མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕྲོད་བསྟེན་བཀའ་བློན་མཆོག་གི་ལས་དོན་བྱེད་ཕྱོགས་ཐོག་ནོར་འཁྲུལ་ཡོད་པ་ར་འཕྲོད་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བ་ལྟར་ན། འཕྲོད་བསྟེན་བཀའ་བློན་མཆོག་གི་ཕྱག་ལས་གནང་ཕྱོགས་ཐོག་ནོར་བ་ཡོད་པ་དང་། བཀའ་ཤག་གིས་ཀྱང་གྲོས་ཚོགས་ཀྱི་ལམ་སྟོན་ལྟར་ཕྱག་ལས་གནང་མེད་པ་མ་ཟད། རང་གི་ཐག་གཅོད་རང་གིས་ཕྱག་བསྟར་མཇུག་སྐྱོང་གནང་མེད་པ་བཅས་ཀྱི་སྐྱོན་གནས་ཡོད་ཚུལ་བགྲང་འདུག

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་དགུ་པ་སྟེ། དེ་རིང་སྔ་དྲོར་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་ཁག་གྲུབ་རྗེས། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་རྙོག་གླེང་ཐད་འཕྲོད་བསྟེན་བཀའ་བློན་མཆོག་གི་ལས་དོན་བྱེད་ཕྱོགས་ཐོག སྤྱི་འཐུས་རྒྱུན་ལས་ཀྱིས་བཙུགས་པའི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་སོང་།

གནད་དོན་དེའི་ཐད་ཞིབ་འཇུག་ཚོགས་ཆུང་སྔ་ཕྱི་གསུམ་བཙུགས་པ་ལས། འཕྲོད་བསྟེན་ལས་ཁུངས་ཀྱི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོའི་ནང་། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་འགན་འཛིན་གྱིས་ལྐོག་ཟ་རུལ་སུངས་བྱས་མེད་སྟབས། ཞུ་གཏུག་བྱེད་མཁན་གཉིས་གནས་དབྱུང་གཏོང་དགོས་སྐོར་བཀོད་ཡོད་པ་དང་། བཀའ་ཤག་གི་ཞིབ་འཇུག་སྙན་ཐོའི་ནང་། ལྷག་པ་ཚེ་རིང་ལ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་མེད་ཀྱང་སྤྱི་དངུལ་ཧིན་སྒོར་ ༣༠༤༨༣༠།༠༠ ཙམ་གྱོང་གུན་བཏང་ཡོད་པ་ཕྱིར་སློག་བྱེད་དགོས་པ་དང་། གནད་དོན་དེའི་ཐད་འཕྲོད་བསྟེན་བཀའ་བློན་མཆོག་གི་ལས་དོན་གནང་ཕྱོགས་ལའང་ནོར་འཛོལ་ཤོར་ཡོད་པར་ངོས་འཛིན་གནང་ཡོད། དེ་བཞིན་ཐེངས་འདིའི་སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་འཕྲོད་བསྟེན་བཀའ་བློན་མཆོག་གི་ལས་དོན་ཐོག་ནོར་འཁྲུལ་ཁ་ཤས་བྱུང་ཡོད་པ་གསལ་སྟོན་གནང་འདུག

སྙན་ཐོ་གྲོས་ཚོགས་ནང་སྒྲོགས་སྦྱང་གནང་རྗེས་སྤྱི་འཐུས་ཚོས་དགོངས་ཚུལ་གསུངས་སྐབས། སྤྱི་འཐུས་ཁག་ཅིག་གིས་གནད་དོན་དེར་བསྐྱར་དུ་ཞིབ་འཇུག་གནང་སྟེ་གནས་ཚུལ་ཁ་གསལ་བཟོ་དགོས་ཚུལ་དང་། ཁག་ཅིག་གིས་བཀའ་བློན་ཞིག་གི་ཕྱག་ལས་གནང་སྟངས་ཐོག་ནོར་འཁྲུལ་ཆེན་པོ་ཤོར་ཡོད་སྟབས་ཐག་གཅོད་ནན་པོ་གནང་དགོས་སྐོར། ཡང་ཁག་ཅིག་གིས་དེ་སྔོན་བཀའ་ཤག་གིས་སྦེལ་ཀོབ་སྨན་ཁང་ལ་ཉེས་པ་ཞིག་བཏང་བ་དང་། འཕྲོད་བསྟེན་བཀའ་བློན་ལའང་ཉེན་བརྡའི་ཚུལ་དུ་སློབ་གསོའི་ཡི་གེ་ཞིག་ཕུལ་ཡོད་པ་དེས་འཐུས་པ་བྱེད་དགོས་ཚུལ་སོགས་ཀྱི་དགོངས་ཚུལ་བརྗོད་སོང་།

སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་ཚོགས་ཆུང་གིས། འཕྲོད་བསྟེན་ལས་ཁུངས་ཀྱིས་བཙུགས་པའི་ཞིབ་འཇུག་ཚོགས་ཆུང་དང་བཀའ་ཤག་གིས་བཙུགས་པའི་ཞིབ་འཇུག་ཚོགས་ཆུང་གཉིས་ཀྱི་སྙན་ཐོ་དང་། མེལ་སོར་རྒྱ་གར་ཚོང་བདག་གིས་འཕྲོད་བསྟེན་བཀའ་བློན་དང་འཕྲོད་བསྟེན་ལས་ཁུངས་ཀྱིས་བཙུགས་པའི་ཞིབ་འཇུག་ཚོགས་ཆུང་གཉིས་ལ་ནང་དོན་མི་མཐུན་པའི་ཡིག་ཆ་རིགས་གཉིས་སྤྲད་པ་བཅས་ལ་ཞིབ་འཇུག་གནང་བ་བརྒྱུད་ཚོགས་ཆུང་གི་མཐོང་ཚུལ་དང་། འཕྲོད་བསྟེན་བཀའ་བློན་མཆོག་གི་ལས་དོན་བྱེད་ཕྱོགས་ཐོག་གི་སྐྱོན་ཆ། དེ་བཞིན། བཀའ་ཤག་གི་ཞིབ་འཇུག་ཚོགས་ཆུང་གི་སྐྱོན་གནས་ཁག་ཅིག་བཅས་འདིར་བསྡུ་སྒྲིག་གིས་བཀོད་ཡོད།

སྔར་ལོའི་ཕྱི་ཟླ་ ༢ པའི་ནང་། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་ལས་བྱེད་བསོད་ནམས་ཚེ་རིང་དང་བསྟན་འཛིན་བཀྲ་ཤིས་གཉིས་ཀྱིས་འཚོ་བྱེད་སྨན་ཁང་གི་འགན་འཛིན་ལྷག་པ་ཚེ་རིང་ལ་ལྐོག་ཟ་རུལ་སུངས་སོགས་ཀྱི་སྐྱོན་བརྗོད་ ༡༠ ཙམ་བྱས་ཡོད་པ་ལས་ ༡ ནས་ ༥ བར་ལྷག་པ་ཚེ་རིང་གིས་གློག་རྫས་ཉོ་སྐབས་གློག་རྫས་ཀྱི་རིན་གོང་མཐོ་བ་ཡོད་སྐོར་གསལ་བའི་ཐད། འཕྲོད་བསྟེན་ལས་ཁུངས་ཀྱི་ཚོགས་ཆུང་གིས་གློག་རྫས་ཉོས་པའི་རིན་འབབ་ནང་ལོ་དྲུག་བར་བཟོ་བཅོས་དང་ཚབ་སྒྲིག དབོར་གླ་བཅས་ཚུད་ཡོད་པ་དངོས་འབྲེལ་ཡིན་པའི་ཚོང་ཁང་གི་ས་རྟགས་དང་ལས་ཐམ་བཀོད་པའི་དན་རྟགས་ཡོད་པ་དང་། ཚོང་ཁང་གཞན་ཞིག་ནས་ལོ་ལྔའི་ལོ་འཁོར་བཟོ་བཅོས་ཀྱི་གན་ཡིག་(AMC)ཡོད་པའི་རིན་གོང་འགྲན་ཤོག་བླངས་ཏེ། ལྷག་པ་ཚེ་རིང་གིས་གློག་རྫས་དང་། AMC གླ་ཡོན་ཁག་ཁག་ཆགས་མ་བཟོས་པའི་སྐྱོན་གནད་མཐོང་ཡོད་ནའང་ AMC ཡོད་པར་ངོས་འཛིན་གྱིས་ལྷག་པ་ཚེ་རིང་གིས་དངུལ་བར་ཟས་བྱས་པའི་གཞི་རྩལ་གང་ཡང་མཐོང་མི་འདུག

བཀའ་ཤག་ཚོགས་ཆུང་གིས་གློག་རྫས་ལ་བཟོ་གྲྭ་རང་ནས་ལོ་གཉིས་ཀྱི་བཟོ་བཅོས་དང་ཚབ་སྒྲིག་གན་ཡིག་(Warranty)ཡོད་བཞིན་དུ་ལོ་དྲུག་གི་གན་ཡིག་འཕར་མ་དགོས་གནད་མེད་པ་དང་། རིན་གོང་འགྲན་ཤོག་དུས་ཚོད་ཕྱིར་བཤིགས་ཀྱིས་ལེན་པ། AMC ཚད་ལྡན་ཡིན་ན་སྦིལ་འཛིན་ནང་གློག་རྫས་ཀྱི་མ་གནས་དང་ལོ་དྲུག་གི་བཟོ་བཅོས་གླ་ཡོན་དབྱེ་གསེས་མེད་པར་རྩིས་ཁུར་ཞུས་པ་ལམ་ལུགས་དང་མ་མཐུན་པ། སུ་གང་ལའང་གོ་བསྡུར་མེད་པར་ཐད་ཉོ་བྱས་པ། འཕྲོད་བསྟེན་ལས་ཁུངས་དང་རོགས་ཚོགས་ལ་དངོས་འབྲེལ་གནས་ཚུལ་སྙན་སེང་མ་ཞུས་པ་ལ་སོགས་པའི་སྐྱོན་གནད་ཀྱིས་དངུལ་འབོར་ ༡༤༧༠༤༣ སྤྱི་གུན་བྱུང་འདུག་པ་ལྷག་པ་ཚེ་རིང་གིས་སྨན་ཁང་ལ་ཕྱིར་སློག་དགོས་པའི་མཐོང་ཚུལ་བྱུང་འདུག

འཕྲོད་ལས་ཚོགས་ཆུང་གིས་བསོད་ནམས་ཚེ་རིང་དང་བསྟན་འཛིན་བཀྲ་ཤིས་གཉིས་ཀྱི་སྐྱོན་བརྗོད་ཁག་གཞི་རྩ་མེད་ཐོག་ལས་བྱེད་བླང་དོར་སྒྲིག་གཞི་དང་འགལ་བ། གྲོས་ཚོགས་དང་འཛིན་སྐྱོང་། མང་ཚོགས་ལ་དབུ་སྐོར་ཞུས་པ་ལ་སོགས་པའི་རྒྱུ་མཚན་ལ་བརྟེན་ནས་ལས་བྱེད་ནས་གནས་དབྱུང་གཏོང་དགོས་པ་དང་། ལྷག་པ་ཚེ་རིང་གིས་ལྐོག་ཟ་བྱས་མེད་རུང་ལས་དོན་བྱེད་ཕྱོགས་འགྲིག་མེད་པས་ཉེན་བརྡ་དང་ལུས་སེམས་ལ་དཀའ་ངལ་འཕྲད་ཡོད་པར་སེམས་གསོའི་དར་དཀར་གནང་ན་སྙམ་པའི་རྒྱབ་གཉེར་ཞུས་འདུག

བཀའ་ཤག་ཚོགས་ཆུང་ནས་ལྷག་པ་ཚེ་རིང་གིས་གློག་རྫས་བཟོ་བཅོས་ལོ་དྲུག་ལུགས་མཐུན་མེད་པར་བཞག་པ་དང་། སྦིལ་འཛིན་ནང་གློག་རྫས་དང་བཟོ་བཅོས་དབྱེ་གསེས་མེད་པ། བཟོ་བཅོས་གན་ཡིག་ཚད་ལྡན་མེད་པ། རིན་གོང་འགྲན་ཤོག་དུས་ཚོད་ཕྱིར་བཤིགས་ཀྱིས་བླངས་པ། འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་འཁྲོལ་ལྟར་མ་ཡིན་པ་རོགས་ཚོགས་ནས་རོགས་དངུལ་ཐད་ལེན་བྱས་པ་བཅས་ཀྱིས་སྤྱི་གུན་བཏང་བའི་དངུལ་འབབ་ཁྱོན་བསྡོམས་སྒོར་ ༣༠༤༨༣༠ སྨན་ཁང་ལ་ཕྱིར་སློག་དགོས་པ་དང་། ཀླན་ཀ་དང་འབྲེལ་བ་ཡོད་པའི་ལས་བྱེད་ཡོངས་རྫོགས་ཛ་དྲག་གི་འཕོ་འགྱུར་གྱིས་སླད་སྨན་ཁང་འདི་བཞིན་མིང་དོན་མཚུངས་པའི་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་རྩའི་ངོ་བོར་འགྱུར་ཐབས་གནང་གལ་ཞེས་རྒྱབ་གཉེར་མི་འདྲ་བ་ཞུས་འདུག་པ་བཅས་ཀྱི་མཐོང་ཚུལ་བྱུང་།

གནད་དོན་འདིའི་ཐད་གསལ་པོ་བཟོ་དགོས་པ་ཞིག་ལ་འཕྲོད་ལས་ཚོགས་ཆུང་ནས་ལྷག་པ་ཚེ་རིང་གིས་ལྐོག་ཟ་བྱས་མེད་པ་མ་ཟད། ཁོ་རང་གི་སྤྱི་སེམས་ལ་བསྔགས་བརྗོད་བྱས་འདུག ཚོགས་ཆུང་གཉིས་པས་ལྷག་པ་ཚེ་རིང་གིས་ལས་དོན་བྱེད་ཕྱོགས་ཀྱི་རྐྱེན་པས་ཁྱོན་སྒོར་ ༣༠༤༨༣༠ སྤྱི་གུན་བཏང་བ་ལས་ལྐོག་ཟ་བྱས་པའི་གནས་སྟངས་བཏོན་མི་འདུག རྩིས་ཞིབ་སྙན་ཐོའི་ནང་དོགས་གཞི་མང་དག་གླེང་ཐོག་འཛིན་སྐྱོང་ནས་ཞིབ་འཇུག་ནན་པོ་གནང་དགོས་པའི་བསམ་ཚུལ་བཏོན་འདུག་ཅེས་བརྗོད་འདུག ཅེས་སོགས་བཀོད་འདུག

འཕྲོད་བསྟེན་བཀའ་བློན་མཆོག་གིས་བསྐོ་བཞག་གནང་བའི་འཕྲོད་བསྟེན་ལས་ཁུངས་ཀྱི་ཚོགས་ཆུང་གི་སྙན་ཐོ་རྩིས་མེད་གཏོང་ཕྱོགས་སྐོར་འཁོད་པའི་ནང་།  འཕྲོད་བསྟེན་བཀའ་བློན་མཆོག་ནས་ཚོགས་ཆུང་ལ་བཀོད་ཁྱབ་གནང་སྐབས་ཚོགས་ཆུང་གི་ཚོགས་མི་བསྐོ་འཛུགས་ཀྱི་བཀོད་ཁྱབ་ཙམ་ལས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་གསལ་པོ་མེད་པའི་སྐྱོན་ཆ་དང་། ཕྱིའི་ལབ་གླེང་མང་པོ་ཞིག་ལ་བརྟེན་ཏེ་འཕྲོད་བསྟེན་བཀའ་བློན་མཆོག་རང་གིས་བཙུགས་པའི་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོར་དོགས་གཞི་མང་དག་ཅིག་བྱུང་ཡོད་ཀྱང་། དེའི་སྐབས་རང་ཉིད་འཕྲོད་བསྟེན་བཀའ་བློན་གྱི་འགན་དབང་གི་ཐོག་ནས་ཐུགས་ཐག་ཆོད་པོས་ཚོགས་ཆུང་གི་མི་འགྲོར་འགྱུར་བ་བཏང་མ་གནང་བའི་སྐྱོན་ཆ། འཕྲོད་བསྟེན་བཀའ་བློན་མཆོག་གིས་ཞིབ་འཇུག་འགྲོ་བཞིན་པའི་སྐབས་སུའང་བསོད་ནམས་ཚེ་རིང་ལ་ཐད་ཀར་འབྲེལ་བ་མུ་མཐུད་གནང་བས་མཚོན་ཐེ་བྱུས་མང་དག་ཅིག་གནང་བའི་སྐྱོན་ཆ། ཚོགས་ཆུང་གི་སྙན་ཐོ་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣༠ ཉིན་ཕུལ་ཟིན་འདུག་ཀྱང་། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༢ བར་ཚོགས་ཆུང་གི་ངོས་ནས་ཡིག་ཐོག་ཐེངས་གཉིས་དང་། ངག་ཐོག་ནས་ཐེངས་ལྔ་དྲུག་ཞུ་བསྐུལ་ཞུས་འདུག་ཀྱང་ཐག་གཅོད་མ་བྱུང་བར། ཚོགས་ཆུང་གི་ཚོགས་མི་རྣམ་པར་བློ་ཕམ་ཚད་མེད་བྱུང་ཡོད་པ་དང་སྤྱི་ཚོགས་ནང་གླེང་གཞི་མང་པོ་ཆགས་པའི་སྐྱོན་ཆ། ཚོགས་ཆུང་གི་སྙན་ཐོ་རྩིས་མེད་པ་མ་བཏང་སྔོན་བཀའ་བློན་རང་གི་ངོས་ནས་བཀའ་བློན་གྱི་མཚན་གནས་དང་མ་མཐུན་པའི་འདྲི་རྩད་དང་། རྒྱ་གར་ཚོང་པ་ཁག་ལ་ཐད་ཀར་ཡིག་འབྲེལ་གནང་བའི་སྐྱོན་གནད་སོགས་འཕྲོད་བསྟེན་བཀའ་བློན་མཆོག་གི་སྐྱོན་ཆ་སོགས་བགྲང་འདུག   

ཡང་རྒྱུན་ལས་ཀྱི་སྙན་ཐོའི་ནང་། མའེ་སོར་རྒྱ་གར་ཚོང་བདག་གིས་ཡིག་ཆ་སྔ་ཕྱི་མི་མཐུན་པ་སྤྲད་པའི་ཐད། འཕྲོད་བསྟེན་བཀའ་བློན་མཆོག་གིས་ངོ་ཤེས་རྒྱ་གར་བ་ཞིག་དང་། ཀར་ན་ཀྲ་ཀའི་མངའ་སྡེའི་སྐོར་སྲུང་བ་ (PSO)ལྷན་བཅར་སོང་བའི་ཐད། བཀའ་ཤག་གི་བཅད་ཁྲའི་ནང་འཕྲོད་བསྟེན་བཀའ་བློན་མཆོག་གིས་ “ཡུལ་མི་མཉམ་འཁྲིད་བྱེད་དགོས་དོན་ནི། ས་བབ་རྒྱུས་མངའ་ཡོད་པའི་ལམ་འཁྲིད་དང་ཀར་ན་ཀྲ་ཀའི་ཡུལ་སྐད་ཀྱི་གསུང་སྒྱུར་ཕྱག་རོགས་ཆེད་ལྷན་ཁྲིད་གནང་བ་ཞིག་རེད་འདུག”ཅེས་འཁོད་ཡོད་ཀྱང་། ལྷག་པ་ཚེ་རིང་གི་གློག་རྫས་ཉོ་ས་རྒྱ་གར་ཚོང་པར་བཀའ་བློན་གྱིས་དྲི་བ་བཏང་བའི་སྒྲ་འཇུག་ལ་ཉན་སྐབས་དབྱིན་སྐད་ནང་ཐད་ཀར་བཀའ་མོལ་གནང་འདུག་པ་དང་།  འཕྲོད་བསྟེན་བཀའ་བློན་མཆོག་སྤེལ་ཀོབ་འཚོ་བྱེད་ཁང་གསར་སྨན་ཁང་ནང་ལོ་གཉིས་ཙམ་སྨན་པའི་ཕྱག་ལས་གནང་སྐབས་མའི་སོར་དུ་ཡང་ཡང་ཕེབས་མྱོང་ཡོད་སྟབས་ལམ་འཁྲིད་པ་ཞིག་དགོས་དོན་མེད་པ་དང་། ལྷག་པར་དུ་རྒྱ་གར་སྐོར་སྲུང་བ་(PSO)མཉམ་འཁྲིད་བྱས་པ་དེ་འགལ་འཛོལ་ཆེན་པོ་ཡིན་པ།

སྙན་ཐོའི་ནང་མུ་མཐུད་དོན། འཕྲོད་བསྟེན་བཀའ་བློན་ཁོང་རང་གི་ངོས་ནས་རྒྱ་གར་བ་ཚོང་པ་དེ་ལ་དཀོན་མཆོག་དཔང་བཙུགས་ཀྱིས་སྡིགས་ར་བསྐུལ་མེད་གནས་ལན་མང་གསུངས་བ་དང་། མཉམ་འཁྲིད་རྒྱ་གར་བ་དེས་བཀའ་བློན་ངོ་སྤྲོད་བྱས་པ་ཙམ་ལས་སྡིགས་ར་བསྐུལ་ཡོད་མེད་ཤེས་རྟོགས་མེད་སྐོར་བརྗོད་ཀྱང་། བཀའ་ཤག་ཚོགས་ཆུང་གི་སྙན་ཐོ་ཇི་མ་ཇི་བཞིན་བཀའ་ཤག་གིས་ངོས་བཞེས་གནང་ཡོད་པ་དང་། ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ཤོག་གྲངས་ ༥༨ པའི་ནང་”འབྲེལ་ཆགས་ཚོང་ཁང་ Seon Tehonologies གི་བདག་པོ་ Shanta Mahesh ལ། ཁྱེད་རང་གིས་སྔ་རྗེས་མ་མཐུན་པའི་ཞུ་སྙན་ཁག་གཉིས་སྤྲད་པ་ནས་བདེན་རྫུན་གང་ཡིན་འགྲེལ་བཤད་ཁ་གསལ་དགོས་སྐོར་བརྗོད་ལན་དུ། Seon Technologies གི་བདག་པོས། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣༡ འཁོད་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ལ་སྤྲད་པའི་ཡིག་ཆུང་དེ་དག་སྤྲད་དགོས་དོན་གཙོ་བོ་དེ་ནུབ་འཕྲོད་བསྟེན་བཀའ་བློན་དང་Shri Hari Pharmaསྨན་ཚོང་ཁང་གི་བདག་པོ་Ramesh གཉིས་ཁོ་པའི་ཚོང་ཁང་དུ་ཕེབས་ཏེ། Ramesh ཡིས་ཀ་ན་ཌའི་ཡུལ་སྐད་ནང་། སྐོར་སྲུང་བས་ཕྱི་ལོགས་ན་སྒུག་བསྡད་ཡོད། བཀའ་བློན་གྱི་དགོས་འདུན་ལྟར་གནས་ཚུལ་ཡིག་ཐོག་སྤྲོད་དགོས་བསུན་གཙེར་བཏང་བར་བརྟེན་དངངས་འཚབ་ཀྱིས་སྤྲོད་དགོས་བྱུང་བའི་ཡིག་ཆ་དེ་བདེན་པ་མིན་ལུགས་ཡིག་ངག་གཉིས་ཐོག་ནས་གསལ་བཤད་དང་འབྲེལ། ཁོ་བས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡ འཁོད་ཞིབ་འཇུག་ཚོགས་ཆུང་དང་པོའི་མིང་ཐོག་སྤྲད་པའི་ཡིག་ཆ་དེ་བཞིན་ངོ་མ་དང་མཐའ་མ་དེ་ཡིན་ལུགས་ལན་འདེབས་བྱས་སོང་བས་མ་ཚད། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣༡ དགོང་དྲོར་འཕྲོད་བསྟེན་བཀའ་བློན་དང་ལྷན་དུ་བསླེབས་པའི་ཡུལ་མི་དེ་སུ་ཡིན་སྐབས་དེར་ངོ་ཤེས་ཡོད་ན་གོང་ཚེས་འཁོད་པའི་ཡིག་ཆུང་དེ་བཞིན་བཀའ་བློན་ལ་ཐོབ་ཀྱི་མ་རེད་ཅེས་འགྲེལ་བརྗོད་བྱས་བྱུང་།”ཞེས་བཀོད་ཡོད་པར་བརྟེན། འཕྲོད་བསྟེན་བཀའ་བློན་གྱིས་རང་ངོས་ནས་སྡིགས་ར་བསྐུལ་མེད་ནའང་། མཉམ་འཁྲིད་བྱས་པའི་རྒྱ་གར་བས་སྡིགས་ར་བསྐུལ་བར་བརྟེན་ནས་རང་འདོད་ཀྱིས་ཡིག་ཆ་བླངས་བ་དང་སྒྲ་འཇུག་བྱས་པར་ངོས་འཛིན་བྱེད་ཐུབ།

འཕྲོད་བསྟེན་བཀའ་བློན་གྱིས་རྒྱ་གར་བ་ཞིག་དང་སྐོར་སྲུང་བ་མཉམ་འཁྲིད་བྱས་པ་དེ་ཀུན་སློང་ལ་སྐྱོན་མེད་ཀྱང་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་མ་འགྲིག་པ་ཆགས་པར་ངོས་ལེན་ཞུས་ཐོག དགོངས་དག་ཀྱང་ཞུ་འདོད་འདུག དེ་འབྲེལ་སྤྱི་འཐུས་རྒྱུན་ལས་ནས་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་ཐག་གཅོད་ཟིན་པ་དང་། བཅད་ཁྲ་བཏང་སྟེ་ཉིན་ ༡༧ གྱི་རྗེས་ཕྱི་ལོ་ ༢༠༡༤ ཟླ ༡༢ ཚེས་ ༡༢ ཉིན་བཀའ་ཤག་ནས་ཉེན་བརྡའི་ཚུལ་དུ་སློབ་གསོའི་ཡིག་ཆུང་ཞིག་ཀྱང་འཕྲོད་བསྟེན་བཀའ་བློན་མཆོག་ལ་བཏང་གནང་འདུག

སྙན་ཐོའི་ནང་། “བཀའ་ཤག་གི་ཞིབ་འཇུག་ཚོགས་ཆུང་གིས་རྒྱ་གར་བ་ Shanta Ramesh ལ་འདྲི་རྩད་ཞུས་པ་ལས། འཕྲོད་བསྟེན་བཀའ་བློན་ལ་གནད་དོན་འདིའི་ཐད་འདྲི་རྩད་གང་ཡང་གནང་མི་འདུག་ལ། བཀའ་བློན་གྱིས་ཡི་གེ་བླངས་བ་དང་སྒྲ་འཇུག་འཁོར་ཐག་ལའང་གཞི་གང་ཡང་བཅོལ་མི་འདུག ཞིབ་འཇུག་ཚོགས་ཆུང་གི་གསུང་དོན་ལྟར་ན་བཀའ་བློན་ལ་འདྲི་རྩད་དགོས་པ་ལམ་སྟོན་ནང་གསལ་བཀོད་མེད་པའི་འགྲེལ་བརྗོད་བྱུང་།” ཞེས་བཀོད་འདུག

སྙན་ཐོའི་མཇུག་བསྡོམས་ནང་། རྒྱུན་ལས་ཀྱི་ལམ་སྟོན་དོན་ཚན་གཉིས་ཀའི་ཐོག་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ལས་དོན་གནང་ཕྱོགས་ལ་ནོར་འཁྲུལ་ཡོད་པ་གསལ་པོ་ར་འཕྲོད་ཀྱི་འདུག དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་དུས་རྒྱུན་ལས་ཁུངས་ནང་ཕྱག་ལས་གནང་ཕྱོགས་ཐད་ལའང་ལས་བྱེད་ཚོར་བསམ་ཚུལ་ཤུགས་ཆེན་ཡོད་ཀྱང་བཀའ་བློན་ལ་དེ་ཙམ་ཚོར་སྣང་མེད་པ། བཀའ་ཤག་གི་ཞིབ་འཇུག་ཚོགས་ཆུང་གིས་འཕྲོད་བསྟེན་བཀའ་བློན་མཆོག་ལ་འདྲི་རྩད་མ་ཞུས་པ་དེ་གྲོས་ཚོགས་ནང་སྤྱི་འཐུས་རྣམ་པས་ཐུགས་འཚབ་བཏོན་པ་ལྟར་དངོས་ཡོད་དུ་གྱུར་བ། བཀའ་ཤག་གི་བཅད་ཁྲའི་ནང་ལྷག་པ་ཚེ་རིང་གི་སྤྱི་གུན་བཏང་བ་ཁྱོན་བསྡོམས་སྒོར་ ༣༠༤༨༣༠ བཅད་ཁྲ་ཐོན་ཉིན་ནས་ཟླ་བ་གཅིག་གི་ནང་ཚུན་སྨན་ཁང་ལ་ཕྱིར་སློག་དགོས་པ་དང་། གལ་ཏེ་དུས་ཐོག་ཕྱིར་སློག་མ་བྱས་ཚེ་སྤྱི་དངུལ་སྒེར་ཟས་བྱས་པའི་གསལ་བསྒྲགས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ནས་བོད་མི་སྤྱི་འགྲེ་ལྟར་ཕན་གྲོགས་ལྟ་སྐྱོང་བྱ་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ་ཡིན་གསལ་ཡང་། སྙན་ཐོ་འདི་གཏན་འབེབས་བྱེད་སྐབས་བཅད་ཁྲ་བཏང་ཉིན་ནས་ཟླ་བ་ ༢ དང་ཉིན་གྲངས་ ༡༠ ཕྱིན་ཟིན་པའི་རྗེས་སུའང་དངུལ་བསྒྲུབ་འབུལ་ཞུས་མེད་པ་དང་། གསལ་བསྒྲགས་ཀྱང་བཏང་མེད་པར་བརྟེན་བཅད་ཁྲར་མཇུག་སྐྱོང་ཚད་ལྡན་བྱུང་མི་འདུག་པས་མ་འོངས་པར་བཀའ་ཤག་གི་བཅད་ཁྲར་མཐོང་མེད་པ་ཆགས་ཉེན་འདུག ཅེས་སོགས་བཀོད་འདུག

གནས་ཚུལ་འདི་ནི། ༢༠༡༤ ཟླ་ ༢ ཚེས་ ༢༦ ཉིན་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་ལས་བྱེད་བསོད་ནམས་ཚེ་རིང་དང་བསྟན་འཛིན་བཀྲ་ཞུ་བ་གཉིས་ཀྱིས་ཁོང་ཚོའི་སྨན་ཁང་གི་འགན་འཛིན་ལྷག་པ་ཚེ་རིང་ལ་སྐྱོན་འཛུགས་ཡི་གེ་ཞིག་ས་གནས་མགོ་འཛིན་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་བཅས་ལ་བཏང་ཡོད་འདུག ཡི་གེ་དེའི་ནང་དོན་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་འགན་འཛིན་གྱིས་སྨན་ཁང་ལ་གློག་གསོག་སྣོད་(Battery)དང་སྟངས་འཛིན་འཕྲུལ་ཆས་(UBS)དངོས་འགའ་ཉོས་པའི་རྩིས་ཁྲ་ཏག་ཏག་བསྡད་མེད་སྐོར་དང་འབྲེལ་ནས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཞིག་བཀོད་ཡོད་འདུག

དེ་ལ་འཕྲོད་བསྟེན་བཀའ་བློན་མཆོག་གི་ངོས་ནས་འཕྲོད་བསྟེན་དྲུང་ཆེ་སོགས་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ། ཟླ་གཅིག་ལྷག་ལ་ཞིབ་འཇུག་བྱས་པ་བརྒྱུད་དེ་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་ཞིབ་འཇུག་སྙན་ཐོ་འཕྲོད་བསྟེན་ལས་ཁུངས་སུ་ཕུལ་ཡོད་ཀྱང་། འཕྲོད་བསྟེན་བཀའ་བློན་མཆོག་གིས་ཞིབ་འཇུག་སྙན་ཐོར་གཟིགས་ཞིབ་གནང་རྗེས་སྙན་ཐོ་དེར་ངོས་ལེན་བྱེད་ཐུབ་མེད་སྐོར་གསུངས་ཏེ། སླར་ཡང་བཀའ་ཤག་གིས་ནང་སྲིད་དྲུང་ཆེ་སོགས་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ་བསྐྱར་དུ་རྟོག་ཞིབ་མགོ་འཛུགས་གནང་ཡོད་པ་རེད།

འཕྲོད་བསྟེན་ལས་ཁུངས་ཀྱི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོའི་ནང་དོན་ཡོངས་བསྒྲགས་བྱས་མེད་ཀྱང་། འཕྲོད་བསྟེན་བཀའ་བློན་མཆོག་གིས་སྔར་ལོའི་ཕྱི་ཟླ་ ༩ པའི་གྲོས་ཚོགས་ནང་། “སྙན་ཐོའི་ནང་གི་གནས་ཚུལ་མང་པོ་ཞིག་གི་ཐོག་སོ་སོར་དོགས་པ་བསླེབས་སོང་། སོ་སོའི་ནང་མིའི་ཐོག་ནས་གནས་ཚུལ་གང་འཚམ་ཞིག་བསྡུ་རུབ་བྱས་པ་ཡིན།” ཞེས་དང་། “ ཡིག་ཆ་མང་པོ་ཞིག་གི་ནང་དུ་སྨན་ཁང་འགན་འཛིན་གྱིས་ལྐོག་ཟ་རུལ་སུངས་བྱས་སོང་ཟེར་ནས་སྐྱོན་འཛུགས་ཤིག་བྱེད་ཀྱི་ཡོད་པ་རེད། ཞིབ་འཇུག་སྙན་ཐོའི་ནང་དེ་དང་འགལ་ཟླ་ཞིག་ཆགས་ཡོང་གི་འདུག” ཅེས་སོགས་གསུངས་ཡོད།

ཕྱི་ཟླ་ ༧ ཚེས་ ༣༡ ཉིན་འཕྲོད་བསྟེན་བཀའ་བློན་མཆོག་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་ཅིག་དང་བསྟུན་ཏེ། ཁོང་གི་ངོ་ཤེས་རྒྱ་གར་བ་ཞིག་དང་ཀར་ན་ཀྲ་ཀའི་མངའ་སྡེ་སྐོར་སྲུང་བ་ཞིག་བཅས་ཁྲིད་ནས་དེ་སྔོན་འཚོ་བྱེད་སྨན་ཁང་གི་འགན་འཛིན་ལྷག་པ་ཚེ་རིང་གིས་བཅའ་དངོས་ཉོ་ཡུལ་རྒྱ་གར་ཚོང་བདག་དེའི་སར་སྐྱོད་དེ་སྐད་ཆ་དྲིས་སྐབས། ཐོག་མ་རྒྱ་གར་བ་དེས་ལྷག་པ་ཚེ་རིང་གིས་བཅའ་དངོས་ཉོས་པའི་ཡིག་ཆ་རྫུན་བཟོ་བྱས་ཚུལ་བཤད་ཡོད་པ་དང་། སྐད་ཆ་དེ་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྒྲ་འཇུག་བྱས་ཡོད་ཀྱང་། རྗེས་སུ་རྒྱ་གར་བ་དེའི་སྐད་ཆར་འགྱུར་བ་ཐེབས་ཡོད་པ་མ་ཟད། ཉིན་དེར་འཕྲོད་བསྟེན་བཀའ་བློན་གྱིས་འཇིགས་སྐུལ་བྱས་སྟབས་དེ་ལྟར་བརྗོད་ཚུལ་ལབ་ཡོད།

སྔ་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་བཀའ་ཤག་གིས་ཞིབ་འཇུག་གནང་བའི་གྲུབ་དོན་སྙན་ཐོ་དང་། གནད་དོན་དེའི་ཐད་བཀའ་ཤག་གིས་ཐག་གཅོད་གནང་བའི་བཅད་ཁྲའི་ངོ་བཤུས་བཅས་སྤྱི་འཐུས་རྒྱུན་ལས་ལ་འབྱོར་ཡོད་འདུག སྤྱི་འཐུས་རྒྱུན་ལས་ནང་གནད་དོན་དེའི་ཐོག་བཀའ་བསྡུར་བྱུང་བར། གནས་ཚུལ་དེ་ནི་འཛིན་སྐྱོང་གི་ལས་དོན་བརྒྱུད་རིམ་ཞིག་ལ་ངོས་འཛིན་དང་། བཀའ་ཤག་གི་བཅད་ཁྲ་དེ་དྲང་བདེན་བྱུང་ཡོད་མེད་ཐོག་ཞུ་གཏུག་དགོས་མིན་དམངས་གཙོའི་འགྲོ་ལུགས་ལྟར་བརྒྱུད་རིམ་གཞན་གྱི་ཐོག་ནས་འགྲོ་མིན་དོ་བདག་རང་ཉིད་ཀྱིས་ཐག་གཅོད་དགོས་པ་ཞིག་ལ་ངོས་འཛིན་གནང་ཡོད་འདུག

བཀའ་ཤག་གིས་ཞིབ་འཇུག་སྙན་ཐོར་ཞིབ་འཇུག་གནང་བ་བརྒྱུད། ལྷག་པ་ཚེ་རིང་གིས་ཅ་དངོས་ཉོས་པ་དང་བཟོ་བཅོས་ཡིག་ཆ་ཁག་ཚད་ལྡན་མིན་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་འཁྲོལ་མིན་པར་རོགས་དངུལ་བླངས་པ་བཅས་ཀྱིས་སྤྱི་དངུལ་གྱོང་གུན་བཏང་བར་ངོས་འཛིན་ཐོག་ཧིན་སྒོར་ ༣༠༤༨༣༠།༠༠ ཙམ་འཕྲོད་བསྟེན་སྨན་ཁང་ལ་ཕྱིར་སློག་བྱེད་དགོས་པ་དང་། ཉེས་འཛུགས་དེ་དང་འབྲེལ་བ་ཡོད་པའི་ལས་བྱེད་ཡོངས་རྫོགས་ཛ་དྲག་གིས་འཕོ་འགྱུར་འགྲོ་དགོས་པ་ཐག་གཅོད་གནང་ཡོད་འདུག

སྤྱི་འཐུས་རྒྱུན་ལས་ཀྱིས་བཀའ་ཤག་ལ་དྲི་བ་གསུམ་བཏོན་པར་བཀའ་ཤག་གིས་ཞིབ་འཇུག་སྐབས་འཕྲོད་བསྟེན་བཀའ་བློན་མཆོག་ལ་འདྲི་རྩིད་གནང་ཐུབ་མེད་པ་དང་། བཀའ་ཤག་གི་བཅད་ཁྲ་དང་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བར་ལན་འདེབས་གནང་བ་གཉིས་མ་མཐུན་བཅས་ལ་བརྟེན་ཏེ། སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུའི་ཐག་གཅོད་གནང་ཡོད་པ་དང་། ཞིབ་འཇུག་ཚོགས་ཆུང་གི་ཚོགས་མིར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཀརྨ་ཆོས་འཕེལ། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་བཅས་བསྐོ་འཛུགས་གནང་སྟེ་ ༢༠༡༥ ཟླ་ ༡ ཚེས་ ༡༩ ཉིན་ནས་ལས་དོན་མགོ་འཛུགས་གནང་དང་། ཟླ་སྔོན་མའི་ཚེས་ ༢ ཉིན་ཞིབ་འཇུག་གྲུབ་དོན་སྤྱི་འཐུས་རྒྱུན་ལས་ལ་ཕུལ་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 5

  1. ཐང་་དཀར་རྒོད་པོ་། says:
    ལོ་ 11 སྔོན།

    ཉམས་མྱོང་མེད་པའམ་ཡང་ན་སྣང་མེད་དུ་ཤོར་བ་།ཡང་ན་འགན་མ་འཁུར་བ་ཡི་མངོན་རྟགས་རེད་།

    Reply
  2. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་ལྐོག་རུལ་སུངས་དང་འབྲེལ་བ་བྱུང་འདུག ད་རེབས་ཐེངས་གསུམ་པ་རེད། དང་པོ་སྔོན་མ་སྤྱི་མཐུས་ཞིག་ནས་གྲོས་ཚོགས་ནང་ཟམ་གདོང་བླ་མའི་རྐང་པ་གཅིག་ཡང་སྒྲོ་ལོར་ནང་ཟུགས་པ་རེད་དམ་ཅེས་གླེང་སློང་བྱས་པ་དང་། གཉིས་པ་ཨ་རིའི་གྲོས་ཚོགས་མཐུས་མི་ཞིག་ནས་ཡིག་ཐོག་ཏུ་ཟམ་གདོང་དང་འགོ་གཙོ་ཁ་ཤས་མིང་འདོན་ཡི་གེ་བཀའ་ཤག་ཏུ་ཕུལ་བྱུང་། ད་རེབས་ང་ཚོའི་གྲོས་ཚོགས་ཀྱི་སྙན་ཞུ་ནང་ཐོན་སོང་ང་། ད་འགྲིག་མེད་པ་ཐག་ཆོད་རེད། བླ་མ་གྲ་བ་ཁེར་རྐྱང་ཅིག་ལ་འགྲོ་སོང་དེ་འདྲ་ག་བ་གཏོང་གི་ཡོད་དམ། སྔོན་མ་ཟམ་གདོང་རིན་པོ་ཆེ་བཀའ་ཤག་སྐབས་གངས་སྐྱིད་ཡིག་སྐྱེལ་ཨ་ཅག་ཅིག་གི་སྒོར་ལྔ་བརྒྱ་ལྐོལ་ཟ་བྱས་འདུག་པ་ལས་བྱེད་ནས་ཕྱིར་བུད་བཏང་བ་རེད། ད་ཁོང་གི་ཐོག་ལ་བབས་ཡོང་དུས་ག་རེ་བྱེད་ཀྱི་འདུག་མི་དམངས་རྣམས་ནས་ཤེས་དགོས་འདུག ཨ་ཅག་དེ་སྙིང་རྗེ་ནང་མི་བུ་ཕྲུག་ཡོད་ཀྱི་རེད་སྙམ།

    Reply
  3. བློ་རྒྱམ། says:
    ལོ་ 11 སྔོན།

    ང་རང་གིས་ཉིན་རྟགས་པར་བརྙན་འཕྲིན་བརྒྱུད་དེ་རྡ་རམ་ས་ལའི་གྲོས་ཚོགས་ལ་ལྟ་བསྡད་ཡོད་ཀྱང་། བོད་ཀྱི་དུས་བབ་ཀྱི་གསར་འགྱུར་ཀློག་ནས་གོ་འཚོས་པ་ཞིག་བརྙན་འཕྲིན་ཐད་གཏོང་ལས་གོ་འཚོས་མ་སོང་། ཉི་མ་གཅིག་ལ་ལས་རིམ་མང་པོ་དང་བཀའ་བློན་དང་སྤྱི་འཐུས་ཁ་རྒྱག་པ་དེ་ཚོས་མང་པོ་ཞིག་བཤད་ཡོང་སྐབས་གང་བདེན་གང་རྫུན་དང་། གནད་འགག་གང་ཡིན་དབྱ་གསེས་བྱེད་ཐུབ་པ་མི་འདུག་ཀྱང་། ཉི་མ་རེ་རེར་བོད་ཀྱི་དུས་བབ་དྲ་ཚིགས་སྟེང་གི་གྲོས་ཚོགས་ཀྱི་ལས་རིམ་ལ་ལྟ་ཡོང་སྐབས་སེམས་ལ་འབབ་རྒྱུ་རྡོག་རྡོག་ཞིག་བཞག་ཡོང་གི་འདུག དངོས་གནས་དྲང་གནས་ཐུགས་རྗེ་ཤིན་ཏུ་ཆེ་འོ།།།

    Reply
  4. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    ད་ང་ཚོའི་བཙན་བྱོལ་ནང་གི་སྤྱི་ཚོགས་ཆུང་ངུ་འདི་ལ་ཡང་འགོ་ནས་འཇུག་པར་བཀྲ་མ་ཤིས་པའི་གནད་དོན་འདི་འདྲ་མང་པོ་ཞིག་ཡོད་པ་ད་བར་དུ་གསར་ལམ་ཁག་ཏུ་མ་ཐོན་པར་གསང་བ་བྱས་ནས་བཞག་འདུག ད་རེབས་དུས་བབ་ཚང་གི་གསལ་ཐག་ཆོད་བཏོན་པ་དངོས་ནས་ཐུགས་རྗེ་ཆེ།

    Reply
  5. བོད་ཀྱི་བུ། says:
    ལོ་ 11 སྔོན།

    ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་བྱས་པ་ལས་ཀྱང་བཟང་བའི་གསར་འགྱུར་ཁ་གསལ་གོ་བདེ་ཞིག་བྲིས་འདུག
    ལྷག་པ་ཚེ་རིང་གིས་གློག་གི་ཅ་དངོས་དེ་དག་གི་རིན་གོང་ལས་ཀྱང་མཐོ་བའི་བཟོ་བཅོས་གླ་ཆ་ཞིག་སྤྲད་འདུག་པ་གོ་སོང་།
    འཕྲོད་བསྟེན་བཀའ་བློན་རང་གིས་ཆེད་འཛུགས་གནང་བའི་ཞིབ་འཇུག་ཚོགས་ཆུང་དེས་ལྷག་པ་ཚེ་རིང་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མེད་ཉེས་འཛུགས་བྱས་པ་དེར་ཁ་བཏགས་ཀྱིས་ཉེས་པ་བཏགས་འདོན་བྱེད་དགོས་པའི་ཐག་གཅོད་བྱས་ཡོད་པ་ཞིག་གོ་སོང་།
    བཀའ་ཤག་གི་ཞིབ་འཇུག་ཚོགས་པས་ལྷག་པ་ཚེ་རིང་ལ་ཧིན་སྒོར་འབུམ་གསུམ་ལྷག་གི་ཉེས་ཆད་བཏང་རྗེས་ལས་ཀ་ནས་གནས་དབྱུང་བཏང་ཚར་བ་རེད་ཟེར་བ་ཞིག་གོ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese