ནང་གསལ་ཆགས་ཀྱང་དེའི་སྐོར་ལ་ཚིག་གཅིག་བཤད་ཀྱི་མི་འདུག ་འུར་སྒྲ་ཆེ་སྒྲོགས་གནང་མཁན་ཚོ་དེ་ལ་འུར་སྒྲ་མེད་པ་ཅི་རེད། གཅིག་གསུང་དང་། སྒྲོལ་དཀར་ལྷ་མོ་ལ་ཅི་བཤད་དགོས་མ་རེད། གང་ཡིན་ཟེར་ན་མོ་རང་ངོས་ལེན་གྱི་ཐོག་ནས་དགོངས་པ་ཞུས་པ་རེད། དེ་འགྲིགས་ས་ལ་བཞག་འ་འཐུས།
ལོ་བཅུ་ཡར་སྔོན་གྱི་སྐད་ཆ་ཞིག་མཚམས་འདི་འདྲ་ཞིག་ལ་གླེང་ནས་གྲོས་ཚོགས་ཟང་ཟིང་དང་། མི་དམངས་ཟང་ཟིང་བཟོ་བཟོས་སོང་། དངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་བྱས་སོང་། ཉེས་འཛུགས་བྱ་འདོད་ཡོད་ན་སྔོན་ནས་མ་བྱས་པར་ད་ལྟ་བྱེད་དགོས་པ་གང་ལ་ཐུག ཉེས་འཛུགས་བྱེད་སྟངས་འདི་དྲང་མོ་ཞིག་རེད་དམ། བོད་མི་ཚོ་སེམས་པ་མ་འཁྱོག བོད་སེམས་བོད་ལ་མ་འཁྱོག བློ་གཟུར་བོར་གནས་ན་བོད་དོན་ཡིན།
སྤྱི་འཐུས་བསྟན་པ་ཡར་འཕེལ་དངོས་གནས་སྙིང་སྟོབས་དང་ལྷག་བསམ་ལྡན་པ་ཞིག་རེད་འདུག་སྤྱི་ཚོགས་ནང་ཡོད་བཞིན་པའི་མྱོག་གླེང་དེའི་ཚོའི་རིགས་ངེས་པར་དུ་གྲོས་ཚོགས་ནང་གླེང་གལ་ཆེ།
སྤྱི་རྒྱུ་དགེ་བདག་བྱེད་མཁན་ཟླ་བ་ཚེ་རིང་།
ལྐོག་ཟ་བྱེད་མཁན་ཀི་ཏི་སྒྲོལ་དཀར།
མི་སྲོད་བྱེད་མཁན་སྤན་པ་ཚེ་རིང་།
དེ་འདྲ་ཡིན་ནམ་མང་ཚོགས་བཤད་སྟངས་ཙམ་ལས་མི་ཤེས།
གནད་དོན་རྙིང་པ་ཞིག་རེད་ལ། ཧ་ལམ་ལོ་བཅུའི་ཡར་སྔོན་གནད་དོན་འདི་གླེང་སྐབས་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་ས་རིས་ཐང་གསལ་བཟོ་ཐུབ་ཡོད་པ་མ་རེད། དེ་བས། ད་དུང་མཇུག་མ་ལྷག་ཡོད་པས། གཡོལ་ཐབས་བྱེང་རྒྱུ་ལས་ལྡོག་ནས་གསལ་ཁ་བཏོད་རྒྱུ་གལ་ཆེན་རེད། གཉིས་ནས་སྤྱི་འཐུས་ཚོགས་གཙོ་ཞིག་གིས་སྐྱོན་འཛུགས་ཤིག་ཐོས་མ་ཐག་ཕྲུ་གུ་རྩེད་ར་ནས་ཁ་བྲལ་བ་ལྟར་དགོངས་པ་ཞུ་སྟངས་འདི་འགན་འཁུར་ཐུབ་པའི་སྲིད་དོན་པ་ཞིག་གི་བྱེད་བབ་ཡིན་ནམ། སྤྱི་འཐུས་ཚོགས་གཙོའི་དགོངས་པ་ཞུ་སྟངས་ཐད་ཁྲིམས་ཀྱི་གཏན་འཁེལ་མེད་དམ། གྲོས་ཚོགས་ཟེར་བ་འདི་འགྲོ་ཆོག་ཆོག་དང་ཡོང་ཆོག་ཆོག་གི་རྩེད་ར་ཞིག་ཡིན་ནམ།
ནང་ཆོས་ཉམས་ལེན་གནང་མཁན་ཞིག་ལ་འདི་ལྟའི་ཁོང་ཁྲོ་ཞིག་གང་ནས་ལངས་པ་ཡིན་ནམ། ཉོག་དྲ་ཞིག་ཡོད་དུས་ཆོས་བརྒྱུད་སྤྱི་འཐུས་རྣམས་མདུན་ལ་ཐོན་འདུག་པ་འདི་ག་རེ་ཡིན་ནམ།
གནད་དོན་འདི་སྤྱི་འཐུས་གླུན་རྒན་འདིས་གླུན་བཤད་བྱས་པ་ཁོ་ན་མ་རེད། འདིའི་རྒྱབ་ན་འཆར་གཞི་ལྡན་པའི་གཡོ་བྱུས་ཡོད་པ་རེད། ད་ལྟའི་བར་དེ་ལྟར་བྱས་བསྡད་པ་རེད་ལ་ད་དུང་ཡང་དེ་བཞིན་བྱེད་བསྡད་ཡོད་པ་རེད། འདི་ཚང་མས་ཤེས་ན་རེད།
ས་སྐྻའི་སྤྱི་འཐུས་ཁག་ལ་དགོས་རྒྱུ་ཤེས་ཡོན་མེད་པར། མི་དགོས་པའི་ཞེན་ཁཽག་ཆེ་ཙམ་ཡོད་པ་རེད། ཀརྨ་ཆོས་འཕེལ་ལ་ཚོགས་གཙོས་གྲོས་ཚོགས་ཀྱི་འགྲོ་རིམ་ལྟར་སྟངས་འཛིན་བྱས་པ་དེ་སྒེར་གྱི་ཁོང་ནད་དུ་བཟུང་ཡོད་པ་རེད། འདི་ལྟ་བུའི་སྤྱི་འཐུས་དག་དུས་གཏན་དུ་མི་ཡོང་བར་ཤོག
དེ་མིན་ན་སྤྱི་འཐུས་ཟེར་བ་དང་། བོད་གཞུང་ཟེར་བ། ཆིག་སྒྲིལ་ཟེར་བ་སོགས་རྦད་དེ་བསྐྱུར་བཞག་ན་དགའ། དཀའ་ལས་རེད། ད་ཡིན་ན་ཐང་ཆད་སོང་།
ད་ནི་ས་སྐྱའི་སྤྱི་འཐུས་འདི་ལ་བདེན་དཔང་འདང་ངེས་ཞིག་དང་། གྲོས་ཚོགས་ཕྱི་ནས་སྐད་གསེང་མཐཽན་པོས་བསྒྲགས་མ་སྤོབས་པ་ཡིན་ན་ཁོས་གྲོས་ཚོགས་ནས་བཤད་པ་ཚང་མ་དཀྲོག་གཏམ་རང་ལ་ངོས་འཛིན་རྒྱུ་ལས་མེད། འཇུ་ཆེན་གྱི་དེབ་ནང་ན་ཡོད་པ་རེད་ཟེར་བ་ཙམ་གྱིས་ཁྲིམས་གྱི་བདེན་དཔང་བྱ་མི་ཐུབ།
གཉིས། ལྡི་ལིའི་དོན་རྐྱེན་དེ་སྤྱི་འཐུས་སུ་དང་འབེྲལ་བ་ཁྱོན་ནས་མེད་པ་ཞིག་ལབ་ཀྱིན་ཡོད་པ་རེད་ལ། ལྷག་དོན་སྤྱི་འཐུས་ར་བ་ནས་གླེང་དགོས་པ་ཞིག་གཏན་མ་རེད།
གྲོས་ཚོགས་ར་བ་འདིའི་ནང་དུ་རབ་བྱུང་བའམ་ཆོས་བརྒྱུད་ཀྱི་སྤྱི་མཐུས་མེད་པར་བཟོས་སྟེ། འཛམ་གླིང་སྤྱི་མཚུངས་ལྟར་གྲོས་ཚོགས་ར་བ་འདི་ཆེ་ཚད་མཐོའི་སྤྱི་ཚོགས་དང་ཁོར་ཡུག་ཞིག་ཏུ་བསྒྱུར་དགོས།
བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་དེ་རིང་གང་གཙུགས་ནས་སྙོག་དྲ་བཟོ་འདོད་ནས་ང་རྒྱལ་ཆེན་པོས་བཤད་སྟངས་ལ་ཚང་མས་གཟིགས་དང་།
ཕྱི་སྟོན་པའི་ན་བཟའ་གྱོན་ཡང་། ནང་ཞེ་སྡང་དང་ཁོང་ཁྲོ་ངར་རྒྱལ་གྱིས་བརླམས་པའི་མི་ངན་ཐ་ཤར་འདིའི་རིགས་གྱིས་ང་ཚོའི་བོད་རིགས་ཀྱི་མཐུན་སྒྲིལ་དང་གུང་བུ་གཅིག་གྱུར་ལ་གཏོར་བཤིག་གཏོང་འདོད་ཀྱི་བསམ་སྦྱོར་ལོགས་པར་ལྟ་བའི་བྱ་སྤྱོད་ཕྱིར་བཏོན་པ་ནི་ཧ་ཅང་གི་བློ་ཕམས་ཀྱི་གནས་རེད། བྱེད་སྟངས་འདི་འདྲ་ནི་སྟོན་པའི་ན་བཟའ་གྱོན་མཁན་དང་རྒྱུད་ན་དགེ་ཚུལ་སློང་གི་དམ་ཚིག་ཡོད་འདོག་བསྟན་མཁན་ཞིག་གི་བྱ་སྤྱོད་ལས་རིང་དུ་བརྒལ་འདུག གལ་སྲིད་བོད་སྤྱི་ལ་ཕན་པའི་ཀུན་སློང་རྣམ་དག་གིས་བཤད་དགོས་པ་དང་སྒྲུབ་དགོས་པ་ཞིག་ཡིན་ན་འདིས་རིགས་ལ་གྲགས་འགུལ་གང་ཡང་མེད། གང་ལྟར་ཁོག་ཏུ་གདོན་ཞུགས་པ་ལྟ་བའི་མི་ངན་འདིས་རིགས་ཀྱིས་གྲོས་ཚོགས་རྭ་བ་གཏོར་བཤིག་གཏོང་རྒྱུ་དང་། དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་ངན་པ་ཕྱིར་བཏོན་པ་ནི། ལོ་རྒྱུས་ནང་གསུབ་ཏུ་མེད་པའི་ནག་ཉེས་ཚབ་ཆེན་བསགས་པ་རེད། ལྷག་པར་དུ་ཆོས་རྒྱུད་ཆེན་པོ་བཀའ་རྒྱུད་པའི་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་འགན་མ་གཟོད་པ་རེད། མི་མང་གིས་འོས་བླུག་པའི་སྐབས་སུ་ཁྱོད་དྲང་དང་མོ་བདེན་པར་སྨྲ་བའི་གཞུང་མང་བར་གྱི་ཟམ་པ་ལྟ་བུར་རེ་ནས་རྐུབ་སྟེགས་སྟིང་བཞག་པ་ལས། ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་དུ་དམིགས་པ་ཡིན་རྒྱུ་མ་རེད། དེས་ན་ཁྱོད་ལྟ་བུ་གྲོས་ཚོགས་ནས་དགོངས་པ་ཞུས་ན་ལེགས། ལར་ནས་རང་ཉིད་ཀྱིས་བཤད་པའི་སྐད་ཆ་དེར་རང་ཉིད་ཀྱིས་འགན་ཁུར་དགོས་པ་དེ་ཡང་གལ་ཆེན་པོ་རེད།
སྤྱིར་གནས་ཚུལ་འདིའི་རིགས་ལ་མང་ཚོགས་ངོས་ནས་འུར་ཞོགས་ལངས་ནས་ཧང་སང་སང་དང་། འཇིགས་ཡེར་ཡེར་བྱེད་དགོས་དོན་ཡོད་པ་མ་རེད། ཆབ་སྲིད་གླེང་ས་ནས་རྩོད་རྙོག་ཡོང་སྲིད་པ་རེད། ཡོང་དགོས་པ་རེད། བརྩད་ནས་གླེང་ནས་ཐག་གཅོད་དགོས་པ་རེད། གནས་ཚུལ་འདིའི་རིགས་འཛམ་གླིང་གི་དམངས་གཙོའི་གྲོས་ཚོགས་མང་པོའི་ནང་འོང་གིན་ཡོད་པ་རེད། ཡིན་ནའང་། མཐའ་མ་རྩོད་རྙོག་དེ་དག་ཁ་གསལ་གཏིང་གསལ་གྱི་སྒོ་ནས་རྒྱུ་མ་འདེད་འདེད་བྱས་ཏེ་མང་ཚོགས་གོ་འཛོལ་མ་ཐེབས་པ་ཞིག་བཟོ་དགོས་པ་རེད། འོན་ཀྱང་། དགོས་ངེས་ཀྱི་ཆ་རྐྱེན་མཐའ་མ་འདི་ང་ཚོའི་གྲོས་ཚོགས་ལ་ཆད་བསྡད་ཡོད་པ་རེད། ནམ་རྒྱུན་གྲོས་ཚོགས་ནང་སྒེར་དོན་གཞུང་དོན་གང་ཡིན་ཁ་གསལ་མེད་པའི་གླེང་རྙོག་རེ་གཡུག་རྗེས། དེ་གཟེད་བཀྲོལ་མི་བྱེད་པར་མང་ཚོགས་ནང་འཁྲུག་ཐེབས་བཅུག་ནས། མང་ཚོགས་ཁྲོད་ཆོལ་ཁ་དང་ཆོས་རྒྱུད་གྱི་རྨོངས་ཞེན་ཆགས་སྡང་སྤར་ཏེ། དེ་ལ་བརྟེན་ནས་སོ་སོར་འོས་ཤོག་རག་ཐབས་སོགས་ཆབ་སྲིད་ཀྱི་གཡོ་འཕྲུལ་འཁྲབ་བསྡད་ན་དེ་ཉེན་ཁ་ཆེན་པོ་རེད། ད་ལྟའི་བར་དུ་སྤྱི་འཐུས་ན་གཅིག་གིས་ཀྱང་མི་སྒེར་སོ་སོའི་ངོས་ནས་མི་མང་དང་སྤྱི་ཚོགས་ལ་སྤྱི་མི་ཞིག་གི་འགན་ཁྱེར་ཏེ། བཙན་བྱོལ་སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་དང་། བོད་རྒྱའི་གནད་དོན་སོགས་ཀྱི་ཐད་ལ་ཞིབ་འཇུག་ཡང་དག་བྱས་ཏེ་ཉམས་ཞིབ་ཀྱི་དེབ་བཏོན་པའི་ཐོག་ནས། གྲོས་ཚོགས་ནང་གྲོས་འཆར་དང་གྲོས་གཞི་བཏོན་བཞག་པ་དང་། མང་ཚོགས་ལ་རྟོགས་སད་ལམ་སྟོན་བྱས་བཞག་པའི་གནས་སྟངས། ཧ་ལམ་གཅིག་ཀྱང་བྱུང་མྱོང་ཡོད་མ་རེད་ཅེས་ལབ་ན་མ་ཆོག་པ་མེད་པའི་གནས་སྟངས་ཆགས་ཡོད།
དེ་བཞིན། ད་རེས་ཀྱི་གནས་ཚུལ་འདིའི་ངོས་ནས་བཤད་ནའང་། བརྒྱ་བཤད་ཚིག་གི་རྩ་བ་ནི། བཀུར་འོས་སྤྱི་འཐུས་རྣམས་ཀྱིས་བོད་མི་དམངས་ལ་འགན་འཁུར་གྱིན་མེད་པ་དེ། ཡང་བསྐྱར་ཐེངས་གཅིག་གསལ་འདོན་བྱས་པ་རེད།
གཅིག་ནས། གལ་སྲིད་ད་ལྟའི་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནི། བཀུར་འོས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གསུངས་པ་ནང་བཞིན། མི་གསོད་ཁྲག་སྦྱོར་གྱི་གནད་དོན་ཡོད་མཁན་གང་ཟག་ཅིག་ཡིན་པའི་དབང་དུ་བ་ཡིན་ན། གང་ཟག་གཅིག་གི་གནད་དོན་ཙམ་མ་ཡིན་པར། དཔལ་ལྡན་སྤྱི་འཐུས་ཚོགས་གཙོར་ག་འདྲ་སུ་སླེབས་པ་ཡིན་ནམ། བཀུར་འོས་སྤྱི་འཐུས་རྣམ་པས་འགན་ཅི་འདྲ་ཞིག་ཁྱེར་ནས་དཔལ་ལྡན་ཚོགས་གཙོ་རུ་བླུགས་པ་ཡིན་ནམ། རང་དབང་ལྡན་པའི་འོས་བསྡུ་ལས་ཁུངས་ཀྱི་ངོས་ནས་འགན་ག་འདྲ་ཞིག་ཁྱེར་ནས་སྤྱི་འཐུས་འོས་མིར་ངོས་འཛིན་བྱུང་བ་ཡིན་ནམ། མདོ་སྨད་མི་མང་གིས་འགན་ག་འདྲ་ཞིག་ཁྱེར་ནས་སྤྱི་འཐུས་སུ་བླུགས་པ་ཡིན་ནམ། འདི་དག་ཐམས་ཅད་ལ་འབྲེལ་བ་ཡོད་པས་དོགས་གཞི་འདི་དག་ཚང་མ་མང་ཚོགས་ལ་གསལ་བོ་བཟོ་དགོས་པ་རེད།
གཉིས་ནས། གལ་སྲིད་ད་ལྟའི་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་དེ་ལྟའི་གནས་ཚུལ་མེད་པར། བཀུར་འོས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ནས་སྨྱོན་འཛུགས་བྱས་པ་རང་ཡིན་པའི་དབང་དུ་བཏང་ན། བཀུར་འོས་སྤྱི་འཐུས་གང་ཉིད་ཀྱིས་བོད་མིའི་གྲོས་ཚོགས་ལ་གུས་བརྩི་བྱེད་མ་དགོས་པ་ཡིན་དམ། གྲོས་ཚོགས་ར་བ་འདི་སོ་སོའི་ཆགས་སྡང་འཁོན་སེམས་ངོམས་ས་བྱས་ཆོག་པའི་ཡིན་ནམ། བསམ་བཞིན་དུ་གྲོས་ཚོགས་ནང་རྙོག་ཟིང་བཟོ་བཞིན་པ་ཡིན་ནམ། བསམ་བཞིན་མང་ཚོགས་ནང་འཁྲུག་ཐེབས་འཇུག་གིན་པ་ཡིན་ནམ། གྲོས་ཚོགས་འཐུས་མི་ཚང་མའི་ངོས་ནས་དེར་ཅི་ལྟར་འགན་ལེན་རྒྱུ་ཡིན་ནམ། བཀའ་རྒྱུད་སྤྱི་འཐུས་སུ་འོས་བླུགས་མཁན་དད་ལྡན་མང་ཚོགས་ངོས་ནས་ཅི་ལྟར་འགན་ལེན་རྒྱུ་ཡིན་ནམ། འདི་དག་ཐམས་ཅད་ལ་འབྲེལ་བ་ཡོད་པས་དོགས་གཞི་འདི་དག་ཚང་མ་མང་ཚོགས་ལ་གསལ་བོ་བཟོ་དགོས་པ་རེད།
གོང་གསལ་དོགས་གཞི་གནད་དོན་འདི་དག་གསལ་བོ་བཟོ་ཐུབ་པ་བྱུང་བ་ཡིན་ན། དེ་ནི་གང་སྒེར་རེ་ཟུང་གི་གནད་དོན་ཆགས་འགྲོ་གི་རེད། གལ་སྲིད། གོང་གསལ་དོགས་གཞི་གནད་དོན་འདི་དག་གསལ་བོ་བཟོ་མ་ཐུབ་པ་ཡིན་ན། དེ་ནི་གང་ཟག་སྒེར་གྱི་གནད་དོན་ཙམ་མ་ཡིན་པར། གྲོས་ཚོགས་ར་བ་འདིའི་གཏིང་རིམ་ན་གནས་པའི་གནད་དོན་ཞིག་དང་། བོད་མི་མང་སྤྱི་འཐུས་སྤྱི་ཡོངས་ལ་རག་ལས་ཡོད་པའི་གནད་དོན་ཞིག རང་དབང་ལྡན་པའི་འོས་བསྡུ་ལས་ཁུངས་ལ་རག་ལས་ཡོད་པའི་གནད་དོན་ཞིག འོས་ཤོག་གི་བདག་པོ་བོད་རིགས་མང་ཚོགས་ལ་རག་ལས་ཡོད་པའི་གནད་དོན་ཞིག་སྟེ། མདོར་དྲིལ་ན་འུ་ཅག་བཙན་བྱོལ་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཆགས་ཀྱིན་ཡོད་པ་རེད།
དེ་བས་གནས་ཚུལ་འདི་རིགས་དངོས་གནས་དྲང་གནས། ཕྱི་ནང་མེད་པར་ཁ་གསལ་གཏིང་གསལ་ཞིག་དང་། མང་ཚོགས་ཀྱི་སེམས་སུའང་ཡིད་ཆེས་འཕེར་བ་ཞིག་བཟོ་དགོས་རེད། འདིའི་ཐད་མང་ཚོགས་རང་ཉིད་ལའང་འགན་ཡོད་པ་རེད། བདའ་འདེད་གཏོང་དགོས་པ་རེད། སོ་སོའི་གྲོས་ཚོགས་དེ་ག་འདྲ་ཞིག་ཆགས་མིན་ནི་མང་ཚོགས་སྤྱི་ལ་འགན་ཡོད་པ་རེད། ཆབ་སྲིད་པ་ཚོའི་ཆགས་ཞེན་སློང་བའི་དྲིལ་བསྒྲགས་ཀྱི་རྩེད་མོའི་འོག སྐད་ཅིག་མའི་སེམས་ཚོར་ཐོལ་བྱུང་བ་ཞིག་དང་བསྟུན་ནས། གསང་སྤྱོད་དུ་འཛུལ་ཏེ་གཙང་ཤོག་ངོས་ལ་སྐྱག་པ་ཕྱིས་ནས་འདོར་བ་ལྟ་བུའི་འོས་ཤོག་ལེབ་མོ་རེ་གཡུག་རྗེས། སོ་སོར་འབྲེལ་བ་མེད་མདོག་གིས་སྣང་བ་དག་པའི་ལབ་བརྡོལ་རང་བྱས་ཏེ་ཉི་མ་གཏོང་ཐབས་བྱས་ན། མཐའ་མ་དེར་གྱོང་རག་མཁན་མི་མང་རང་ཉིད་ཡིན་པ་དེ་གསལ་བོ་མཁྱེན་པ་རེད།
༡༽ ད་རེས་ཚོགས་གཙོ་སྤེལ་པ་ཚེ་རིང་གིས་རྒྱུ་མཚན་གསལ་བཤད་དང་བཅས་གྲོས་ཚོགས་ནས་དགོངས་པ་ཞུས་ནས་ཕྱི་རུ་ཐོན་པ་དེ་འགྲིག་བསྡད་ཡོད་པ་རེད། གྲོས་ཚོགས་ལ་སྟངས་འཛིན་བྱེད་མཁན་གྱི་ཚོགས་གཙོ་ཡིན་པའི་ངོས་ནས་ལམ་ཁ་དེ་མ་གཏོགས་ལྷག་ཡོད་པ་མ་རེད། ཡིན་ནའང་། གནས་ཚུལ་འདི་མང་ཚོགས་ལ་གསལ་ཁ་མ་བྱུང་པར་བསྐྱར་དུ་གྲོས་ཚོགས་སུ་ཕྱིར་ཕེབས་པ་ཡིན་ན། གྲོས་ཚོགས་ལ་གུས་བརྩི་མ་བྱས་པར་རྩེད་སྤྱད་བཟོས་པ་ཞིག་ཆགས་ཀྱིན་ཡོད་པ་རེད།
༢༽ སྤྱི་འཐུས་བསྟན་པ་ཡར་འཕེལ་ནས། གྲོས་ཚོགས་ནང་སྤྱི་རྒྱུ་སྒེར་བདག་བྱེད་མཁན། ལྐོག་ཟ་རུལ་སུངས་བྱེད་མཁན། མི་གསོད་ཁྲག་སྤྱོར་བྱེད་མཁན་ཡོད་པ་རེད་ཟེར་ནས་གསུངས་པ་རེད།(ཁ་གསལ་དུ་བཏང་ན་ད་ལྟའི་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་། དེ་སྔའི་མདོ་སྨད་སྤྱི་ཟུར་སྒྲོལ་དཀར་ལྷ་མོ། ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བཅས་ཡིན་པར་བསྟན་ཡོད།) དངོས་གནས་དེ་ལྟར་རང་ཡིན་ནས་ཆགས་སྡང་འཇིགས་ཞུམ་བྲལ་བའི་སྒོ་ནས་བཤད་པ་ཡིན་ཚེ་རྗེས་སུ་ཡི་རངས་ཞུ་དགོས་པའི་གནས་སོ། ད་ནི་གྲོས་ཚོགས་ཕྱི་རོལ་ནས་བཤད་རོགས་ཅེས་འབོད་སྐུལ་ཞུས་པ་ལྟར། སྤྱི་ཚོགས་ཐོག་ཐོན་ནས་ཐེར་འདོན་དང་ཁྲིམས་ཁར་སྐྱེལ་དགོས་པ་རེད། ད་དུང་གྲོས་ཚོགས་ར་བའི་སྐད་ཆ་ཁྲིམས་གཏུགས་བྱ་མི་ཆོག་པའི་ནག་ཁུང་དེར་རྐུབ་བཙུག་ནས་མུ་མཐུད་སྐུང་བསྡད་པ་ཡིན་ན། དེ་ནི་བསམ་བཞིན་གྲོས་ཚོགས་གུས་བརྩི་མ་བྱས་པར་རྩེད་མོ་རྩེད་སྤྱད་བྱས་རང་ཆགས་འགྲོ་གི་རེད།
གང་ལྟར་གྲོས་ཚོགས་ར་འདི་རྩེད་མོ་རྩེད་ས་ཞིག་ཏུ་གཏོང་གི་ཡིན་མིན་དེ། གོང་གསལ་འབྲེལ་ཡོད་དོ་བདག་གཉིས་ཀྱི་གཙོས། བོད་མི་མང་སྤྱི་འཐུས་གྲོས་ཚོགས་དང་བོད་རིགས་སེར་སྐྱ་མང་ཚོགས། འབྲེལ་ཡོད་སྡེ་ཁག་བཅས་ཚང་མ་སྤྱི་ལ་འགན་ཡོད་པ་རེད།
ངས་དེ་སྔོན་ནས་ཞུ་རྒྱུ་བྱུང་། རང་རེའི་སྤྱི་ཚོགས་ཁྲོད། ཆབ་སྲིད་དང་སྤྱི་ཚོགས་རིག་པའི་ཐད་གོ་རྟོགས་ཡོད་མཁན་ཧ་ཅང་ཉུང་ཉུང་རེད། དེའི་དབང་གིས། ཤོད་མི་དགོས་པའི་སྐད་ཆ་བཤད་པ་དང་། བྱེད་མི་དགོས་པའི་ལས་ཀ་ཕར་མ་མི་ཉུང་བ་ཞིག་སྤྱི་ཚོགས་ཀྱི་ལྡིང་ཆའི་ཐོག་ནས་མཐོན་ཡོང་གི་ཡོད། ད་རེས་སྤྱི་འཐུས་གྲོས་ཚོགས་སྐབས་སུ་བྱུང་བའི་དོན་རྐྱེན་དེ་ཡང་། ཆབ་སྲིད་ཀྱི་གོ་རྟོགས་མེད་མཁར། འགན་ཁྲིའི་བསམ་བློ་མེད་་པའི་སྐད་ཆ་དེ་རིགས་བྱུང་བ་རེད། དེའི་རྐྱེན་ནི། གཞུང་གི་ལྡིང་ཆ་ཞིག ཁུང་ལུང་དང་གཞི་རྩ་གཏན་ནས་མེད་པའི་སྐད་ཆ་ཤོད་ས་གཅིག་ཏུ་གྱུར་བ་རེད། དེ་ལྟ་བུའི་སྐད་ཆ་དེ་རིགས། མུ་མཐུད་སྤྱི་འཐུས་གྲོས་ཚོགས་ནང་མི་མང་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བརྗོད་ན། ཧ་ཅང་གི་ཐལ་ཆ་ཆེ་ལ། ཉེན་འཚབ་ཆེ་བའི་བྱ་སྤྱོད་ཞིག་ཏུ་གྱུར་ངེས་རེད། དེ་ནི་བསམ་ཕོད་ལ་བཤད་ཕོད་པའི་བྱ་སྤྱོད་མིན་པར། བསམ་ཕོད་ལ་བཤད་ཕོད་ཀྱང་། ལྐུག་རྟགས་ཚ་བའི་བྱ་སྤྱོད་རང་རེད་མ་གཏོགས། རང་ཚུགས་དང་འགན་ཁྱེར་བའི་སྐད་ཆ་ཞིག་མ་རེད། དེར་བརྟེན། སྤྱི་འཐུས་གྲོས་ཚོགས་ར་བའི་སྟེང་སྤྱི་འཐུས་ཚོས་རང་ཉིད་མི་མང་གི་སྐུ་ཚབ་ཡིན་པའི་ཐོག་ནས། མི་མང་ལ་འགན་ཁྱེར་དགོས་པ་དེ་གལ་ཆེན་པོ་རེད། དེ་མིན་སྤྱི་འཐུས་རྣམས། ཁྱི་འཐུས་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད།
དངོས་གནས་སྤྱི་མཐུས་བསྟན་པ་ཡར་འཕེལ་རང་གིས་གསུང་སོང་ང་། ཁོང་ལ་ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་ཡོད་ཟེར་དུས་དེ་བཤད་མ་བཅུག་པར་མི་སྒེར་གྱི་གནད་དོན་ཡིན་པའི་བཟོ་འདྲ་བཤད་ནས་ཕྱི་ནས་ཤོད་ལབ་པ་གད་མོ་ཤོར་བ་རང་མ་རེད་པས། སྤྱི་མཐུས་བསྟན་པ་ཡར་འཕེལ་མཆོག་ནས་ཚོགས་གཙོ་མི་གསོད་ཁྲག་སྦྱོར་དང་འབྲེལ་བ་འདུག་ཟེར་དུས་དེ་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་སྐྱོན་འཛུགས་བྱས་པ་གྲོས་ཚོགས་དང་འབྲེལ་བ་ཆགས་པའི་སྐད་ཆ་གྲོས་ཚོགས་ནང་དུ་བཤད་མ་ཆོག་པ་གང་ཡིན་ནམ།
སྤྱི་འཐུས་ཚོགས་གཙོར་སྐྱོན་འཛུགས་བྱས་པ་དེ་སྤྱི་འཐུས་ཚང་མ་ལ་བྱས་པ་གོ་དགོས་ཞེས་དྲྭ་གྲོགས་ཁག་ཅིག་གིས་གསུང་འདུས་པ་དེ་ཏག་ཏག་ཨེ་ཡིན་ན་དྲན། གང་ལགས་ཞེས་ན། དཔེར་ན་རྐང་པ་རྡོ་ལ་ཐུག་ཟེར་ན་ལུས་པོ་ཆ་ཚང་རྡོ་ལ་ཐུག་པའི་གོ་བ་མ་ཡིན་པ་བཞིན། རིགས་ལམ་གཏོགས་ཙམ་གཟིགས་ན་ཡག་ག་ལ།
རང་སྣང་གང་ཤར་ཤོད་པའི་སྤུན་གྲོགས་ཚོ། ད་སྐབས་ད་སྤྱི་ཚོགས་འདིའི་ནད་ངན་དེ་ལོ་རེ་བཞིན་སྐྱོ་རུ་འགྲོ་བཞིན་འདུག དེ་རིང་ཡང་ཅུང་ཙམ་འཕར་འདུག ཡིན་ཡང་མི་གཅིག་རང་དང་འབྲེལ་བས་སྐྱོན་ཅི་ཡང་ཡོད་མ་རེད། སྟོས་དང་ཆོག ཉིན་ཤས་ཀྱི་ནང་དུ་དེ་ལས་ཀྱང་ཟུག་གཟེར་ཅན་གྱི་ནད་ངན་འདི་ངེས་པར་དུ་ཐེངས་གཅིག་འཕར་ངེས། སྐབས་དེར་སྤྱི་ཚོགས་ཆུང་ཆུང་འདིའི་ཚེ་སྲོག་ལ་ཡང་ཉེན་ཁ་ཡོད་རྒྱུ་རེད་བསམ། སྤྱི་ཚོགས་འདི་ད་དུང་འཚོ་བར་འདོད་ན། དོ་དགོངས་ནས་སྐྱ་མིན་སེར་མིན་དེ་དག་གྲོས་ཚོགས་ནས་འདེད་དགོས་པས། ང་ཚོས་ངེས་པར་དུ་དེའི་ཕྱོགས་ལ་འབད་དགོས། ཤེས་སོང་ངམ། སེམས་ལ་ཟུང་།
ཧ་ཅང་སེམས་པ་ཕམ་པ་བཟོས་སོང་། བོད་མི་མང་གི་སྤྱི་འཐུས་ཞིག་གིས་ཕྱི་ལོག་གི་གད་སྙིགས་ཀྱི་སྐད་ཆ་གྲོས་ཚོགས་རྭ་བར་བཤད་ཅིང་སླར་ཡང་གྲོས་ཚོགས་གཏོར་རྩིས་བྱས་པ་འདི་ཅི་འདྲའི་ཡིད་ཕམ་པོ་ཞིག་རེད། སྤྱི་ཚོགས་ཀྱི་འགན་ཁུར། བོད་མིའི་འགན་ཁུར། བོད་ཀྱི་ངོ་གདོང་ཡོངས་རྫོགས་ལ་ཐུགས་བསམ་ཞིབ་བཞེས་མེད་པར། བདེན་མིན་གང་ལྟར་གང་བྱུང་ཁར་ཐོན་ཚད་བཤད་པས་ཧ་ཅང་ཡིད་ཕམ་བྱུང་། ད་ནི་གང་ལྟར་ཁུངས་སྐྱེལ་མེད་ན་གཉིས་ཕན་དགོངས་དག་ཞུས་ན་བཟང་།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་དང་འབྲེལ་བ་གཏིང་ཟབ་ཡོད།
བསམ་གྲུབ།
བཀུར་འོས་བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས། བཙན་བྱོལ་བོད་མིའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མི་གསོད་ལག་དམར་བ་ཡིན་ཚུལ་གྲོས་ཚོགས་སུ་གཏམ་བཤད་དང་སྐྱོན་བརྗོད་བྱས་པ་ལ། བོད་མིའི་ཁྲོད་དུ་གླེང་སློང་སྣ་ཚོགས་ཡོང་བཞིན་མཆིས།
ད་ཐེངས་ཀྱི་གནས་ཚུལ་འདི་ནི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་འབྲེལ་བ་གཏིང་ཟབ་ཆགས་ཡོད། རྒྱུ་མཚན་ནི། གལ་ཏེ་གནས་ཚུལ་འདི་བདེན་པ་ཡིན་པའི་དབང་དུ་བཏང་ན། ཚོགས་གཙོ་ལག་དམར་བ་ཞིག་ཡོད་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་མཚན་ཤས་རེད། འོན་ཀྱང་གནས་ཚུལ་དེ་བདེན་པ་མིན་པར། གང་བྱུང་ཁུངས་ལུང་མེད་པར་ཆགས་སྡང་འཁོན་འཛིན་གྱིས་གྲོས་ཚོགས་སུ་བཤད་པ་ཡིན་ན། དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཚན་ཤས་རེད། རྒྱུ་མཚན་ནི་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་སྒྲིག་སྲོལ་བེད་སྤྱོད་ལོག་པར་བཏང་ནས་བཀུར་འོས་ཚོགས་གཙོ་ཞིག་ལ་དོན་མེད་མཚན་ཤས་བཟོས་པ་རེད།
དེར་བརྟེན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་རྣམ་པས་ཐབས་ལམ་ཡོད་ཚད་ཀྱིས། ད་ཐེངས་ཀྱི་གནས་ཚུལ་འདི་བཞིན་ལྷ་ཡིད་ཆེས་པ་དང་། འདྲེ་ཁོ་ཐག་ཆོད་པ་ཞིག་ངེས་པར་དུ་བཟོ་དགོས། དེ་ལྟར་སྣང་མེད་ནར་འགྱངས་སུ་ལུས་ཚེ། གྲོས་ཚོགས་འདི་མི་གསོད་ལག་དམར་བས་ཁེངས་སྲིད་པ་རེད་ལ། ཡང་ན་སྒེར་འཁོན་རྩོད་སའི་དམག་ས་ཞིག་ཆགས་སྲིད་པ་རེད།
གལ་ཏེ་དེ་འདྲ་ཞིག་ཆགས་ཚེ། རྒྱ་ཆེའི་བོད་མི་དམངས་ཀྱི་བློ་གཏད་བཅོལ་སའི་བོད་གཞུང་དེའི་ལོ་རྒྱུས་རྫོགས་ཟིན་པར་བརྩི་ཆོག།།།
ཁ་བརྡ་ལགས་ཀྱིས་ཟླ་ཚེས་March 19th, 2015 ལ་ བསམ་ཚུལ། སྡེ་ཚན་དུ་སྤེལ|
རྗེས་འདེད་ དྲ་བྱང་། | དཔྱད་མཆན་གཅེས་བཏུས།
“ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་དང་འབྲེལ་བ་གཏིང་ཟབ་ཡོད། ”སྐོར་ལ་་2 Comments་འདུག
# 1 ཚེ་བཀྲ།་ལགས་ཀྱིས་མཆན་བཏབ་པ།:
March 19th, 2015 at 1:08 PM
ཐབ་སྡུག་གི་གནས་ཚུལ་ཞིག་རེད། ང་ཚོའི་སྤྱི་ཚོགས་འདིར་༧རྒྱལ་བ་ཡིད་བཞིན་ནོར་བུ་ལས་ལྷག་པའི་བོད་དོན་འཐབ་རྩོད་གནང་མཁན་ཁ་ཞེ་གཉིས་མེད་ཅིག་ཨེ་ཡོད།
# 2 བྱམས་པ།་ལགས་ཀྱིས་མཆན་བཏབ་པ།:
March 19th, 2015 at 1:11 PM
ཆོལ་ཁ་དང་ཆོས་རྒྱུད་ཀྱི་ཞེན་ཁོག་མེད་པའི་གཟུར་གནས་བོད་རིགས་མཐོ་སློབ་འགྲིམ་མཁན་དང་། ཤེས་ཡོན་་ཅན་གྱི་གྲྭ་པ། དགེ་རྒན། མི་དམངས། བཀའ་ཟུར་དང་། ཤེས་ཡོན་ཅན། སྤྱི་ཟུར། བུ་མེད། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཚང་མས་ད་རེས་ཁ་ཁུ་མི་སིམ་པར་གནད་དོན་འདིར་བརྡ་འདེད་ཅིག་ངེས་པར་བྱ་དགོས། དེ་མིན་བོད་མི་སྒྲིག་འཛུགས་འདི་ཉིད་འཐོར་རྒྱུ་རེད།
དངོས་གནས་གྲོས་ཚོགས་ནང་གྲྭ་པ་ཡོད་ན་ཡག་པོ་འདུག བསྟན་པ་ཡར་འཕེལ་འདི་བཤད་ཕོད་མཁན་ཞིག་རེད་འདུག དེ་མིན་སྤྲེའུ་ལད་འཁྲབ་མཁན་མ་གཏོག་དངོས་ཡོད་གནས་སྟངས་བཤད་ཐུབ་མཁན་ཁག་པོ་རེད་འདུག
སྤྱི་འཐུས་ཚོགས་གཙོར་མི་གསོད་ཁྲག་སྦྱོར་བྱེད་མཁན་གྱི་བསྙོན་འཛུགས་བྱས་འདུག དེ་ནི་སྤྱི་འཐུས་མང་ཆེ་བར་བསྙོན་འཛུགས་བྱས་པ་དང་ཁྱད་མེད། གང་ཡིན་ཟེར་ན། སྤྱི་འཐུས་ཚོགས་གཙོར་འོས་འདེམས་གནང་མཁན་གྲོས་ཚོགས་ར་བའི་ནང་གི་སྤྱི་འཐུས་མང་ཆེ་བ་ཡིན། སོང་ཙང་། གནས་ཚུལ་འདི་གསལ་ཐག་མ་ཆོད་པར་འགྲོ་ལུགས་བྱས་ན། སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་ཚོགས་གཙོར་འོས་འདེམས་མཁན་གྲོས་ཚོགས་ར་བ་ནང་གི་སྤྱི་འཐུས་ཚང་མ་ལ་འགན་ཁུར་ཡོད། གནད་དོན་འདི་ཉིད་ཁྲུན་ཐག་མ་ཆོད་པར་བཟང་སྤྱོད་ཀྱི་ལམ་ནས་ཟེར་ན་འདྲ། འགན་འཁྱེར་བའི་བྱ་སྤྱོད་ཟེར་ན་འདྲ། གང་ལྟར་གྲོས་ཚོགས་ར་བ་ནང་མཉམ་ཞུགས་བྱེད་སྟངས་མེད་པ་ཞིག་ཆགས་ཡོད།
དོ་ནུབ་རྒྱ་ནག་གཞུང་གིས་གསོལ་སྟོན་གྲ་རྒྱས་པོ་ཞིག་བཤམས་ནས་བཙན་བྱོལ་བོད་མིའི་གྲོས་ཚོགས་ལས་རིམ་ལ་བལྟས་ནས་ཧབ་ཆ་དང་དགོད་སྒྲས་ཁེངས་ཡོད་རྒྱུ་རེད། གཞིས་བྱེས་མི་མང་རྣམས་བློ་ཕམ་དང་ཡིད་སྐྱོའི་ངང་གྲོས་ཚོགས་ལས་རིམ་ལ་ལྟ་བཞིན། ངོ་ཚོའི་མི་རིགས་འདི་ལ་ཁ་སྟབས་འདི་ལས་མེད་ན་མི་རབས་ནས་མི་རབས་དམྱལ་བ་ལྟ་བུའི་སྡུག་བསྔལ་འདི་ལས་ཐར་བའི་རེ་བ་བྲལ་ཁར། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་རྩིས་མེད་དུ་གཏོང་བ་དང་། ལྷག་པར་༧གོང་ས་མཆོག་གི་ཐུགས་རེ་ཆུ་ཟོས་གཏོང་སོང་སྙམ་ནས་བློ་ཕམ་བྱེད་ཀྱི་ཡོད་པའི་སྒང་ཡིན་རྒྱུ་རེད།
དུས་བབ་ཚང་ལ་བཀའ་དྲིན་ཆེ། སྐུ་ངལ་ལ་མ་འཛེམས་པར་གནས་ཚུལ་ཆ་ཚང་བཀོད་འདུག
གྲྭ་རྒན་འདི་ཆོས་རྒྱུད་ཆོལ་ཁ་སུ་ཞིག་གི་སྤྱི་འཐུས་ཡིན་ན་མི་མང་རང་གིས་བདག་པོ་རྒྱབ་སྟེ་འགྲོ་སྟངས་དང་བཤད་སྟངས། སྐད་ཆ་གང་ཞིག་གནས་གང་དུ་དུས་ནམ་གྱི་ཚེ་བཤད་ཆོག་པ་དང་མི་ཆོག་པ་སོགས་ཀྱི་ཁྲིམས་ཀྱི་འགྲོ་སྟངས་ཤེས་སུ་བཅུག་སྟེ་གྲོས་ཚོགས་ནང་དུ་བསྐྱལ་ན་གནས་ཚུལ་འདི་འདྲ་ཡོང་གི་མ་རེད།
ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་ལགས་ལ་བཀའ་དྲིན་ཆེ། གནས་ཚུལ་འདི་འདྲ་བ་ཞིག་གི་འོག་ནས་མི་མང་དང་སྤྱི་ཚོགས་ལ་ཐུགས་བསམ་བཞེས་མཁན་ཞིག་ཡིན་ཕྱིན་འགྲིག་ཁྲིམས་ལ་རྩི་སྲུང་དང་ལག་བསྟར་བྱེད་པའི་ཐབས་འདི་ལས་ལྷག་པ་གང་ཞིག་ཡོད།
དུས་བབ་ཚང་ལ་བཀའ་དྲིན་ཆེ། སྐུ་ངལ་ལ་མ་འཛེམས་པར་གནས་ཚུལ་ཆ་ཚང་བཀོད་འདུག
གྲྭ་རྒན་འདི་ཆོས་རྒྱུད་ཆོལ་ཁ་སུ་ཞིག་གི་སྤྱི་འཐུས་ཡིན་ན་མི་མང་རང་གིས་བདག་པོ་རྒྱབ་སྟེ་འགྲོ་སྟངས་དང་བཤད་སྟངས། སྐད་ཆ་གང་ཞིག་གནས་གང་དུ་དུས་ནམ་གྱི་ཚེ་བཤད་ཆོག་པ་དང་མི་ཆོག་པ་སོགས་ཀྱི་ཁྲིམས་ཀྱི་འགྲོ་སྟངས་ཤེས་སུ་བཅུག་སྟེ་གྲོས་ཚོགས་ནང་དུ་བསྐྱལ་ན་གནས་ཚུལ་འདི་འདྲ་ཡོང་གི་མ་རེད།
ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་ལགས་ལ་བཀའ་དྲིན་ཆེ། གནས་ཚུལ་འདི་འདྲ་བ་ཞིག་གི་འོག་ནས་མི་མང་དང་སྤྱི་ཚོགས་ལ་ཐུགས་བསམ་བཞེས་མཁན་ཞིག་ཡིན་ཕྱིན་འགྲིག་ཁྲིམས་ལ་རྩི་སྲུང་དང་ལག་བསྟར་བྱེད་པའི་ཐབས་འདི་ལས་ལྷག་པ་གང་ཞིག་ཡོད།
དེ་རིང་གྲོས་ཚོགས་ནང་གི་རྙོག་གླེང་འདི་ལ་འཛིན་སྐྱོང་བཀའ་ཤག་ཁུ་སིམ་པར་མི་བཞུགས་པར་འགན་འཁྱེར་དགོས་ཀྱི་འདུག དཀར་ནག་གི་དབྱེ་བ་གསལ་བོར་འབྱེད་དགོས་ཀྱི་འདུག གནས་ཚུལ་ཚབས་ཆེན་རེད། བོད་གཞིས་བྱེས་གཉིས་ནས་དཔལ་ལྡན་སྲིད་སྐྱོང་དང་། སྤྱི་འཐུས་ཚོགས་གཙོ་གཉིས་ལ་རེ་བ་ཆེ། ཚོགས་གཙོར་མི་བསད་པའི་ཉེས་འཛུགས་བྱས་པ་འདི། གྲོས་ཚོགས་ར་བའི་ནང་གི་སྤྱི་འཐུས་མང་ཆེ་བར་ཉེས་འགེལ་བྱས་པ་དང་ཁྱད་པར་མེད། མི་གསོད་མཁན་ཞིག་སྤྱི་འཐུས་ཚོགས་གཙོར་འགོད་མཁན་དེས་ཆོལ་ཁ་གསུམ་དང་ཆོས་རྒྱུད་ཁག་གིས་གྲུབ་པའི་སྤྱི་འཐུས་མང་ཆེ་བ་ཆགས་ཡོད། ཁོང་ཚོ་བོད་མི་དམངས་ཀྱི་མགྲིན་ཚབ་ཡིན། མདོར་ན་བོད་མི་དམངས་ལ་ཉེས་འཛུགས་བྱས་པ་དང་ཁྱད་པར་མེད། ད་ལྟོས་དང་། གྲོས་ཚོགས་ར་བ་འདི་ལ་ལྟོས་དང་། རེ་བ་ཞིག་འདུག་གམ། བོད་མི་ཚོ། འདི་ན་ང་ཚོར་ཆོལ་ཁའི་འཐེན་འཁྱེར་དེ་མི་དགོས། འདི་ན་ང་ཚོར་ཆོས་རྒྱུད་ཀྱི་ཞེན་ཁོག་དེ་མི་དགོས། ང་ཚོ་དགོས་པ་ནི་ཤེས་འཇོན་གཉིས་ལྡན་གྱི་བོད་མི་རིགས་ལ་ཕན་ཐོགས་ཡོད་པའི་སྲིད་སྐྱོང་ཞིག་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་ཞིག་དགོས་ཀྱི་ཡོད། ད་རེས་གྲོས་ཚོགས་ནང་གི་གནས་ཚུལ་འདི་ལ་བོད་དོན་རྒྱབ་སྐྱོར་བ་དང་། ཕྱི་རྒྱལ་གྲོས་ཚོགས་ཁག་གི་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་བལྟས་ནས་ཡོད་པས། ངེས་པར་དུ་ཕྱི་གསལ་ནང་གསལ་ཞིག་མ་བཟོས་ཚེ་ཕྱོགས་ཐམས་ཅད་ནས་རེ་བ་བརླག་བྱེད་ཀྱི་རྒྱུ་རྐྱེན་ཉག་གཅིག་ཆགས་རྒྱུ་རེད། ལྷག་པར་གཞིས་ལུས་བོད་མི་ཚོ། དེང་སྐབས་བརྡ་འཕྲིན་གྱི་དུས་རབས་ཡིན་ཙང་གནས་ཚུལ་ལམ་སེང་ཁྱབ་ཐུབ་ཀྱི་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད།
༧གོང་ས༸་མཆོག་ཞལ་བཞུགས་སྐབས་བྱུང་བའི་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་ལྐོག་ཟ་རུལ་སུངས་བྱེད་མཁན་རྣམས་རྒྱ་གར་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད། མི་གསོད་ཁྲག་སྦྱོར་བྱེད་མཁན་ཡང་མི་ལོ་ཁ་ཤས་ནང་ལ་བྱུང་བ་དང་ཉེ་ཆར་རང་ལ་བྱུང་ཡུལ་གཉིས་ལྡི་ལི་མ་ཅཱེང་ཊེ་ལ་རང་རེད། དེ་མིན་གྲྭ་སའི་དགེ་སློང་དག་ཀྱང་མི་གསོད་ཁྲག་སྦྱོར་ནང་དུ་ཚུད་ཡོད། ཡང་གནད་དོན་འདིའི་ཐད་ནས་ཉེ་ཆར་རིང་བྱུང་བ་སྐབས་འདིའི་གྲོས་ཚོགས་སུ་གླེང་དགོས་པའི་དམིགས་ཡུལ་གང་ཡིིན། རྒྱུ་མཚན་གང་ཡིན། ཁྲག་སྐམ་མེད་ན་གླེང་དགོས་པ་ཨེ་རེད། གྲོས་ཚོགས་སུ་བཀའ་བློན་ཁྲི་བར་ཕེབས་མ་ཐུབ་པའི་རྒྱུ་མཚན་མི་གསོད་ཁྲག་སྦྱོར་བྱེད་པའི་ཡུལ་དང་དུས། བདེན་དཔང་བཅས་ཡོད་དགོས། སྤྱིར་ཆོས་བརྒྱུད་སྤྱི་འཐུས་ཀྱིས་ཆོས་བརྒྱུད་གཅིག་གི་སྤྱིའི་ཚབ་མཚོན་འཐུས་པའི་ཕྱག་ལས་འདི་ཨེ་རེད།
དྲྭ་གྲོགས་ཚོ། བོད་ཀྱི་ཚོགས་གཙོ་མཆོག་དང་། བཀུར་འོས་སྤྱི་འཐུས་ཟུང་གི་བཀའ་མོལ་ལ་བརྟག་དཔྱད་མེད་པར་ཕྱོགས་གཉིས་གང་ཡང་རུང་བའི་ཕྱོགས་སུ་བཟུང་ནས་དགའ་མིན་དགའ་དོགས་ཀྱི་ཚིག་མཚོན་ཞེ་ཅིག་བརྒྱབ་བསྡད་ན་ཕན་ཐོགས་ཅི། དེ་ལས་ཁོང་རང་གཉིས་བཟང་སྤྱོད་ལྡན་པའི་ངང་ནས་དག་བསྐྱེལ་བྱེད་ན་བཟང་ངོ་ཤར།
དྲ་གྲོགས་ཚོ་སེམས་རྟིང་ནས་དགོངས་པ་ཞག་བཞེས་དང་། གྲྭ་པ་གྲྭ་རྐྱང་ཟེར་བ་དེ་དངོས་གནས་གཡོལ་ཟོལ་མི་ཤེས་པར་དོན་དངོས་གང་མཐོང་བར་བཤད་ཕོད་ཀྱི་འདུག དེ་མིན་གཞན་དེ་ཚོར་ལྟོས་དང་གྲོས་ཚོགས་དེའི་ནང་དུ་འདྲ་ཆགས་ཆགས་བཤད་པ་མ་གཏོགས་དོན་དངོས་ཐེར་འདོན་ཐུབ་མཁན་ཁག་པོ་རེད། ངས་དྲང་པོ་བཤད་ན་གྲྭ་དེ་འདྲ་བ་ང་ཚོའི་སྤྱི་ཚོགས་ནང་དུ་ཉུང་དྲགས་འདུག་བསམ། ང་ཚོ་དེ་དྲ་མང་ཙམ་ཡོད་ན་ཁ་ཡོད་ལག་ཡོད་ཀྱི་གཞུང་མང་ལ་ཕན་ཐོག་ངེས་རེད། དེ་བཞིན་བོད་མི་མང་གི་མིང་ཁུར་ཏེ་ཁོ་རང་ཚོའི་ལྟོ་གོས་བཙལ་ས་ཙམ་དུ་ཆགས་ན་ངུ་དྲོ་བ་ཞིག་རེད།
བོད་མིའི་སྐྱིད་སྡུག་མི་ཤོད་ནའང་། རང་གི་ཀུན་སྤྱོད་ལ་བདག་མི་ཐུབ་ནའང་། སྟོན་པའི་ན་བཟའ་གོན་ནས། བསྟན་པ་ཁ་ལ་ཁྱེར་ནས། འདི་འདྲ་བྱེད་ཐུབ་བམ། བཤད་སྟངས་ལ་ལྟོས་དང་། རང་ཉིད་ལ་ཡོན་ཏན་ཅི་ཡང་མེད་པ་དེ་ཨུ་ཚུགས་ཀྱི་མི་ལ་བསྟན་ནས་མི་རིགས་ལ་ཞབས་འདྲེན་བྱེད་དོན་ཅི་ཡིནནམ།
གྲོས་ཚོགས་ནི་བོད་མི་མང་གི་སྐུ་ཚབ་ཡིན་པས་གྲོས་ཚོགས་ཀྱི་ཆེ་མཐོང་ནི་བོད་མི་ཡོངས་ཀྱི་ཆེ་མཐོང་དང་འབྲེལ་ནས་ཡོད་པ་རེད། རྒྱུ་མཚན་དེས་ན་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་མི་གསད་པའི་ནག་ཉེས་བཀལ་བ་ནི་གནད་དོན་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། གནས་ཚུལ་འདི་དཀར་ས་ནག་འདེགས་ཀྱིས་བདེན་རྫུན་དབྱེ་བ་ཕྱེ་དགོས་རྒྱུ་དེ་བོད་མི་མང་གི་འགན་རེད། གལ་ཏེ་ཚོགས་གཙོས་མི་བསད་ཡོད་པའི་ཁུང་སྐྱེལ་ར་སྤྲོད་བྱུང་ན་ཚོགས་གཙོ་དགོངས་པ་ཞུ་དགོས་པ་རེད་ལ། ཁུང་སྐྱེལ་མ་ཐུབ་ན་ཉེས་འཛུག་བྱེད་མཁན་གྲོས་ཚོགས་ནས་ཕྱིར་ཕུད་གཏོང་དགོས། ཡིན་ན་ཡང་བོད་མི་མང་གིས་ངེས་པར་དུ་ཤེས་དགོས་པ་ཞིག་ཡོད་པ་ནི། གནས་ཚུལ་འདི་འདྲའི་སྐབས་སུ་སྐབས་འཚོལ་བ་ཚོས། ནང་དཀྲུག་གི་བྱ་སྤྱོད་ཅི་ཡང་སྤེལ་སྲིད་པས་མི་མང་གི་ངོས་ནས་བབ་ལྷིང་བརྟན་གསུམ་གནང་དགོས་པ་ལས། རི་བོང་ཅལ་འདྲོག་གིས་འུར་ནམ་ཡང་རྒྱག་མི་རུང་།
བཛྲ་སུ་མ་ཏི།
(སྐྱོན་བརྗོད་ལ་ཁུངས་སྐྱེལ་རོགས་ཞེས་གསུང་མ་ཕོད་པ)་མ་རེད།
གྲོས་ཚོགས་ར་བ་འདི་བོད་མིའི་སྐྱིད་སྡུག་བཤད་ས་རེད། སྤེན་པ་ཚེ་རིང་དང་བསྟན་པ་ཡར་འཕེལ་གཉིས་ཀས་ཁ་འཁོན་བྱེད་ས་མ་རེད། སྒེར་འཁོན་བྱེད་ས་གྲོས་ཚོགས་ར་བའི་ཕྱི་སོ་རེད། ཁོས་ཕྱི་ནས་ཤོད་ལབ་པ་རེད།
གྲོས་ཚོགས་ནང་གི་གླང་རྒན་ཚོས་ཁ་སང་རྒྱལ་བའི་བཀའ་དྲིན་སྐོར་ལ་ཁ་ཕོད་ཆེན་པོ་བཤད། དེ་རིང་ཆོས་ལ་གོམས་པར་རློམ་པའི་མི་གཙང་པ་ངུར་སྨྲིག་གིས་བཀླུབས་པའི་བཤད་སྟངས་ལ་གཟིགས་དང་། བོད་མི་མང་གི་བདེ་སྡུག་ཞིག་གང་ནས་གླེང་ཐུབ། ཐ་ན་རང་གི་ལུས་ངག་ཀྱི་སྤྱོད་པ་ཙམ་ཡང་རང་ངོ་མི་ཤེས་པའི་ཚུལ་ལ་ལྟོས་དང་། དགྲ་དགའ་གཉེན་སྡུག་གི་ལས་ཁོ་ན་འགྱུར་བ་ཞིག་མ་ཡིན་ནམ།
གྲོས་ཚོགས་ར་བའི་ནང་གི་སྐད་ཆ་ཁྲིམས་ཐོག་ལ་འཁུར་མི་ཐུབ་པ་ཤེས་ནས་ཚོགས་གཙོར་མི་བསད་པའི་ཉེས་བ་བཙུགས་པ་དེ་ཆུང་ས་ནས་བཤད་ན་མི་གཅིག་ལ་ཉེས་བ་བཙུགས་པ་ུཡིན་ཡང་། བོད་མིའི་སྤྱི་འཐུས་ཚོགས་གཙོ་ཡིན་པའི་ཆ་ནས་བཤད་ན་བོད་མི་ཚང་མར་ཉེས་བ་བཙུགས་པ་དང་གཅིག་མཚུངས་ཡིན། ངོ་མ་གླེན་བཤད་ཡིན་ཡང་ཚབ་ཆེན་རེད།
སྐྱོན་བརྗོད་ལ་ཁུངས་སྐྱེལ་རོགས་ཞེས་གསུང་མ་ཕོད་པར་མ་ཟད། གནད་དོན་དང་འབྲེལ་བའི་གསལ་བཤད་ཙམ་ཡང་མ་གནང་བར་ཕྱི་ལ་ཐོན་ནས་འགྲོ་བ་འདི་ང་ཚོའི་གྲོས་ཚོགས་ནང་སྔོན་མ་ནས་དར་ཡོད། ཟམ་གདོན་བླ་མ་ལ་བསྟན་མགོན་ནས་སྐྱོན་བརྗོད་བྱེད་དུས་ཀྱང་འདི་བཞིན་ཁྲབ་ནས་གྲོས་ཚོགས་སྒོ་རྒྱབ་པ་སོགས་བྱུང་རེད། མི་ལ་ཁུངས་སྐྱེལ་ཡོད་ཞེས་བློ་སྤོབས་དང་ལྡན་པ་མཐོང་དུས་བྲོས་འགྲོ་བའམ་ཡལ་འགྲོ་བ་ལམ་ཁ་ཡག་ཤས་རེད། དེ་སྲིད་དོན་འཁྲབ་སྟངས་ཞིག་རེད། གནས་སྐབས་དེ་ལས་ཡོལ་ནས་རིམ་པས་འཐབ་ལམ་གཞན་པ་འཚོལ་རྒྱུ་ཡིན་པ་རེད།
མིག་ཡོད་ན་ལྟོས། རྣ་ཡོད་ན་ཉོན། གོང་ན་བལྟ་ས་ཉན་ས་གཉིས་ཀ་འདུག རྒྱུ་མཚན་ཆ་ཚང་བཤད་ཀྱིན་འདུག
ད་དེ་རིང་དཀར་ས་ནག་འདེགས་བྱེད་ནས་བཟང་པོ་ལྷ་གྲལ་དང་ངན་པ་འདྲེ་གྲལ་དུ་དེད་ཐུབ་པ་ཞིག་བཟོ་དགོས་པ་ལས་རང་དགར་བཞག་ན་མི་འགྲིག
ཚོགས་གཙོ་ཐུགས་ཁག་མི་འདུག་སྙམ་ལགས།
ད་ཡིན་ན་བསྟན་པ་ཡར་འཕེལ་ལ་དངོས་གནས་བདེན་དཔང་དང་བློ་ཁོག་ཡོད་ན། ཕྱི་ལོག་ལ་ཕེབས་ནས་རླུང་འཕྲིན་དང་དྲ་ཐོག་ཏུ་སྤེལ་ཤོག ང་ཚོས་ལྟད་མོ་བལྟ་འདུག
ཚོགས་གཙོ་གཆོག་དགོངས་ཞུ་བྱེད་དོན་ཅི་ཡིན། སུས་ཚོགས་གཙོས་མི་བསད་པ་རེད་ལབ་ཡོད་དམ། སྤྱི་བམ་གྱི་སྐད་ཆ་དེ། ཚོགས་གཙོས་དང་ལེན་བྱེད་ཀྱི་ཡོད་དམ། ཡང་ན་ཅི་ཡིན།
དེང་ཚོད་འདི་འདྲ་ཞིག་ལས་མེད་དམ། ཚོགས་གཙོ། བོད་མི་དམངས་ཀྱི་ལམ་སྣེ་ཁྲིད་མཁན་གྱི་ཚོགས་གཙོ། ད་གང་དུ་བུད་སོང་བ་རེད།
དྲ་འབུ་ཚོ་འུར་བརྒྱབས་ནས་མ་འདུག ང་ཚོར་རང་དབང་ཡོད་པས་གནས་ཚུལ་འདི་འདྲ་ལྷག་པ་རེད། དེར་ཧང་སངས་ཧོན་མཐོར་རྒྱུ་ཅི་ཡོད། དམངས་གཙོའི་ཁ་ཕྱོགས་རེད།
ཕྱི་ལ་ཐོན་ནས་སྐད་ཆ་ཤོད་ཟེར་བའི་དོན་ནི། གྲོས་ཚོགས་ར་བ་ནས་སྐད་ཆ་གང་བཤད་པ་དེ་ཁྲིམས་ལ་གཏུག་ཆོག་གི་ཡོད་པ་མ་རེད། དེ་ཁྲིམས་ཡིན་ནི་རེད། དེ་བས་མི་སུས་ཀྱང་གྲོས་ཚོགས་ར་བ་ནས་གང་བྱུང་བཤད་ཕོད་ཀྱིན་ཡོད་པ་རེད། ཕྱི་ལོག་ནས་བཤད་པ་ནི་ཁྲིམས་དོན་ལྟར་ཁྲིམས་ཀྱི་ཐག་གཅོད་བྱེད་ཆོག་གི་ཡོད་པ་རེད། དེ་ཙམ་ཡང་མི་ཤེས་ན་སྐད་ཆ་བཤད་མ་སྡོད། གླུན་རྒན་ཚོ།
གནས་ཚུལ་མཁོ་སྤྲོད་བྱས་པར་བཀའ་དྲིན་ཆེ། ད་ལྟད་མོ་འདུག
ཕལ་ཆེར་དག་བཤེར་དང་འཐབ་རྩོད་ཀྱི་དུས་རབས་ཞིག་ཏུ་འགྱུར་བཞིན་འདུག ད་ལན་གྱི་ཚོགས་དུས་སྐབས་འདིར་གཙང་བཟོ་བྱེད་རོགས། ཕྱིས་སུ་དེ་ལྟར་མི་ཡོང་བར་འབད་བརྩོན་བྱེད་རོགས། གང་ལགས་ཞེ་ན། ད་དུང་ཡང་བོད་མིའི་བདེ་སྡུག་གི་འཐབ་རྩོད་འཇུག་སྒྲིལ་མེད།
ཕྱི་ལ་ཤོག་ཟེར་དོན་གང་ཡིན་་་་ཡིན་གཅིག་ཁྲིམས་ཁང་ལ་འགྲོ་དགོས་མ་རེད་་གྲོས་ཚོགས་ནང་དུ་ཆ་ཚང་འཛོམས་ས་ནས་གསལ་བཤད་གནང་རོགས་་ཉེས་མེད་སྐྱོན་འཛུགས་ཡིན་ན་ ཡིན་གཅིག་ཕྱི་ལོགས་སུ་ལྐོག་ནས་ཐུག་དགོས་ཡོད་མ་རེད། ཕྱི་ནས་ཐུག་ཟེར་དོན་སྐྱོན་རྗོད་མཁན་རྔན་པ་སྟེར་རྩིས་ཡིན་པ་འམ་ཡང་ན་ཁོ་ཡང་གསོད་རྩིས་ཡོད་པ་འདྲ་་་
ད་ཁ་སྤྱི་དོན་དང་བོད་གཞིས་བྱེས་ལ་སྦྱར་ནས། དོན་ལ་རྒྱ་ལ་དགོས་རྒྱུའི་ལས་ཀ་དེ་སུ་བྱེད་ཀྱིན་པ་ས་རིས་ཐང་གསལ་རེད། ཚོགས་གཙོ་ལ་མི་བསད་པའི་བདེན་དཔང་བྱེད་མ་ཐུབ་ཚེ་སྐྱོན་འཛུགས་མཁན་ཁྱེད་རང་སྤྱི་འཐུས་དེ་སྤྱི་འཐུས་ན་སརྩ་དགོངས་ཞུ་དགོས། ད་རེས་གནད་དོན་འདིར་བོད་མི་ཚང་མས་རང་དོན་རང་གཅེས་ཀྱིས་འགན་འཁྱེར་བའི་ས་འཕྱུར་རྡུལ་གྱིས་མ་མང་དྭང་བླངས་ཀྱིས་ལས་འགན་ཞིག་མ་འཁྱེར་ཚེ། བཙན་བྱོལ་སྒྲིག་འཛུགས་འདིའི་ངོ་གདོང་ས་ལ་འགྱེལ་རྒྱུ་མི་འགོར་བ་འདྲ། ཉེ་ཆར་ནིའུ་གཡོག་དང་། དེ་རིང་གི་སྙོན་འཛུགས་སོགས་ལ་ལྟོས་དང་།