ཁ་སང་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོར་སེ་ཨན་ཨན་གསར་ཁང་དང་དབྱིན་ཇིའི་ལྟ་སྲུང་བརྒྱུད་ལམ་བཅས་སུ་གནས་ཚུལ་སྤེལ་བའི་ནང་། ཉེ་ལམ་རྒྱ་གཞུང་གིས་ཕྱི་གླིང་ལྗོངས་རྒྱུ་བ་མི་ ༢༠ ནང་སོག་གི་གནམ་ཐང་ནས་བཀག་ཉར་བྱས་པའི་གྲས་ཀྱི་བཟའ་མི་གཉིས་ནས། ང་ཚོས་མགྲོན་ཁང་ནང་ཇིང་རྒྱལ་པོའི་ལོ་རྒྱུས་གློག་བརྙན་ལ་བལྟས་པའི་རྐྱེན་པས། རྒྱ་ནག་གི་ས་གནས་དཔོན་རིགས་ཚོས་བརྒྱུད་ལམ་དུ་ཇིང་གར་རྒྱལ་པོའི་གློག་བརྙན་ལ་ལྟ་བ་ནི། འཇིགས་སྐུལ་རིང་ལུགས་པར་དྲིལ་བསྒྲགས་བྱེད་ཉེན་གྱི་གནད་དོན་ཞིག་ཏུ་ངོས་འཛིན་བྱས་པ་མ་ཟད། ང་ཚོ་ཡང་འཇིགས་སྐུལ་རིང་ལུགས་པར་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་པ་རེད། ཅེས་སྐྱོན་བརྗོད་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གི་ས་གནས་དཔོན་རིགས་ཚོས་ཕྱི་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་ ༢༠ ནང་སོག་ཨོར་ཌོ་སི་གྲོང་ཁྱེར་ (Ordos) ནང་ཡོད་པའི་ཇིང་གར་རྒྱལ་པོའི་བང་སོར་གཟིགས་སྐོར་དུ་ཕྱིན་རྗེས། ཁོ་ཚོ་ཞེ་ཨན་ (Xi’an) གྲོང་ཁྱེར་དུ་བསྐྱོད་སྐབས། ཨོར་ཌོ་སི་གྲོང་ཁྱེར་གྱི་གནམ་ཐང་ཞིབ་བཤེར་ཉེན་རྟོག་པས་བཀག་ཉེར་བྱས་ཡོད་པ་དང་། ཡུལ་སྐོར་ལྗོངས་རྒྱུ་བ་དེ་དག་ལྷོ་ཨ་ཧྥི་རི་ཁའི་ཡུལ་མི་ ༡༠ དང་། ཨིན་ཇིའི་ཡུལ་མི་ ༩ ། རྒྱ་གར་ཡུལ་མི་ ༡ བཅས་ཡིན་ཞིང་། རྒྱ་ནག་ནང་ཕྱི་མི་དོ་དམ་ལས་ཁུངས་ཀྱི་དཔོན་རིགས་ཚོས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ཁོ་ཚོ་འཇིགས་སྐུལ་རིང་ལུགས་པར་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་བཀག་ཉར་བྱས་པ་ཞིག་ཡིན་འདུག
ཟླ་འདིའི་ཚེས་ ༡༦ ཉིན་ཨོར་ཌོ་སི་གྲོང་ཁྱེར་གྱི་ཕྱི་མི་དོ་དམ་ལས་དོན་པ་ཀྲུང་ཞེ་ (Zhang Xi) ཟེར་བ་ཞིག་གིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་བརྗོད་དོན། ཡུལ་དེའི་ཞིབ་བཤེར་ཉེན་རྟོག་པས་ཡུལ་སྐོར་ལྗོངས་རྒྱུ་བ་དེ་ཚོས་འཇིགས་སྐུལ་རིང་ལུགས་སྐོར་གྱི་བརྙན་འཕྲིན་ལ་བལྟས་པ་དང་དེ་འབྲེལ་དྲིལ་བསྒྲགས་བྱེད་སྲིད་པར་དོགས་གཞིའི་འོག་འཛིན་བཟུང་བྱས་པ་རེད། ཅེས་བརྗོད་འདུག
ཡིན་ན་ཡང་དབྱིན་ཇིའི་ལྟ་སྲུང་བརྒྱུད་ལམ་དུ་གནས་ཚུལ་བཀོད་པར། ཡུལ་སྐོར་ལྗོངས་རྒྱུ་བ་དེ་ཚོར་ཉེས་ཆད་ཅི་ཡང་མ་ཕོག་པར་འཇུ་བཟུང་བྱས་པའི་ཉིན་དེ་རིང་དུ་ཀློད་གྲོལ་བཏང་ཡོད་པ་མ་ཟད། རེབ་དེའི་འཛིན་བཟུང་བཀག་ཉར་གྱི་བསམ་སྦྱོར་དེ་དག་རྒྱ་ནག་གི་ས་གནས་དཔོན་རིགས་ཚོས་ཉེ་ལམ་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོར་དྲག་གནོན་བྱས་པའི་ནོར་འཁྲུལ་དང་གཅིག་མཚུངས་རེད། ཅེས་སོགས་བརྗོད་འདུག
རྒྱ་ནག་གཞུང་གིས་ཉེ་ལམ་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པའམ་དེ་དང་འབྲེལ་ཡོད་མི་སྣ་ ༡༤༥ འཇུ་བཟུང་བཀག་བསྐྱིལ་བྱས་ཡོད་འདུག རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཁྲིམས་རྩོད་ལྷན་ཚོགས་ (CHRLCG) ཞེས་པའི་ཚོགས་པ་དེས་ཧོང་ཀོང་རང་དབང་གསར་ཁང་དུ་གནས་ཚུལ་བརྒྱུད་སྤྲོད་བྱས་པའི་ནང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོའི་དུས་ཚོད་ ༡༡ ནས་ད་ལྟའི་བར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་དེ་དག་གི་ཁྲིམས་རྩོད་པ། ཁོ་ཚོའི་ནང་མི་སོགས་བསྡོམས་པའི་མི་ ༢༢༠ ལྷག་རྒྱ་ནག་གཞུང་གི་དྲག་གནོན་འོག་ཚུད་ཡོད། ཅེས་སོགས་བསྒྲགས་འདུག