ཁ་སང་སི་རི་ཡ་དང་ཨི་རག་གི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འཇིགས་སྐུལ་རིང་ལུགས་པས་ཨི་ཇེབ་ཀྱི་མཚོ་གྲུ་ཞིག་ལ་འཇབ་རྒོལ་བྱས་ཡོད་འདུག
ཁ་སང་ཨི་ཇེབ་ཀྱི་མཚོ་ཁུལ་སི་ཎེ་ (Sinai) ནང་རྟེན་གཞི་བྱས་པའི་སི་རི་ཡ་དང་ཨི་རག་གི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) ལ་རྒྱབ་སྐྱོར་བྱེད་མཁན་གྱི་འཇིགས་སྐུལ་རིང་ལུགས་པས། མེ་ཌི་ཏྲེ་ནི་ཡན་རྒྱ་མཚོའི་ (Mediterranean Sea) ཐོག་སྐྱོད་བཞིན་པའི་ཨི་ཇེབ་ཀྱི་དམག་གྲུ་ཞིག་ལ་སྒྱོགས་མདེལ་འཕངས་ཏེ གྲུ་བའི་ལས་མི་ཁག་ཅིག་ལ་རྨས་སྐྱོན་བཏང་ཡོད་འདུག
ཨི་ཇེབ་མཚོ་དམག་གི་མགྲིན་ཚབ་པ་དམག་སྤྱི་སཱ་མེ་ (Mohammed Sami) ཡིས་སྤྱི་ཚོགས་དྲ་རྒྱ་ངོ་དེབ་བརྒྱུད་བརྗོད་དོན། འཇིགས་སྐུལ་རིང་ལུགས་པས་མཚོ་དམག་གི་གྲུ་གཟིངས་ལ་གཏོར་རྒོལ་བྱས་ཡོད་ཀྱང་། གྲུ་བའི་རུ་མི་སུ་གང་ལའང་འཆི་སྐྱོན་གྱི་གོད་ཆག་གང་ཡང་བྱུང་མེད་ཀྱང་། འདི་ནི་ཛ་དྲག་རང་བཞིན་གྱི་གནད་དོན་ཞིག་ཡིན་སྟབས། གང་མགྱོགས་རྩད་ཞིབ་བྱས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ཨ་རིའི་སྙན་གྲགས་ཅན་གྱི་དུས་དེབ་ (TIME) ཀྱིས་ཨི་ཇེབ་ཀྱི་བདེ་སྲུང་མི་སྣ་ཞིག་གིས་སྐད་ཆ་ལུང་འདྲེན་བྱས་པའི་ནང་། ང་ཚོའི་གྲུ་གཟིངས་འདིས་མཚོ་ཁུལ་བརྒྱུད་དམག་མི་དང་ཉེན་རྟོག་པ་ཨི་ཇེབ་ནང་དབོར་འདྲེན་བྱེད་བཞིན་འཇབ་རྒོལ་བྱས་ཏེ། མི་མང་པོ་ཞིག་ལ་རྨས་སྐྱོན་བཏང་འདུག ཅེས་བརྗོད་འདུག
རྒྱ་གར་དུས་བབ་སྟེང་དངོས་ཡོད་གནས་ཚུལ་མཐོང་མཁན་གྷ་ཛ་མཚོ་ཁུགས་ཀྱི་ཉ་པ་ཨ་བྷུ་ཨི་བྷར་ཧེམ་ (Abu Ibrahim Mohammed) གྱིས། ཨི་ཇེབ་ཀྱི་མཚོ་དམག་གྲུ་གཟིངས་དེ་མཚོ་ཁར་མ་སླེབ་གོང་གི་སྤྱི་ལེ་ ༣༠ ཡས་མས་ཤིག་ལ་མེ་སྐྱོན་ཤོར་སོང་བ་ལས། འབར་གས་བྱས་པའི་སྐད་སྒྲ་གང་ཡང་ཐོས་མ་བྱུང་། སྐབས་དེར་མེ་སྐྱོན་ཤོར་བའི་གྲུ་གཟིངས་དེའི་འཁྲིས་ལ་གྲུ་ཆུང་གཉིས་སླེབ་སྟེ། གཡས་སྐོར་གཡོན་སྐོར་བརྒྱབ་ནས་མེ་གསོད་ཐབས་བྱས་རྗེས། དེར་གྲུ་གཟིངས་ཆེན་པོ་ཞིག་འབྱོར་ནས་མེ་སྐྱོན་ཤོར་བའི་གྲུ་དེ་འདྲུད་ཕྱིན་སོང་། དེ་ནས་གྲུ་ཆུང་དེ་གཉིས་ཀྱིས་མཚོ་ཁུལ་དུ་སྐོར་གཡེང་བྱས་ཏེ། སྐམ་སའི་ཕྱོགས་སུ་མེ་མདའ་ཁག་ཅིག་བརྒྱབ་ནས་ཕྱིར་ལོག་བྱས་སོང་། ཞེས་བརྗོད་འདུག