ནང་སོག་རང་སྐྱོང་ལྗོངས་ཀྱི་འགན་འཛིན་གཞོན་པ་དང་སྤྱི་བདེ་ལས་ཁང་གི་འགན་འཛིན་ཟུར་བ་ཀྲུའོ་ལི་ཕིན་ལ་མི་གསོད་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག
ཟླ་འདིའི་ཚེས་ ༢༥ ཉིན་རྒྱ་ནག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲ་བའི་སྟེང་། ནང་སོག་རང་སྐྱོང་ལྗོངས་ཀྱི་འགན་འཛིན་གཞོན་པ་ཟུར་བ་དང་སྲིད་གྲོས་འགན་འཛིན་ཟུར་བ། ནང་སོག་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁང་གི་འགན་འཛིན་ཟུར་བ་ཀྲུའོ་ལི་ཕིན་ (Zhao Liping)ལ་མི་གསོད་ཉེས་མིང་འོག་ནང་སོག་རང་སྐྱོང་ལྗོངས་ཁྲི་ཧྥིན་གྲོང་ཁྱེར་ཧོན་ཧྲན་ས་ཁུལ་མི་དམངས་ཁྲིམས་ཞིབ་ལྷན་ཁང་གིས་འཛིན་བཟུང་བྱས་ཡོད་པ་དང་། ད་དུང་ཁོས་མེ་མདའ་ལྐོག་གཉེར་བྱས་ཡོད་པའི་དོགས་གཞིར་ཞིབ་བཤེར་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
བརྒྱུད་ལམ་ཁག་ཏུ་ཁོའི་སྐོར་ལ་དཔྱད་བརྗོད་སྤེལ་བའི་ནང་། ཀྲུའོ་ལི་ཕིན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ཀྱི་མཐོ་རིམས་དཔོན་རིགས་འཛིན་བཟུང་བྱས་པ་གྲངས་ ༡༠༠ དེ་ཆགས་ཡོད་པ་དང་། ཁོ་ནི་དེ་སྔའི་རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གི་འགན་འཛིན་ཟུར་བ་ཀྲུའུ་ཡོན་ཁཱང་དང་འབྲེལ་བ་ཟབ་མོ་ཡོད་སྐོར་བརྗོད་འདུག
ཁ་སང་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་ཀྱིས་གཞན་ནས་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། སྔོན་ཆད་ཀྱང་ཀྲུའོ་ལི་ཕིན་གྱི་ནག་ཉེས་ཐེངས་མང་ཞུ་གཏུགས་བྱེད་མཁན་བྱུང་ཡོད་ཀྱང་། ཀྲུའོ་ལི་ཕིན་གྱི་གོ་གནས་ལྷུང་མེད་པ་མ་ཟད་གོ་གནས་མུ་མཐུད་ཡར་འཕར་ཡོད་པའི་རྒྱུ་རྐྱེན་གཙོ་བོ་དེ་ཁོས་ཀྲུའུ་ཡོན་ཁཱང་རྒྱབ་རྟེན་བྱས་པས་རེད་ཅེས་བརྗོད་འདུག
ཀྲུའུ་ཡོན་ཁཱང་གིས་ཀྲུའོ་ལི་ཕིན་ལ་མཐོང་ཆེན་བྱེད་པའི་རྒྱུ་མཚན་གཅིག་ནི། ཀྲུའོ་ལི་ཕིན་ནང་སོག་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་སུ་ལས་ཀ་བྱེད་སྐབས། ཁོས་སྐབས་དེའི་སྲིད་འཛིན་ཅང་ཙེ་མིན་དང་ཀྲུའུ་ཡོན་ཁཱང་གཉིས་ལ་སྲི་ཞུས་བསྒྲུབས་ཏེ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོར་རྒོལ་རྡུང་གཏོང་མཁན་གཙོ་གྲས་ཤིག་ཆགས་ཡོད་པ་དང་། ༢༠༡༡ ལོར་ཀྲུའུ་ཡོན་ཁཱང་ནང་སོག་ལ་རྟོག་ཞིབ་ཏུ་སྐྱོད་སྐབས། ཀྲུའོ་ལི་ཕིན་གྱིས་ཀྲུའུ་ཡོན་ཁཱང་ལ་དངོས་སུ་རྟོག་ཞིབ་རོགས་རམ་བྱས་ཡོད་འདུག དེ་བཞིན། ཀྲུའོ་ལི་ཕིན་གྱིས་ ༡༩༩༩ ལོའི་ཟླ་ ༧ པ་ནས་ ༢༠༡༢ ལོའི་བར་ནང་སོག་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁུར་སྐབས། ནང་སོག་གི་སྤྱི་བདེ་ལས་ཁུངས་ཚན་པ་ ༦༡༠ ཡིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་ཁྲིམས་འགལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད་པ་མ་ཟད། ཁྲི་ཧྥིན་གྲོང་ཁྱེར་གྱི་ཆོས་འཁོར་རྩ་རླུང་སློབ་མ་ ༣༠ ལྷག་ལ་མི་སྤྱོད་ལས་འདས་པའི་གནོད་སྐྱོན་ཚད་མེད་བྱས་ཡོད་ཅེས་བརྗོད་འདུག
དེ་རིང་རྒྱ་ནག་གི་དྲ་བ་ (Zhongguowang)ཞེས་བས་གནས་ཚུལ་སྤེལ་པ་ལྟར་ན། ཀྲུའོ་ལི་ཕིན་གྱིས་ཁྲི་ཧྥིན་ས་ཁུལ་བརྒྱ་འཛོམས་གྲོང་ཁྱེར་གསར་བར་དམར་གསོད་བཏང་བའི་བུད་མེད་དེའི་རུས་ལ་ལིས་ (Li)ཡིན་པ་དང་། ༡༩༨༨ ལོའི་ཟླ་ ༩ པར་ཁྲི་ཧྥིན་གྲོང་ཁྱེར་དང་ཐག་མི་རིང་བའི་ཝན་ནོའུ་ཐི་ཆཱེ་གྲོང་ཚོ་དང་པོ་ནས་སྐྱེས་འདུག མོ་ལ་སློབ་ཆུང་ཤེས་ཚད་ཙམ་ལས་མེད་ཀྱང་། ལོ་བཅུའི་སྔོན་ལ་མོ་ཕ་ཡུལ་དང་ཁ་བྲལ་ནས་ཕྱི་རུ་ལས་ཀ་བྱེད་དུ་སོང་ཡོད་ཅིང་། ལོ་གསུམ་གྱི་སྔོན་ལ་ཁྲི་ཧྥིན་ནས་ཨ་རག་གི་ཚོང་ལས་བྱས་ཡོད་འདུག ལོ་གཅིག་གི་སྔོན་ནས་བཟུང་མོས་གྱོན་ཆས་ཀྱི་ཚོང་ལས་གཉེར་ཡོད་པ་དང་། ད་ལྟ་མོ་ལ་ཁྲི་ཧྥིན་ས་ཁུལ་ན་ཁང་པ་ཅིག་ཀྱང་ཡོད་འདུག འོན་ཀྱང་། ད་སྔ་མོ་དང་ཀྲུའོ་ལི་ཕིན་གཉིས་བར་གྱི་འབྲེལ་བ་ཅི་ཞིག་ཡིན་པ་དང་། ཁོ་གཉིས་ཇི་ལྟར་ངོ་ཤེས་པ་སོགས་ཀྱི་གནས་ཚུལ་ཤེས་མཁན་བྱུང་མེད་སྐོར་བཀོད་འདུག
གནས་ཚུལ་དེའི་ནང་། དོན་རྐྱེན་དངོས་སུ་མཐོང་མཁན་ཞིག་གིས། ཚེས་ ༢༠ ཉིན་གྱི་དགོང་མོའི་ཆུ་ཚོད་ ༢༡།༣༠ ཡས་མས་ཙམ་ལ་བརྒྱ་འཛོམས་གྲོང་ཁྱེར་གསར་བའི་སྲང་ལམ་གྱི་ཐོག་རྩེག་ ༡༧ གྱི་ནུབ་ཕྱོགས་སུ། སད་ལོན་ (Saloon) རྟགས་ཅན་གྱི་རླངས་འཁོར་དཀར་པོ་ཞིག་བསྡད་པ་དང་བུད་མེད་ཅིག་སར་བབས་ཡོད་པ་དང་། དེ་མ་ཐག་རྒྱབ་ལོགས་སུ་ཨོ་ཌེ་ (Audi) རྟགས་ཅན་གྱི་རླངས་འཁོར་ནག་པོ་ཞིག་བསྡད་དེ་སྐྱེས་པ་ཞིག་སར་བབས་ནས་བུད་མེད་དེར་མེ་མདའ་བརྒྱབ་ཡོད་པ་དང་། བུད་མེད་དེ་ས་ལ་འགྱེལ་རྗེས་སྐྱེས་པ་དེས་བུད་མེད་དེ་ཨོ་ཌེ་རྟགས་ཅན་གྱི་རླངས་འཁོར་དེའི་རྒྱབ་ཀྱི་སྒམ་ནང་དུ་བླུགས་ཏེ་འཁྱེར་ཡོད་སྐོར་བརྗོད་འདུག
ད་ལྟ་རྒན་ཡོལ་བྱས་ཡོད་པའི་ཀྲུའོ་ལི་ཕིན་ནི་རྒྱ་རིགས་ཡིན་པ་དང་ ༡༩༥༡ ལོའི་ཟླ་ ༨ པའི་ནང་ལའོ་ཉེན་ཅན་ཕེན་ནས་སྐྱེས་ཤིང་༡༩༦༩ ལོའི་ཟླ་ ༤ བ་ནས་གཞུང་གི་ལས་ཀ་བྱས་ཡོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།