མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིཊ་སློབ་ཕྲུག་ནས་༧གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་བྱུང་རྗེས་ཀྱི་སེམས་ཚོར།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་ནས་ཡིན་པའི་རྒྱ་རིགས་སློབ་ཕྲུག་ནས་༧གོང་ས་མཆོག་ཞལ་མཇལ་གསུང་ཐོས་བྱུང་རྗེས་ཀྱི་སེམས་ཚོར་ཞེས་པའི་བཅར་འདྲིའི་རྩོམ་ཡིག་འདི་ནི་ནོ་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་ཡིག་དྲྭ་རྒྱའི་ཐོག་བཀོད་འདུག རྒྱ་སྐད་རྒྱ་ཡིག་མ་མཁྱེན་མཁན་གྱི་ཀློག་པ་པོ་རྣམས་ནས་རྒྱ་རིགས་ཀྱིས་བོད་དོན་ཐོག་བསམ་ཚུལ་ཇི་ཡོད་མཁྱེན་རྟོགས་ཆེད་གུས་པས་བོད་སྒྱུར་ཞུས་པ་ཡིན། ཚང་མས་ཐུགས་སྣང་ཡོང་བའི་རེ་བ་ཡོད། ཐུགས་རྗེ་ཆེ།

རྒྱ་ཡིག་གི་མ་རྩོམ་འདི་རེད།

 

 

༄༅། རྒྱ་ནག་ནས་ཡིན་པའི་རྒྱ་རིགས་སློབ་ཕྲུག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞལ་མཇལ་གསུང་ཐོས་བྱུང་རྗེས་ཀྱི་སེམས་ཚོར།

དྲུང་འཕར་ཀུན་དགའ་བཀྲིས་ཀྱིས་བོད་སྒྱུར་ཞུས།

 

ལོ་འདིའི་ཕྱི་ཟླ་ ༦ པའི་ཟླ་འགོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲོ་ལིར་ཡར་ཆིབས་སྒྱུར་བསྐྱངས་སྐབས་རྒྱ་ནག་སྐམ་ས་ཆེན་པོ་དང་། ཧོང་ཀོང་། ཐེ་ཝན་བཅས་ཀྱི་སློབ་ཕྲུག་ཁག་ཅིག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས། དེའི་ཁྲོད་ནས་རྒྱ་ནག་ནས་ཡིན་པའི་སློབ་མ་ཀྲང་ཧྲང་(Zhang Shang)གིས་འདི་ག་རླུང་འཕྲིན་ཁང་(ནོ་ཝེ་བོད་ཀྱི་རླུང་འཕྲིན་ཁང་།)གི་བཅར་འདྲི་དང་ལེན་གནང་སྐབས། ༧གོང་ས་མཆོག་ཞལ་མཇལ་བྱུང་རྗེས་སེམས་ལ་ཚོར་བ་ཇི་བྱུང་དང་། ཨོ་སི་ཀྲོ་ལི་ཡར་ཡོད་པའི་རྒྱ་ནག་ནས་ཡིན་པའི་སློབ་ཕྲུག་དང་བོད་མིའི་དབར་ཕན་ཚུན་འབྲེལ་ལམ་ཇི་བྱུང་སོགས་ཀྱི་སྐོར་ལ་གླེང་མོལ་གནང་།

 

ནོོ་ཝེ་བོད་ཀྱི་རླུང་འཕྲིན་ཁང་། ཀྲང་ཧྲང་གིས་སྔོན་ལ་ཁོང་དང་། དེ་མིན་གྱི་རྒྱ་ནག་དང་། ཧོང་ཀོང་། ཐེ་ཝན་བཅས་ཀྱི་སློབ་མ་ཚོས་༧གོང་ས་མཆོག་མཇལ་བའི་སྐབས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། ཁོང་གི་སེམས་ལ་ཚོར་བ་ཇི་བྱུང་ངོ་སྤྲོད་གནང་བྱུང་།

 

ཀྲང་ཧྲང་། ཁྱེད་ཀྱིས་ང་ལ་སེམས་ཚོར་ཇི་བྱུང་བཀའ་འདྲི་གནང་པ་རེད། ང་རང་ཧ་ཅང་གི་དགའ་པོ་བྱུང་། གང་ཡིན་ཟེར་ན། རྒྱ་ནག་ནས་ཡིན་པའི་རྒྱ་རིགས་སློབ་ཕྲུག་ཚོས་༧གོང་ས་མཆོག་མཇལ་འདོད་ཡོད་པ་འདི་རང་གིས་ང་རང་དགའ་པོ་བྱུང་། ཐོག་མར་ངས་སློབ་ཕྲུག་ཚོར་འབྲེལ་བ་བྱེད་སྐབས་དཀའ་ངལ་ཕྲན་བུ་འཕྲད་བྱུང་། སློབ་མ་ཁ་ཤས་ཀྱིས་༧གོང་ས་མཆོག་མཇལ་རྒྱུའི་འདོད་པ་དེ་ཙམ་མི་འདུག ཕལ་ཆེར་རྒྱ་ནག་དམར་པོའི་གཞུང་གིས་ཀླད་པ་གཏིང་ཟབ་བཀྲུས་པའི་རྒྱུ་མཚན་གྱིས་མིན་ནམ་སློབ་མ་ཁ་ཤས་ནས་༧གོང་ས་མཆོག་ནི་བོད་རང་བཙན་རྩོད་མཁན་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག དེ་རྗེས་ངས་༧གོང་ས་མཆོག་གིས་དབུ་མའི་ལམ་རྒྱུན་འཁྱོངས་གནང་གི་ཡོད་པ་ལས་རང་བཙན་རྩོད་གླེང་གནང་གི་མེད་པ་དང་། ཁོང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། མི་མང་གི་ཁེ་དབང་བཅས་སྲུང་སྐྱོབ་གནང་ཆེད་དུ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་གནང་གི་ཡོད་སྐོར་སོགས་ཀྱི་དངོས་དོན་འགྲེལ་བརྗོད་བྱས་པ་ཡིན། འོན་ཀྱང་སློབ་ཕྲུག་ཁ་ཤས་ལ་འགྲེལ་བརྗོད་ག་ཚོད་བྱས་ཀྱང་ཕན་ཐོགས་མི་འདུག་སྟབས། ངས་འགྲེལ་བཤད་ཟུགས་ས་ཡོད་པའི་སློབ་མ་ཁ་ཤས་དང་། རྣམ་ཀུན་བོད་ཀྱི་གནད་དོན་ལ་དོ་སྣང་ཡོད་པའི་སློབ་མ་རེ་ཟུང་དང་སྐད་ཆ་བཤད་པ་ཡིན། མཐར་བོད་ལ་དོ་སྣང་ཡོད་པའི་སློབ་མ་དེ་ཚོའི་གྲས་དང་། ད་དུང་ཧོང་ཀོང་དང་། ཐེ་ཝན་ནས་ཡིན་པའི་སློབ་མ་ཁ་ཤས་བཅས་སློབ་མ་ཁག་ཅིག་༧གོང་ས་མཆོག་གི་མཇལ་ཁར་བཅར་བ་རེད།

 

མཇལ་ཁའི་དུས་ཡུན་རིང་པོ་དེ་ཙམ་མིན་ཀྱང་། དེའི་དོན་སྙིང་ནི་ཧ་ཅང་ཟབ་མོ་ཡིན་པའི་ཚོར་སྣང་བྱུང་། གང་ཡིན་ཟེར་ན། ང་ཚོས་ཐད་ཀར་༧གོང་ས་མཆོག་དངོས་སུ་མཇལ་རྒྱུ་བྱུང་བ་དང་། ༧གོང་ས་མཆོག་ནས་ཀྱང་སློབ་མ་རྣམས་ལ་ཐད་ཀར་བོད་ཀྱི་སྐོར་འགྲེལ་བརྗོད་གནང་བ་རེད། ༧གོང་ས་མཆོག་ནི་ཐུགས་གཤིས་འཇམ་ལ་མཇལ་བདེ་བ་དང་། འགྲོགས་བདེ་ལ་གཤིབ་བདེ་བ། དཔེར་ན། ང་ཚོར་ཕྱག་བཏང་བ་གནང་སྐབས་ཤུགས་ཆེན་པོས་ཕྱག་བཏང་བ་བཅས་ཀྱིས་ཁོང་གིས་རྒྱ་རིགས་སློབ་མ་རྣམས་ལ་ཐུགས་སྣང་ཆེན་པོ་དང་། ནན་ཏན་གིས་མཇལ་འཕྲད་གནང་བ་ལས་ཆེ་ཉམས་རྒྱས་སྤྲོས་མཁན་གྱི་སྐྱེས་བུ་ཞིག་མིན་པའི་ཚོར་བ་སྟེར།

 

དེ་མིན་ད་དུང་ངས་བཤད་འདོད་པ་ནི། སློབ་ཕྲུག་དེ་འདྲ་མང་པོས་༧གོང་ས་མཆོག་མཇལ་བར་ཡོང་འདོད་བྱེད་པ་འདི་ཧ་ཅང་གི་འགོ་འཛུགས་བཟང་པོ་ཞིག་ཡིན་པ་མ་ཟད། ཞི་ཅིན་ཕིང་གིས་རྒྱ་རིགས་སློབ་ཕྲུག་ལ་འཐབ་ཕྱོགས་གཅིག་གྱུར་བྱེད་རྒྱུའི་འདུན་པ་མངོན་འགྱུར་མ་བྱུང་བ་རེད། གང་ཡིན་ཟེར་ན། སློབ་ཕྲུག་ཚོས་༧གོང་ས་མཆོག་མ་མཇལ་གོང་རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་ནས་རྒྱ་ནག་ནང་གི་ངའི་ནང་ལ་ཕྱིན་འདུག གསང་བའི་ལས་ཁུངས་ཀྱིས་ངའི་ནང་དུ་ཕྱིན་པའི་གནས་ཚུལ་དེ་ཐོག་མར་ཧ་གོ་དུས་ང་ནི་ཧང་སངས་སོང་། གང་ཡིན་ཟེར་ན། ང་ཕྱི་རྒྱལ་ཨོ་སི་ཀྲོ་ལི་ཡར་སློབ་སྦྱོང་བྱེད་ཀྱི་ཡོད་ཀྱང་། གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་ཏུ་ཡོད་པའི་ངའི་ནང་ལ་ཕྱིན་ནས་ནང་མི་བཙལ་བས་རེད། ནང་མི་བཙལ་ཚར་བའི་རྗེས་ལ་ང་རང་གི་སེམས་ནང་ཞེད་སྣང་ཡང་བྱུང་། གསང་བའི་ལས་བྱེད་ཀྱིས་ངའི་ཕ་མ་གཉིས་ལ་ཁྱེད་རང་གི་བུ་ཏོག་ཙམ་མངོན་ཆུང་བྱས་ན་ཡག་པོ་ཡོད་པ་རེད་ཅེས་བཤད་པ་དང་ཆབས་ཅིག ཁྱེད་རང་གི་བུས་ “བོད་རང་བཙན་བྱེད་མཁན་གྱི་ཚོགས་པ་” དང་འགྲོ་འོང་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་ཞེས་བཤད་འདུག ༧གོང་ས་མཆོག་དང་ང་ཚོ་རྒྱ་རིགས་སློབ་ཕྲུག་རྣམས་ཀྱི་མཇལ་འཕྲད་དེ་གྲ་སྒྲིག་བྱེད་དུས་གསང་བ་བྱས་པ་མ་གཏོགས་མངོན་གསལ་དོད་པོ་བྱས་ཡོད་པ་མ་རེད། བྱས་ཙང་ཁོང་ཚོས་ངས་མཇལ་འཕྲད་དེ་འདྲ་ཞིག་གྲ་སྒྲིག་བྱེད་ཀྱི་ཡོད་པ་ཕལ་ཆེར་ཤེས་ཀྱི་མ་རེད། ཡིན་ན་ཡང་ངས་ས་གནས་བོད་རིགས་ཚོས་གོ་སྒྲིག་བྱས་པའི་ལས་འགུལ་ནང་མཉམ་ཞུགས་བྱས་པ་དེ་ཁོང་ཚོས་ཤེས་སྟབས། ང་དང་བོད་པའི་དབར་ལ་འགྲོ་འོང་ཡོད་པ་ཤེས་ཡོད་ཀྱི་རེད།

 

དེ་འདྲའི་གནས་སྟངས་འོག ༧གོང་ས་མཆོག་ཀྱང་ཨོ་སི་ཀྲོ་ལི་ཡར་ཕེབས་ལ་ཉེ་བར་བརྟེན། ངས་གཅིག་བྱེད་ཀྱི་ཡོད་ཀྱི་རེད་བསམ་ནས་ངའི་ནང་ལ་ཕྱིན་ནས་ནང་མིར་སྐད་ཆ་བཤད་པ་ཡིན་ས་རེད། རྗེས་སུ་དྲུག་བཞིའི་དོན་རྐྱེན་ཏེ། ཕྱི་ཟླ་ ༦ ཚེས་ ༤ སྔོན་ལ་གསང་བའི་ལས་ཁུངས་ཀྱི་མི་སྣ་སླར་ཡང་ངའི་ནང་ལ་ཐེངས་གཅིག་ཕྱིན་ནས་ཁྱེད་རང་གི་བུ་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་ཞུ་བའི་ལས་འགུལ་ནང་ཞུགས་མ་བཅུག་ན་ཡག་པོ་ཡོད་པ་རེད་ཅེས་བཤད་འདུག དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་བྱེད་པའི་སྐབས་ངས་འོས་འཚམས་ཀྱི་མངོན་ཆུང་བྱས་པ་ཡིན། དེ་ནི་ངས་རྒྱ་གཞུང་གསང་བའི་ལས་ཁུངས་ལ་དཱ་ཀྲང་ཧྲིང་ཁོ་གཉའ་ཆག་འདུག་སྙམ་པའི་འཁྲུལ་སྣང་སླེབས་ཆེད་དུ་ཡིན། དོན་དུ་ངས་དེ་ལས་གལ་ཆེ་བའི་ལས་འགན་ཏེ། རྒྱ་རིགས་སློབ་ཕྲུག་དང་༧གོང་ས་མཆོག་མཇལ་རྒྱུའི་ལས་དོན་སྒྲུབ་ཀྱིན་ཡོད། ཕལ་ཆེར་ངས་མངོན་ཆུང་བྱས་པའི་རྒྱུ་མཚན་གྱིས་མིན་ནམ། དེའི་རྗེས་ལ་གསང་བའི་ལས་ཁུངས་ཀྱི་མི་ངའི་ནང་ལ་ཕྱིན་མི་འདུག ངས་གསང་བའི་སྒོ་ནས་མཇལ་འཕྲད་ཀྱི་ལས་དོན་དེ་གྲ་སྒྲིག་བྱས་མཐར་གནོན་ཤུགས་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་རྒྱ་རིགས་སློབ་ཕྲུག་ཚོས་༧གོང་ས་མཆོག་མཇལ་ཐུབ་པ་བྱུང་། མཇལ་ཁ་ཚར་ནས་ང་ཚོ་ཕྱིར་ལོག་རྗེས་སློབ་ཕྲུག་ཚང་མ་ཧ་ཅང་གི་དགའ་པ་དང་།འདོད་པ་འཚིམས་པོ་བྱུང་འདུག ཁུལ་དེའི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་གྱིས་གལ་སྲིད་རྒྱ་རིགས་སློབ་ཕྲུག་རྣམས་སྟབས་མི་བདེ་བ་དང་། འཛེམས་ཆ་ཡོད་ན། མཇལ་ཁའི་སྐབས་ཀྱི་སྐུ་པར་ཡོངས་བསྒྲགས་བྱེད་ཀྱི་མིན་ཞེས་གསུངས་བྱུང་། ཧོང་ཀོང་དང་། ཐེ་ཝན་ནས་ཡིན་པའི་སློབ་ཕྲུག་ཚོས་འཛེམས་ཟོན་གང་ཡང་བྱེད་ཀྱི་མི་འདུག གང་ཡིན་ཟེར་ན། ཁོང་ཚོར་ཉེན་ཁ་ཡོད་པ་མ་རེད། འོན་ཀྱང་རྒྱ་ནག་ནས་ཡིན་པའི་ང་ཚོ་རྒྱ་རིགས་སློབ་མ་རྣམས་ནང་གྲོས་བྱས་པར། ང་ཚོས་རྒྱ་ནག་གཞུང་ལ་དེ་ལྟ་བུའི་འཇིགས་སྣང་བྱེད་རྒྱུ་མེད་པར་བློ་ཁོག་ཆེ་ཙམ་བྱེད་དགོས་པའི་ངོས་འཛིན་བྱས་པ་དང་འབྲེལ་མཇལ་ཁའི་སྐབས་ཀྱི་སྐུ་པར་རྣམས་ཡོངས་བསྒྲགས་ངང་དྲྭ་རྒྱའི་ཐོག་བཀོད་རྒྱུར་མོས་མཐུན་བྱས་པ་ཡིན། ངའི་བསམ་པར་དེ་ཡང་འགོ་འཛུགས་ཡག་པོ་ཞིག་རེད་བསམ་གྱི་ཡོད།

 

ང་ཚོས་ང་ཚོའི་གྲོགས་པོ་དང་། སློབ་གྲོགས་རྣམས་ལ་༧གོང་ས་མཆོག་མཇལ་བའི་ཚོར་སྣང་དང་། མཇལ་ཁའི་སྐབས་༧གོང་ས་མཆོག་ནས་འགྲེལ་བརྗོད་གནང་བའི་བོད་ཀྱི་དངོས་ཡོད་གནས་ཚུལ་དེ་ཚོ་འགྲེལ་བཤད་རྒྱ་དགོས་ཀྱི་འདུག་ཅེས་སྐད་ཆ་བྱུང་། གང་ཡིན་ཟེར་ན། མི་ཁག་ཅིག་རྒྱ་ནག་གུང་བྲན་གྱིས་ཀླད་པ་བཀྲུས་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་མིན་ནམ། ༧གོང་ས་མཆོག་མཇལ་བའི་དབང་དུ་བཏང་ཡང་༧གོང་ས་མཆོག་ནས་གསུངས་པའི་སྐད་ཆར་ཁོང་ཚོས་ཉན་འཇོག་བྱེད་པའི་ངེས་པ་མེད། མི་དེ་རིགས་ཀྱི་ཀླད་པའི་ནང་གཞུང་གི་དྲིལ་བསྒྲགས་འཛུལ་ཤུགས་ཆེ་བས་༧གོང་ས་མཆོག་ནི་ “རྒྱ་རྒོལ་སྟོབས་ཤུགས་” ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ༧གོང་ས་མཆོག་ནས་རྒྱ་རིགས་སློབ་མ་མཇལ་རྗེས་སློབ་ཕྲུག་ཚོས་སློབ་གྲོགས་ཀྱི་འདུ་ཤེས་ཐོག་ནས་སློབ་མ་གཞན་ལ་གནས་ཚུལ་འགྲེལ་བརྗོད་བྱེད་ཐུབ་ན། ཁྱད་པར་ཞིག་ཏན་ཏན་ཡོད་པ་རེད། གང་ཡིན་ཟེར་ན། ང་ཚོ་དང་ཁོང་ཚོའི་དབར་གྱི་འབྲེལ་བ་ནི་སློབ་ཕྲུག་གི་འབྲེལ་བ་དང་། གྲོགས་པོའི་འབྲེལ་བ་ཡིན་སྟབས་དངོས་ཡོད་གནས་ཚུལ་ག་རེ་ཡིན་པ་འགྲེལ་བརྗོད་བྱེད་སྐབས་ཁས་ལེན་བྱེད་རྒྱུ་ལས་སླ་བ་ཡོད་པ་རེད། གནས་ཚུལ་དངོས་རྣམས་དེ་ལྟར་གཅིག་ལ་གཅིག་བརྒྱུད་ཀྱིས་འགྲེལ་བཤད་བརྒྱབ་ནས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གུང་བྲན་གྱིས་རྫུན་ཤོད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་པར་ཁས་ལེན་བྱས་པ་རྣམས་དོན་ཐོག་དུ་ལག་བསྟར་བྱེད་ཀྱི་མེད་པར་དེ་ལས་ལྡོག་སྟེ། བོད་པར་དམའ་འབེབས་དང་། བོད་པས་ཁ་བྲལ་གཏོང་གི་ཡོད་ཚུལ་ཤོད་ཀྱི་ཡོད་པ་དེ་ཚོ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོས་མགོ་བོ་རྨོངས་ནས་མ་བསྡད་པར་ཤེས་པ་བྱེད་རྒྱུ་དང་། དེ་རྗེས་རྒྱ་རིགས་སློབ་མ་རྣམས་བརྒྱུད་ནས་རྒྱ་ནག་གི་རྒྱ་རིགས་སྔར་ལས་མང་བས་གནས་ཚུལ་དངོས་ཤེས་པ་བཟོ་རྒྱུ་དེ་ནི་ངའི་རེ་བ་ཡིན།

 

ཨོ་སི་ཀྲོ་ལི་ཡར་ཡོད་པའི་རྒྱ་རིགས་སློབ་ཕྲུག་དང་ཁུལ་དེའི་བོད་པའི་དབར་གྱི་འབྲེལ་ལམ་སྐོར་གླེང་སྐབས་ཀྲང་ཧྲིང་གིས་གསུང་དོན། རྒྱ་ནག་གཞུང་གིས་དུས་ཡུན་རིང་པོར་མི་དམངས་ཀྱི་ཀླད་པ་བཀྲུས་པའི་རྒྱུ་མཚན་ལ་བརྟེན་ནས་ཐོག་མར་རྒྱ་རིགས་སློབ་ཕྲུག་དང་འབྲེལ་བ་བྱེད་སྐབས་འགོག་རྐྱེན་འཕྲད་ཀྱི་ཡོད།   རྒྱ་ནག་ནས་ཡིན་པའི་རྒྱ་རིགས་སློབ་ཕྲུག་དང་ཁུལ་དེའི་བོད་རིགས་དབར་ཐད་ཀར་འབྲེལ་བ་བྱེད་རྒྱུ་དེ་མང་པོ་རང་མ་རེད། ཧོང་ཀོང་དང་། ཐེ་ཝན་ནས་ཡིན་པའི་སློབ་ཕྲུག་ཚོས་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། བོད་ཀྱི་གནད་དོན་བཅས་ལ་སེམས་ཁུར་བྱེད་མཁན་ཨའོ་ཙམ་མང་པོ་ཡོད་རེད། ཡིན་ན་ཡང་རྒྱ་རིགས་སློབ་ཕྲུག་རྣམས་ཐོག་མར་རྒྱ་ནག་ནས་ཡོང་སྐབས་གང་ཡང་ཤེས་ཀྱི་མ་རེད། ཆེས་ཉུང་ཤས་ཤིག་གིས་རྒྱ་ནག་ནང་ཡོད་དུས་ནས་གཉེན་ཆས་འདྲ་འདྲ་མིན་བརྒྱུད་དེ་དྲྭ་ཐོག་ནས་ཕྱི་ལོགས་ཀྱི་གནས་ཚུལ་བལྟ་གི་རེད། ཁ་ཤས་ཕྱི་རྒྱལ་དུ་མ་སླེབས་གོང་འཕྲུལ་སྒྲ་དང་། ངོ་དེབ། Gmail ཟེར་བ་དེ་བེད་སྤྱོད་གཏན་ནས་བཏང་མྱོང་ཡོད་པ་མ་རེད། ཁག་ཅིག་ཕྱི་རྒྱལ་དུ་སླེབས་རྗེས་སྔར་དང་མི་འདྲ་བར་གནས་ཚུལ་འདྲ་མིན་སྣ་ཚོགས་མཐོང་གི་ཡོད་ཀྱང་། ཡུན་རིང་ཀླད་པ་བཀྲུས་པའི་རྒྱུ་མཚན་ལ་བརྟེན་ནས་སྔར་བཞིན་ཀླད་རྙིང་མཁྲེགས་བཟུང་བྱེད་མཁན་དེ་འདྲ་ཡོང་གི་ཡོད། དེང་སང་ང་ཚོས་སློབ་ཕྲུག་དེ་རིགས་(མཁྲེགས་བཟུང་བྱེད་མཁན།)དང་འབྲེལ་བ་བྱེད་རྒྱུའི་ཚོད་བལྟ་བྱེད་བཞིན་ཡོད། དེའི་དགོས་དམིགས་ནི་ཁོང་ཚོར་གནས་ཚུལ་ངོ་ཤེས་སུ་འཇུག་རྒྱུ་དང་། དེ་སྔ་ཤེས་བསྡད་པའི་གནས་ཚུལ་དེ་ཚོ་ནོར་འཁྲུལ་ཡིན་པ་དང་། མགོ་སྐོར་འོག་ཚུད་པ་ཡིན་པ་ཤེས་སུ་འཇུག་རྒྱུ་དེ་ཡིན།

 

ཀྲང་ཧྲང་། ཨོ་སི་ཀྲོ་ལི་ཡར་ཡོད་པའི་རྒྱ་རིགས་སློབ་ཕྲུག་དང་ཁུལ་དེའི་བོད་པའི་དབར་གྱི་འབྲེལ་ལམ་སྐོར་བཀའ་འདྲི་གནང་བའི་ཐད། སློབ་ཕྲུག་རྣམས་ལ་བོད་རིགས་ནི་མཛའ་མཐུན་བྱེད་མཁན་ཞིག་མིན་པ་སོགས་ཀྱི་སློབ་གསོ་ཡུན་རིང་བཏང་བའི་རྐྱེན་གྱིས་སློབ་ཕྲུག་དེ་ཚོ་ཨོ་སི་ཀྲོ་ལི་ཡར་འབྱོར་རྗེས་ཁུལ་དེའི་བོད་རིགས་དང་ཐད་ཀར་འབྲེལ་བ་བྱེད་མི་ཕོད་པའི་སྣང་ཚུལ་ཞིག་ཡོང་གི་འདུག་ཀྱང་། སློབ་ཕྲུག་ཚོས་གནས་ཚུལ་ངོ་མ་གསལ་པོ་ཤེས་པ་དང་། བོད་པ་ནི་མཛའ་མཐུན་བྱེད་མཁན་ཞིག་ཡིན་པ་རིམ་བཞིན་ངོ་འཕྲོད་བྱུང་མཚམས། བར་ཐག་དེ་ཚོ་མེད་པ་ཆགས་ཀྱི་རེད་བསམ་ཡིད་ཆེས་ཡོད། ལྷག་པར་དུ་༧གོང་ས་མཆོག་མཇལ་མྱོང་མཁན་སློབ་མ་དེ་ཚོས་༧གོང་ས་མཆོག་ནི་ཧ་ཅང་གི་མཛའ་གྲོགས་འཆམ་མཐུན་གནང་མཁན་ཞིག་ཡིན་པ་ཤེས་རྟོགས་བྱུང་བར་བརྟེན་མ་འོངས་པར་ཁུལ་དེའི་བོད་མི་ཚོས་སྐུའི་འཁྲུངས་སྐར་སྲུང་བརྩི་དང་། ལོ་གསར་གྱི་འདུ་འཛོམས་སོགས་ཀྱི་ལས་འགུལ་སྤེལ་བའི་སྐབས་ང་ཚོས་སློབ་གྲོགས་འཁྲིད་ནས་མཉམ་ཞུགས་བྱེད་ཐུབ་ན། རྒྱ་རིགས་སློབ་ཕྲུག་ཚོས་བོད་པ་དེ་ཚོ་ཁོང་ཚོས་བསམ་པ་ནང་བཞིན་མིན་པ་ཤེས་རྟོགས་བྱུང་ནས་འཁོན་སེམས་མེད་པ་བཟོ་རྒྱུ་དང་། བོད་ཀྱི་གནད་དོན་ཤེས་རྟོགས་བྱེད་རྒྱུར་ཕན་ཐོགས་ཡོད་སྟབས། ང་ཚོས་རྒྱ་ནག་ནས་ཡོང་པའི་སློབ་ཕྲུག་དང་བོད་པའི་དབར་འབྲེལ་བ་མང་ཙམ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

 

བོད་རྒྱ་མང་ཚོགས་དབར་འབྲེལ་ལམ་བྱེད་པའི་ཁྲོད་ད་དུང་དཀའ་ངལ་མི་ཉུང་བ་ཞིག་ཡོད་ཀྱང་། སློབ་མ་ཀྲང་ཧྲང་གིས་དེའི་ཐད་དགོངས་ཚུལ་འདི་འདྲ་ཞིག་གསུང་གི་འདུག

ངས། རྒྱ་ནག་གི་སློབ་ཕྲུག་དང་ཁུལ་འདིའི་བོད་པའི་དབར་འབྲེལ་བ་བྱེད་རྒྱུ་དེ་མང་པོ་རང་མ་རེད་ཞུ་གི་ཡོད། འོན་ཀྱང་སློབ་ཕྲུག་མིན་པ་དང་། ཡང་ན་འདིར་གཏན་སྡོད་རྒྱ་རིགས་གཞན་པ་དེ་འདྲ་བོད་པའི་ལས་འགུལ་ནང་ཞུགས་ཀྱི་འདུག དེ་འདྲ་སོང་ཙང་ངས་རྒྱ་ནག་ནས་ཡིན་པའི་སློབ་ཕྲུག་དེ་ཚོ་བོད་པའི་འདུ་འཛོམས་སར་མཉམ་ཞུགས་ཐུབ་རྒྱུ་དེ་གལ་ཆེན་པོ་མཐོང་གི་ཡོད། ད་ལྟའི་དར་མ་དེ་ཚོ་མ་འོངས་པར་རིམ་བཞིན་ལོ་ན་རྒས་ནས་ལོ་རྒྱུས་ཀྱི་གར་སྟེགས་ནས་མེད་པར་གྱུར་རྒྱུ་ཡིན་པ་དང་། ང་ཚོའི་གྲས་ལོ་གཞོན་སློབ་ཕྲུག་དེ་ཚོ་མ་འོངས་པའི་གསར་སྐྱེས་སྟོབས་ཤུགས་ཆགས་རྒྱུ་ཡིན་ཞིང་། རྒྱ་ནག་ཏུ་ལོག་རྗེས་ཆབ་སྲིད་ཀྱི་ལས་གནས་ཐོག་སླེབས་སྲིད་ལ། ཐ་ན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡང་ཆགས་མ་སྲིད་པ་མ་རེད། དེར་བརྟེན་ང་ཚོའི་མི་རབས་འདི་དང་། གཞོན་སྐྱེས་ལོ་ཆུང་དང་། སློབ་ཕྲུག་བཅས་ལ་གནས་ཚུལ་ཤེས་སུ་བཅུག་པ་ཡིན་ན། ནམ་ཞིག་ཁོང་ཚོ་རྒྱ་ནག་ཏུ་ལོག་ནས་ཆབ་སྲིད་ཀྱི་ལས་ཀ་བྱས་རུང་མ་བྱས་རུང་། མ་མཐར་ང་ཚོའི་མི་རབས་འདིས་བོད་མི་རྣམས་ལ་འཛིན་པའི་རྣམ་འགྱུར་ཏན་ཏན་འགྱུར་བ་འགྲོ་གི་རེད་བསམ་གྱི་ཡོད།

 

མཇུག་ཏུ་ཀྲང་ཧྲང་གིས་འདི་ག་རླུང་འཕྲིན་ཁང་བརྒྱུད་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་རྣམས་ལ་གནས་ཚུལ་ངོ་མ་ཇི་ཡིན་ཤེས་རྟོགས་བྱེད་ཕོད་པ་དགོས་པ་དང་། ཤེས་རྟོགས་བྱས་རྗེས་ཤོད་ཕོད་པ་བྱེད་དགོས་པའི་འབོད་སྐུལ་གནང་གི་འདུག

ཀྲང་ཧྲང་། ཕྱི་རྒྱལ་དུ་ཡོད་པའི་སློབ་ཕྲུག་རྣམས་ལ་ངས་ན་ནིང་ཡང་རེ་སྐུལ་བྱས་པ་ཡིན། ངས་ཕྱི་རྒྱལ་དུ་ཡོད་པའི་སློབ་ཕྲུག་སྔར་ལས་མང་བས་ག་ལེར་ག་ལེར་རྒྱ་ནག་གི་གནས་ཚུལ་ངོ་མ་ག་རེ་ཡིན་པ་དང་། རྒྱ་ནག་གུང་བྲན་གྱི་ངོ་བོ་ག་རེ་ཡིན་པ། དོ་བདག་སོ་སོར་དེ་སྔ་ཀླད་བཀྲུས་ཀྱི་སློབ་གསོ་ག་རེ་ཐེབས་ཡོད་པ་ཤེས་པ་བྱེད་རྒྱུ་དང་། ཐ་ན་མདུན་དུ་ཐོན་ནས་ཤེས་པའི་གནས་ཚུལ་རྣམས་གཞན་ལ་ཤོད་ཕོད་པའི་ཚད་གཞིར་སླེབས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། སྔ་ལོ་ཧོང་ཀོང་ནང་སློབ་ཕྲུག་འདུ་འཛོམས་སྐབས་སུ་ཡང་ཤོད་ཕོད་པ་དགོས་ཀྱི་འདུག་ཅེས་བཤད་པ་ཡིན། ཕྲན་བུ་དྲགས་ཏུ་འགྲོ་གི་མེད་འགྲོ་བསམ་གྱི་འདུག སློབ་ཕྲུག་ཁ་ཤས་མདུན་དུ་ཐོན་ནས་སྐད་ཆ་བཤད་རྒྱུའི་འགོ་བཙུགས་ཀྱི་འདུག དཔེར་ན། དེ་སྔོན་ཨ་རིར་ཡོད་པའི་ ༡༩༨༠ ལོའི་རྗེས་སུ་སྐྱེས་པའི་སློབ་ཕྲུག་ཅིག་གིས་ཡོངས་བསྒྲགས་ཀྱི་ཡི་གེ་ཞིག་བཀྲམས་ནས་དྲུག་བཞིའི་གནད་དོན་དང་། བོད་ཀྱི་གནད་དོན་སོགས་རྒྱ་ནག་གུང་བྲན་གྱི་ལོ་རྒྱུས་གནད་དོན་འཚོལ་ཞིབ་བྱེད་དགོས་པའི་རེ་འབོད་བྱས་སོང་། གནས་ཚུལ་དེ་ཚོ་ནི་རིམ་བཞིན་ཡར་རྒྱས་འགྲོ་གི་ཡོད་པའི་བརྒྱུད་རིམ་གཅིག་རེད། སློབ་ཕྲུག་མང་པོས་གནས་ཚུལ་ངོ་མ་ཤེས་ཀྱི་ཡོད་པ་རེད། ངའི་རེ་བར་སློབ་ཕྲུག་སྔར་ལས་མང་བས་མགོ་བོ་རྨོངས་ཏེ་མ་བསྡད་པའི་རེ་བ་ཡོད། ཉིན་ཞིག་སློབ་ཕྲུག་ཚང་མ་དང་། གཞོན་སྐྱེས་ཚང་མས་རྒྱ་ནག་གུང་བྲན་གྱིས་རྫུན་གཏམ་ཤོད་ཀྱི་ཡོད་པ་གསལ་པོ་མཐོང་རྗེས་རྒྱ་ནག་གིས་རྫུན་བཤད་ཀྱང་མི་རྣམས་མགོ་སྐོར་ཐེབས་ཀྱི་མ་རེད། ཐེངས་འདིའི་མཇལ་འཕྲད་སྐབས་ང་ཚོར་གནད་དོན་ཅིག་འཕྲད་སོང་བ་ནི་སློབ་ཕྲུག་ཁ་ཤས་ཀྱིས་༧གོང་ས་མཆོག་མཇལ་འདོད་ཡོད་ཀྱང་། ༧གོང་ས་མཆོག་ཨོ་སི་ཀྲོ་ལི་ཡར་ཕེབས་པའི་དུས་ཚོད་དང་སློབ་གྲྭའི་ཡིག་ཚད་ཀྱི་དུས་ཚོད་གཉིས་མཉམ་དུ་འཁེལ་སྟབས་སློབ་མ་ཁག་གཅིག་མཇལ་ཁར་བཅར་ཐུབ་མ་སོང་། དེ་ནི་བློ་ཕམ་གྱི་གནས་ཚུལ་རེད། མ་འོངས་པར་ཆིབས་སྒྱུར་སྐབས་ཕྱི་ཟླ་ ༦ པའི་ཡིག་ཚད་ཀྱི་དུས་ཚོད་མ་འཁེལ་བ་ཞིག་བྱུང་ན། སློབ་ཕྲུག་དེ་ལས་མང་བས་༧གོང་ས་མཆོག་མཇལ་ཐུབ་རྒྱུ་རེད།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese