ངྷ་སྟེང་བོད་ཁྱིམ་དུ་ཁ་སང་ནས་ཉིན་གསུམ་རིང་། ༧གོང་ས་མཆོག་གིས་བོད་རིགས་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་ལྟར། དེ་རིང་ཉིན་གཉིས་པའི་སྔ་དྲོར་ནང་ཆོས་ངོ་སྤྲོད་ཀྱི་དངོས་གཞི་གྲུབ་རྗེས་སློབ་ཕྲུག་དག་གི་དྲི་བར་བཀའ་ལན་བསྩལ།
སློབ་ཕྲུག ནང་ཆོས་དང་ནང་ཆོས་ཀྱི་རིག་གཞུང་གཉིས་གཞི་གཙོ་བོ་གང་ལ་བརྟེན་ནས་དབྱེ་བ་འབྱེད་ཀྱི་ཡོད་དམ།
༧གོང་ས་མཆོག ནང་ཆོས་དང་ནང་ཆོས་ཀྱི་རིག་གཞུང་གཉིས་ལས་ནང་ཆོས་ཟེར་དུས་གང་ཟག་བྱེ་བྲག་པར་འབྲེལ་བ་ཡོད་པ་ཞིག་དང་། ནང་ཆོས་ཀྱི་རིག་གཞུང་ཟེར་དུས་སྤྱི་ཚོགས་དང་འབྲེལ་བ་ཡོད་པ་ཞིག་རེད་དྲན་གྱི་ཡོད། ཁ་སང་ལབ་པ་ལྟར་ལྷ་སའི་ཁ་ཆེ་ཚོ་ཆོས་ཀྱི་ཐོག་ནས་ནང་པ་མ་རེད། འོན་ཀྱང་ཁོང་ཚོ་ནང་པའི་སྤྱི་ཚོགས་ཤིག་གི་ནང་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན་སྟབས། རང་བཞིན་གྱིས་སྙིང་རྗེ་ལ་དོ་སྣང་དང་སེམས་ཅན་གྱི་སྲོག་ལ་བརྩེ་བ་ཡོད་པ་དེ་ནང་ ཆོས་ཀྱི་རིག་གཞུང་རེད། འཛམ་གླིང་སྤྱིའི་ཐོག་ལ་ནང་ཆོས་ཀྱི་རིག་གཞུང་གིས་རིམ་གྱིས་ཕན་ཐོགས་བསྒྲུབ་ཐུབ་པ་ཞིག་ངས་མཐོང་གི་འདུག ནང་ཆོས་ཀྱི་རིག་གཞུང་ཟེར་དུས་ཞི་བདེ་དང་འཚེ་བ་མེད་པའི་རིག་གཞུང་ཞིག་ཡིན་པ་ དང་། ཞི་བདེའི་རིག་གཞུང་དང་འཚེ་བ་མེད་པའི་རིག་གཞུང་ཟེར་བ་དེ་འཛམ་གླིང་གང་སར་ཤོད་ཀྱི་ཡོད་ལ། ཞི་བདེ་དང་འཚེ་བ་མེད་པའི་རིག་གཞུང་གི་རྩ་བ་དེ་བྱམས་བརྩེར་ཐུག་ཡོད་སྟབས། ངས་བྱམས་བརྩེའི་རིག་གཞུང་ཞེས་ཤོད་ཀྱི་ཡོད། དེ་ང་ཚོས་ཤོད་ཐུབ་པ་ཞིག་རེད་འདུག
ང་ཚོ་བོད་པའི་གཤིས་ཀ་དེ་བྱམས་བརྩེའི་ཤུགས་ཏན་ཏན་ཡོད་སྟབས། ང་ཚོ་བོད་གངས་ཅན་པ་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་གི་མི་ཡིན་ཟེར་བ་དེར་རྒྱུ་མཚན་ཏོག་ཙམ་ཡོད་པ་འདྲ་བོ་ཞིག་རེད། དང་པོ་ནས་དེ་འདྲ་ཡིན་མིན་མི་ཤེས་ཏེ་ཕྱིས་སུ་ནང་ཆོས་དར་ནས་ཤུགས་རྐྱེན་ཆེན་པོ་ཞིག་བསླེབས་ཡོང་དུས། བོད་ཀྱི་སྤྱི་ཚོགས་དེ་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཕལ་ཆེར་ཡིན་པ་འདྲ་བོ་རེད། ཕྱི་རྒྱལ་གྱི་མི་མང་པོས་བོད་པར་དགའ་བོ་བྱེད་ཀྱི་འདུག་གཱ ཨ་རིར་བོད་མིའི་གཞིས་ཆགས་ཐོག་མ་ཕྱིན་པའི་སྐབས་སུ། གཞིས་ཆགས་ལེན་མཁན་གྱི་ཚོགས་ཆུང་ནང་ཨ་རིའི་གྲོང་ཁྱེར་ཆི་ཁ་གྷོ་རུ་(Chicago) ནས་ཡིན་པའི་འབྱོར་ལྡན་ཞིག་ཡོད་པ་དང་། མི་དེས་ང་ལ་བོད་པ་ཨ་རིའི་ནང་གཞིས་ཆགས་སུ་བླངས་བ་དེ་སྐྱོབ་གསོ་རོགས་རམ་བྱེད་པའི་ཀུན་སློང་གཅིག་པུ་མིན། བོད་པར་གོམས་གཤིས་བཟང་པོ་ཞིག་ཡོད་པ་དེ་ཨ་རིའི་ནང་གི་མི་ཚོའི་རྒྱུད་ལ་འཇགས་རོགས་བྱས་ན་བསམ་པའི་རེ་བ་བརྒྱབ་སྟེ། ཁོ་རང་ཚོའི་ས་ཁུལ་དེར་བོད་པ་གཞིས་ཆགས་སུ་བླངས་བ་ཡིན་ཞེས་ལབ་སོང་། དེ་བཞིན། སྔ་མོར་ཀུ་ལི་མ་ན་ལི་ཁུལ་དུ་བོད་པ་ལམ་བཟོར་རྒྱུག་མཁན་མང་པོ་ཡོད་པ་དང་། ཁོ་ཚོས་སྐྱག་རྫུན་བཤད་ཀི་མ་རེད། དྲང་པོ་བྱེད་ཀྱི་རེད་ཅེས་དྲང་བདེན་གྱི་ཆ་འཇོག་ས་འདྲ་བོ་ཞིག་ཆགས་ཡོད་ཀྱང་། ག་ལེར་བྱས་ནས་མི་རབས་གསར་པ་ཞིག་བསླེབས་ཡོང་དུས། སྐྱག་རྫུན་བཤད་མཁན་ཁ་ཤས་ཡོང་གི་འདུག་ཅེས་རྒྱ་གར་བ་ཚོས་ཏོག་ཙམ་ཡིད་མ་ཆེས་བ་ ཡོང་གི་ཡོད་པ་རེད། དེའི་ཕྱིར་ང་ཚོའི་ཕ་མེས་ནས་ཡོད་པའི་གོམས་གཤིས་དེ་དངོས་གནས་དྲང་གནས་བཟང་པོ་ཞིག་རེད་འདུག སྐྱག་རྫུན་མི་བཤད་པ་དང་དྲང་པོ་དྲང་བཞག་བྱེད་པ་དེའི་རྩ་བ་ཐུག་ས་གཙོ་བོ་བྱམས་བརྩེ་རེད།
སློབ་ཕྲུག འཛམ་གླིང་གི་མི་ཁ་ཤས་ཀྱིས་སེམས་ཅན་མང་པོ་བསད་དེ་འཚོ་བ་སྐྱིད་པོ་དང་དཀའ་ངལ་མེད་པར་སྐྱེལ་གྱི་ཡོད་པ་དང་། ཡང་ཁག་ཅིག་གིས་རྒྱུན་དུ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསམ་པ་རྣམ་དག་གིས་ལས་ཀ་བྱེད་ཀྱི་ཡོད་ཀྱང་། ཁོང་ཚོར་བཀྲ་མ་ཤིས་པ་དང་དཀའ་ངལ་མང་པོ་ཡོང་གི་ཡོད་པའི་རྒྱུ་མཚན་ཅི་ཡིན།
༧གོང་ས་མཆོག རེ་ཟུང་རེ་ཟུང་དེ་འདྲ་ཡོད་པ་རེད། བཤས་ཚོང་བརྒྱབ་སྟེ་དངུལ་འབེལ་བོ་དང་། དངུལ་འབེལ་བོ་ཡོད་དུས་ཏོག་ཙམ་རྒྱས་སྤྲོས་འདྲ་བོ་ཡོད་པ་དང་། དངོས་གནས་འདོད་ཆུང་ཆོག་ཤེས་བྱེད་མཁན་ཚོ་ཕར་བལྟས་ན་སྐྱོ་མདོག་ཁ་བོ་འདྲ་ཡོད་པ་དང་། མཐུན་རྐྱེན་ཉུང་བ་ཡོད་དུས་རང་བཞིན་གྱིས་ནད་ན་ཚ་དེ་འདྲ་ཡོང་བའང་མེད་པ་མ་རེད། ཡིན་ནའང་། སྤྱི་ཡོངས་ནས་བལྟས་པ་ཡིན་ན་ཕལ་ཆེར་དེ་འདྲ་མ་རེད།
སློབ་ཕྲུག སློབ་མ་ཚོའི་སེམས་བརྟན་པོར་གནས་དགོས་པ་དེ་ཧ་ཅང་གལ་ཆེན་པོར་མཐོང་གི་ཡོད་ཀྱང་། ནང་ཆོས་ནང་གསུངས་པའི་ཞི་གནས་དང་ལྷག་མཐོང་སྒོམ་པའི་དུས་ཚོད་མེད་སྟབས། དེ་མིན་གྱི་ཐབས་ལམ་ཐོག་ནས་སེམས་བརྟན་པོར་གནས་ཐུབ་པར་ལམ་སྟོན་ཞིག་གནང་རོགས།
༧གོང་ས་མཆོག དེ་ང་ཚོ་བོད་པ་གཅིག་པུ་མ་རེད། ཕྱི་རྒྱལ་ཁག་ཏུའང་དྲི་བ་དེ་མང་པོ་ཡོང་གི་འདུག སློབ་ཕྲུག་ཚོའི་ལུས་འཛིན་གྲྭའི་ནང་དུ་བསྡད་ཡོད་ཀྱང་སེམས་རྣམ་གཡེང་ཐོག་ཕྱིན་ཏེ། སློབ་འཁྲིད་ཀྱི་ཐོག་ལ་བློ་མ་གནས་པའི་དཀའ་ངལ་ཞེ་དྲགས་ཡོང་གི་ཟེར་གྱི་འདུག དེང་སང་ཨ་རིའི་ནང་དྲན་པ་ཉེ་བར་བཞག་པ་(Mindfulness) ཐོག་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེ་སྐྱེ་བ་ཕྱི་མ་དང་ཆོས་ཀྱི་སྐད་ཆ་གང་ཡང་མ་རེད། ནུབ་ཕྱོགས་ཀྱི་དཀའ་ངལ་ཆེ་ཤོས་དེ་ཡིད་བློ་དང་སྒོ་ལྔས་ཤེས་པ་གཉིས་ཀྱི་དབྱེ་བ་འབྱེད་ཐུབ་ཀྱི་མི་འདུག ཤེས་པ་ཞེས་ལབ་དུས་སྒོ་ལྔའི་དབང་ཤེས་དང་། དེ་དང་འབྲེལ་བའི་བདེ་སྡུག་གི་ཚོར་བ་རྐྱང་རྐྱང་ལ་བསམ་བློ་གཏོང་རྒྱུ་མ་གཏོགས། སྒོ་ལྔའི་ཤེས་པ་དེ་སྣང་མེད་འདྲ་བོར་འཇོག་གི་འདུག དེ་སྔོན་ཡིན་ན་ཚན་རིག་པ་ཚོས་ཀྱང་རྟོག་པ་དང་རྟོག་མེད་ཀྱི་ཐོག་དོ་སྣང་བྱེད་ཀྱི་མེད་ཀྱང་། དེང་སང་ཀླད་པའི་ཚན་རིག་པ་དང་སེམས་ཁམས་རིག་པའི་ཚན་རིག་པ་ཚོས་གཞི་ནས་དོ་སྣང་བྱེད་ཡོང་གི་འདུག ཨ་རིའི་ནང་དྲན་པ་ཉེར་བཞག་ཐོག་ཚན་རིག་པ་ཚོས་དོ་སྣང་བྱས་ཏེ་སློབ་ཁྲིད་འདྲ་བོ་བྱེད་ཀྱི་འདུག་པས། ང་རང་ཚོ་ཀྱང་ཤེས་པ་མིག་གིས་མཐོང་བསྡད་པ་དང་རྣ་བས་སྒྲ་གོ་བསྡད་པ། སྣས་དྲི་ཚོར་བསྡད་པ་རྐྱང་རྐྱང་མིན་པར་ཡིད་བློ་རྐྱང་རྐྱང་གི་ཐོག་ནས་བསམ་བློ་གཏོང་རྒྱུ་ཏོག་ཙམ་གོམས་པ་ཡིན་ན། བློ་བརྟན་པོར་གནས་ཐུབ་པ་ཤུགས་ཆེ་རུ་འགྲོ་ངེས་རེད། ཅེས་སོགས་གསུངས་སོང་།
གསར་འགོད་པ། པདྨ་མཚོ།
དྲི་བ་དྲི་ལན་འདི་ལས་མང་ཙམ་བཀོད་ན་ཅི་མ་རུང་ཁ་སང་སློབ་མ་ཚོས་བཀའ་འདྲི་མང་པོ་ཞིག་གནང་སོང་། ད་དུང་གལ་ཆེ་ཤོས་སྐུ་མདུན་གྱིས་བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་པ་ཚོར་ཡི་རངས་སྔགས་བརྗོད་གནང་བ་དང་བོད་པའི་བླ་མ་སྤྲུལ་སྐུ་རྫུན་མ་ཚོས་མགོ་བསྐོར་གཏོང་གི་ཡོད་པའི་སྐོར་སོགས་ལ་བཀའ་འདྲི་དང་བཀའ་ལན་སྩལ་གནང་སོང་བས་དེ་དག་ཧ་ཅང་གལ་ཆེན་པོར་མཐོང་སོང་་