དུས་བབ་ཀྱི་གསལ་བསྒྲགས།

བོད་ཀྱི་དུས་བབ་ལ་དུང་བའི་ཕྱི་ཐག་རིང་བའི་ཀློག་པ་པོ་ཡོངས་ལ་ཞུ་རྒྱུར། ཐེངས་འདིའི་བོད་ཀྱི་དམངས་གཙོའི་དུས་དྲན་ཐེངས་ ༥༥ པ་དང་བསྟུན་ཏེ། བོད་ཀྱི་དུས་བབ་ཀྱི་དྲ་རྒྱ་གསར་པ་ཚོད་ལྟའི་ཚུལ་དུ་བརྒྱུད་གཏོང་བྱས་ཡོད་པས་ རང་རང་གི་དགོངས་འཆར་ལྷུག་སྩོལ་གནང་རོགས།
དུས་བབ་དྲ་ཚིགས་གསར་བཅོས་བྱེད་དོན་ནི། སྔོན་ཆད་ཀྱི་དྲ་ཚིགས་རྙིང་པ་དེ་དྲ་བའི་ལག་རྩལ་འཕེལ་རིམ་ཁྲོད་ཀྱི་ཐོན་ཅུང་སྔ་གྲས་ལ་སོང་། དྲ་ཚིགས་མ་ལག་དུས་དང་བསྟུན་པའི་བཅོས་སྒྲིག་(Update)གི་ནུས་པ་མེད་པ་དང་། དྲ་བའི་བདེ་འཇགས་ཉེན་སྲུང་དམ་པོ་མིན་པ། དྲ་བའི་ལག་ཆ་འཛོམས་པོ་མིན་པ་དང་དྲ་བའི་རྒྱབ་ལོགས་ཀྱི་བརྗོད་བྱ་རེ་ཟུང་བོར་ བརླག་ཐོར་ཞིག་ཏུ་ཕྱིན་པའི་དཀའ་ངལ་སོགས་ལ་བརྟེན་ཏེ། ༢༠༡༢ ལོའི་ལོ་མགོ་ཙམ་ནས་བོད་ཀྱི་དུས་བབ་དྲ་ཚིགས་ལེགས་བཅོས་ཀྱི་རྨང་གཞི་བཏིང་སྟེ། ད་ལྟ་བར་འདས་པའི་ལོ་ངོ་ ༣ ལྷག་རིང་མི་རྒྱུ་དུས་ཚོད་གསུམ་གྱི་འགྲོ་སོང་དང་དཀའ་རྙོག་སྣ་མང་ལ་གདོང་ལེན་བྱས་མཐར། དྲ་ཚིགས་རྙིང་པའི་ནང་གི་བརྗོད་བྱ་ཡོངས་རྫོགས་བདེ་ལེགས་ངང་གནས་སྤོར་ཟིན་ཏེ། ད་ཆར་བཟོ་བཀོལ་སྤྱིའི་བརྒྱ་ཆ་ ༩༠ ཙམ་ལེགས་འགྲུབ་བྱུང་སྟེ་ཚོད་ལྟའི་ཚུལ་དུ་ཁྱེད་ཅག་གི་སྤྱན་ལམ་དུ་བསྟར་ཡོད།
བོད་ ཀྱི་དུས་བབ་ཚང་གི་ཟིན་བྲིས་སྐོར་ལ། དྲ་ཚིགས་གསར་བཟོའི་ལས་དོན་གྱི་ཐོག་མའི་ཆ་ལ་ཟིན་བྲིས་འཐུས་སྒོ་ཚང་པ་ཞིག་བཟོས་ཏེ་དྲ་ཚིགས་རྙིང་པའི་ནང་གི་ཟིན་བྲིས་དང་བརྗོད་བྱ་ཡོངས་རྫོགས་གནས་སྤོ་ཟིན་ན་ཡང་། དེང་སྐབས་མི་ཚང་མ་གསར་འགོད་པ་དང་རྩོམ་སྒྲིག་པ་ཆགས་ཤིང་། ད་ཆར་རང་རང་ལ་པར་དང་གནས་ཚུལ་དུས་ཐོག་ཏུ་སྤེལ་སའི་བརྒྱུད་ལམ་སྣ་ཚོགས་ཤིག་ ཡོད་སྟབས། དུས་བབ་ཟིན་བྲིས་དེ་དགོས་མཁོ་ཆེན་པོར་མཐོང་མ་སོང་ལ། ལྷག་པར་དུ་འདས་པའི་ལོ་ཤས་རིང་གི་ཉམས་མྱོང་ལ་གཞིགས་ན། དུས་བབ་ཟིན་བྲིས་ནང་བརྩམས་ཆོས་སྤེལ་མཁན་ཇེ་ཉུང་དང་། དུས་བབ་ཀྱི་དམིགས་ཡུལ་དང་མཐུན་པའི་བརྗོད་བྱ་སྤེལ་མཁན་དེ་བས་ཉུང་ཉུང་ཡིན་ སྟབས། དྲ་ཚིགས་གསར་པའི་སྟེང་གི་སྤྱི་སྤྱོད་ཟིན་བྲིས་དེ་གནས་སྐབས་རིང་བཀག་ཡོད།

 

གཞན། དེང་གི་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་གི་འགྲོ་སྟངས་ལྟར་བོད་ཀྱི་དུས་བབ་རང་ གིས་ལེགས་འདེམས་བྱས་ཤིང་། བཀོལ་སྤྱོད་དང་སྟངས་འཛིན་གྱི་དབང་ཚད་ཆ་ཚང་དོ་བདག་སོ་སོར་ཡོད་པའི་རྐང་འཛིན་ཟིན་བྲིས་པའི་སྡེ་ཚན་ཞིག་ཟུར་དུ་བཞག་ཡོད་པས། ཁོང་རྣམ་པས་མི་འགྱང་བར་ཁྱེད་ཅག་གི་ཐུགས་འདོད་དང་མཐུན་པའི་བརྗོད་བྱ་སྣ་ཚོགས་རིམ་པར་སྤེལ་ངེས་ཡིན། (དུས་བབ་དྲ་ཚིགས་རྙིང་པའི་ནང་གི་ཟིན་བྲིས་དང་བརྗོད་བྱ་ཡོངས་རྫོགས་དྲ་ཚིགས་ གསར་པའི་དོ་དམ་ལྟེ་གནས་སུ་གནས་སྤོར་བྱས་ཡོད་པས་དོགས་འདྲི་དང་བརྩམས་ཆོས་དགོས་མཁོ་ཡོད་རིགས་ཀྱིས་དུས་བབ་ལ་འབྲེལ་བ་གནང་རོགས།)
དྲ་ཚིགས་གསར་པའི་སྟེང་གི་སྡེ་ཚན་རེ་ཟུང་ད་དུང་ཡོངས་གྲུབ་ཟིན་མེད་པ་མ་ཟད། དྲ་བའི་མདུན་ངོས་ཀྱི་སྡེ་ཚན་ཁག་ཅིག་གི་བཀོད་སྒྲིག་དང་། རྒྱབ་ལོགས་ཀྱི་བྱེད་ལས་སོགས་ཀྱང་དེ་ཙམ་ཞིབ་ཚགས་འཐུས་ཚང་ཟིན་མེད་པར་མུ་མཐུད་བཟོ་བཞིན་ཡོད་སྟབས། དེང་གི་བརྡ་འཕྲིན་སྤྱིའི་འགྲོ་སྟངས་ལྟར་ཐོན་རིམ་བཞིན་འཕེལ་རྒྱས་དང་འཐུས་ཚང་ ཅན་དུ་གཏོང་རྒྱུ་ཡིན།

བོད་ཀྱི་དུས་བབ་རྩོམ་སྒྲིག་པས། ༢༠༡༥།༩།༥།

མཆན། 49

  1. གཅེསལོ says:

    བཀྲ ཤིས བདེ ལེགས

  2. ཨ། says:

    མདོར་ན། དུས་བབ་ཚང་ཁྲི་ལོར་ཤོག མིག་མ་ལོང་བར་ལྟ་ས་ཡིན།

  3. བྱ་གཞུང་འཇམ་བྷེ། says:

    དུས་བབ་དྲ་ཚིགས་གསར་བ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ། དྲ་ཚིགས་འདིས་བོད་ཀྱི་སྐད་ཡིག་ལ་ཕྱོགས་ཐད་ནས་རེམ་འདེགས་དང་ཡར་སྐུལ་ཆེ་མི་དམན་པ་གནང་ཡོད་པས་བྱས་རྗེས་ཆེ། དེ་བས་མི་འཐུད་དུ་མདུན་སྐྱོད་གནང་རོགས། རེ་ལ་ཞིག་ལ ཟི ན་བྲིས་རྙིང་པའི་ནང་གི་སོ་སོའི་རྩོམ་ཡིག་ཇི་ལྟར་ཕབ་ལེན་བྱེད་དགོས་པ་རེད་དམ། དྲ་ཚིགས་གསར་པ་འདིར་དོན་དམ་ལྟེ་གནས་ཤིག་མི་འདུག་པས་་དེ་སྐོར་ནས་གསལ་བཤད་ཞིག་གནང་རོགས རང་ཉིད་ལ་ཡང་ཟིན་བྲིས་ལས་རྩོམ་རྙིང་འགའ་ཡོད་པས་གཉེར་ཚགས་བྱེད་ན་འདོད་ཡོད།

  4. tenzin rapgyal says:

    ཀློག་ན་ཀློག་སྙིང་དོད་པ། །དུས་བབ་ཁྱེད་རང་ཡིན་ཨང་། །

  5. བསྟན་འཇིན་ཀུན་དགའ་ says:

    ང་རང་ལ་མཚོན་ན་དུས་བབ་ཚང་གི་སྔོན་མ་དེ་ཡག་པ་འདུག་ལ་ད་ལྟ་གསར་བཟོ་གནང་བ་དེར་དགོས་རྒྱུ་མཚན་ཆེན་པོ་ཞིག་ཡོད་ཀྱི་རེད་དེ་ཡིན་ཀྱང་སྔོན་མ་ནང་བཞིན་ལམ་སེང་ཁ་འཕྱེ་ཐུབ་ཀྱི་མིན་འདུག་ལ་མདུན་ངོས་དེར་པར་རིགས་སོགས་མང་བ་བདང་ཡི་གེ་ཆུང་བ་སོགས་ཀྱི་དཀའ་ངལ་འདུག

  6. barshun says:

    བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་གི་འབྲེལ་ཡོད་ལས་བྱེད་ལྷན་རྒྱས་ལ། ཐོག་མར་དུས་བབ་དྲ་ངོས་གསར་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག བསམ་ཚུལ་ཞིག་ལ། དུས་བབ་དྲ་ཚིགས་སྔོན་མ་ལས་ཁ་འབྱེད་ཡུན་ཧ་ཅང་འགོར་སྣང་ཆེ་བས་དེར་ཅིས་ཀྱང་ཐུགས་བསམ་རེ་བཞེས་གལ་ཆེ་ལ། དེ་མིན་རྒྱུན་དུ་དུས་བབ་དྲ་ཚིགས་ཀློག་པ་བོ་ཞིག་ཡིན་པའི་ཆ་ནས། བོད་ཀྱི་དུས་བབ་དྲ་བས་ཡིག་ནོར་ལ་དེ་ཙམ་ཐུགས་སྣང་གནང་གིན་མེད་པའི་ཚོར་བ་ཡང་ཡང་བྱུང་བས། སླད་ཕྱིན་དུས་བབ་དྲ་ངོས་སུ་སྤེལ་བའི་རྩོམ་དང་གསར་འགྱུར་གང་ཡིན་ཡང་། བརྡ་སྤྲོད་སྤྱི་འགྲོས་དང་མཐུན་པའི་ཞུ་དག་ལེགས་པོར་གནང་བའི་རེ་བ་ཡོད།

  7. འབར་ཞུན། says:

    བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་གི་འབྲེལ་ཡོད་ལས་བྱེད་ལྷན་རྒྱས་ལ། ཐོག་མར་དུས་བབ་དྲ་ངོས་གསར་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག བསམ་ཚུལ་ཞིག་ལ། དུས་བབ་དྲ་ཚིགས་སྔོན་མ་ལས་ཁ་འབྱེད་ཡུན་ཧ་ཅང་འགོར་སྣང་ཆེ་བས་དེར་ཅིས་ཀྱང་ཐུགས་བསམ་རེ་བཞེས་གལ་ཆེ་ལ། དེ་མིན་རྒྱུན་དུ་དུས་བབ་དྲ་ཚིགས་ཀློག་པ་བོ་ཞིག་ཡིན་པའི་ཆ་ནས། བོད་ཀྱི་དུས་བབ་དྲ་བས་ཡིག་ནོར་ལ་དེ་ཙམ་ཐུགས་སྣང་གནང་གིན་མེད་པའི་ཚོར་བ་ཡང་ཡང་བྱུང་བས། སླད་ཕྱིན་དུས་བབ་དྲ་ངོས་སུ་སྤེལ་བའི་རྩོམ་དང་གསར་འགྱུར་གང་ཡིན་ཡང་། བརྡ་སྤྲོད་སྤྱི་འགྲོས་དང་མཐུན་པའི་ཞུ་དག་ལེགས་པོར་གནང་བའི་རེ་བ་ཡོད།

  8. གཡུ་སྒང་དགེ་འདུན། says:

    དུས་བབ་དྲ་ཚིགས་གསར་པ་ཡག་པོ་བཟོས་འདུག

  9. ལས་དབང་། says:

    དུས་བབ་ཚང་གི་མགོ་ལས་ཡོངས་འཚམས་འདྲི། དུས་བབ་དྲ་ཚིག་གསར་བ་ལས་སྔོན་མ་དེ་ཡག་པོ་འདུག་འདི་དེ་འདྲེས་སྟབ་བདེ་ཞིག་མ་རེད།

  10. སྦྲ་ནག་འཁྱམ་པོ། says:

    དུས་བབ་ཚང་གི་ལས་བྱེད་ཡོངས་ལ་འཚམས་འདྲི་དང་འབྲེལ། རེ་བ་ཞིག་ཞུ་ཡ་ཡོད་པ་ནི། ད་ལྟའི་དུས་བབ་དྲ་ཚིགས་འདིའི་ཡི་གེ་ཅུང་ཆེ་རུ་གཏོང་རྒྱུ་དང་། གཞན་Google ནང་དུས་བབ་བྲིས་ན་རྩ་ནས་ཡོང་གི་མི་འདུག ད་དུང་དྲ་ཤུགས་ལྗིད་ཚད་ཆུང་རུ་གཏོང་ཐུབ་ན་དགའ་ཚོར་ཧ་ཅང་ཆེ།

  11. མགོ་ལོག་ཟླ་བྷེ། says:

    ངས་མཆན་འགྲོ་མི་འདུག

  12. Jangchup says:

    དཔར་ངོས་གསལ་རུ་ཕྱིན་འདུག་ དཔར་རྣམ་དཔར་མཛོད་ཅིག་གི་ནང་བསྡུས་ན་ཡག་པོ་ཡོང་ས་རེད་ཐུགས་རྗེ་ཆེ

  13. ཟུར་གདོང་ཕྱུགས་རྫི says:

    སྔར་དང་ད་ལྟར་སྡུར་ན་ཅུང་ད་ལྟར་འཆར་ལ་དཀའ་ལས་ཆེ་འདུག་སྙམ་རྗེས་སུ་བཟོ་བཅོས་འདྲ་བྱེད་ཡ་ཡོད་ན་པར་ཉུང་བཅུད་ཡ་དང་འཆར་སླ་བ་སོགས་ད་དུང་མང་པོ་དགོས་འདུག་སྙམ་་་་དྲང་མོ་ཞུས་ན་སྔོན་ལས་ཅུང་མར་རྒྱས་ལ་སོང་བའི་རྣམ་པ་འདྲ་མཐོང་སོང་་་་དགོངས་པ་ནི་མ་འཚམ།

  14. རིག་འཛིན་ལྷུན་གྲུབ། says:

    དུས་བབ་ཀྱི་དྲ་རྒྱ་གསར་པ་ལ་རྣམ་པ་གསར་པ་མང་པོ་འདུག ལྟ་བདེ་བོ་དང་མཐོང་སྣང་ལ་མཛེས་པོ་སོགས་འདུག་པས་ཀློག་པ་པོ་ཞིག་གིས་ངོས་ནས་འཚམས་འདྲི་གྲངས་མེད་དང་། ལས་དོན་གཉེར་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

  15. བློ་གྲོས says:

    དུས་བབ་དྲ་ཚིགས་ལ་རྟེན་འབྲེལ་ཞུ

  16. རྐྱང་ཕྲུག་གྲགས་པ། says:

    བོད་ཀྱི་དུས་བབ་ཚང་ལ་རྟེན་འབྲེལ་ཞུ། དེ་སྔོན་ནང་བཞིན་ཟིན་བྲིས་སྤེལ་ས་ཡོད་པ་བཟོ་ཐུབ་ན་ཧ་ཅང་དགའ་བསུ་ཞུ། ད་བརབོད་ཀྱི་དུས་བབ་འདིས་བོད་ཕྱི་ནང་གི་བོད་མི་མང་པོའི་སེམས་ལ་ཆོས་དང་རིག་གཞུང་། ཆབ་སྲིད་དང་ལོ་རྒྱུས་སོགས་གང་གི་ཆ་ལ་བལྟས་ནའང་དགའ་འོས་བའི་བག་ཆག་ཟབ་མོ་བཞག་ཡོད། ད་དུང་ཡང་མུ་འཐུད་ནས་འཐུས་སྒོ་ཇེ་ཚང་དང་། བརྗོད་བྱ་གསར་སྤེལ་ལ་མྱུར་ཆ་ཇེ་ཆེར་གཏོང་ཐུབ་ན་དེས་བས་ཀྱང་དུས་བབ་ཀྱི་བབ་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་པ་གོར་མ་ཆགས། བཀྲ་ཤིས་པར་གྱུར་ཅིག

  17. བོད་མི་དམངས། says:

    བསམ་ཚུལ་འདིར་ཡོད།

    ༡༽དུས་བབ་ཀྱི་དྲ་ཚུགས་སྔོན་མའི་ནང་ཡོད་པ་ལྟར་བོད་ཀྱི་དུས་བབ་ཟེར་བའི་ཚིག་གི་རྒྱབ་ལྗོངས་ཀྱི་མཚོན་མདོག་གང་ཡོད་པ་རང་འཇགས་འཇོག་རོགས། གང་ཡིན་ཟེར་ན།རྒྱབ་ལྗོངས་ཀྱི་མཚོན་མདོག་མཐོང་བ་ཙམ་གྱིས་བོད་ཀྱི་དུས་བབ་ཀྱི་ཀློག་པ་པོ་ཡོངས་ལ་བློ་ཉེས་ཡོང་གི་ཡོད། དེ་མིན་ཀློག་པ་པོ་ཚང་མ་སྔོན་གྱི་དྲ་ཚིགས་བྱང་གོམས་ཡོད་པས་དྲ་ཚུགས་གསར་པ་ཀློག་པར་ཉོབ་སྣང་ཞིག་རང་བཞིན་གྱི་སླེབ་ཀྱི་ཡོད།

    ༢༽དེང་སྐབས་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་ཁག་གིས་གློག་ཀླད་གཅིག་པུ་མ་ཡིན་པའི་ཁ་པར་མ་ལག་(Apps )དང་གཞན་གསང་གྲངས་ཞིབ་བཤེར་(QR Code scan)། བཟོ་ཐུབ་ན་དགེ་ཕན་ཆེན་པོ་འདུག

    ༣༽བོད་ཀྱི་གསར་འགྱུར་གཙོས་རྒྱལ་སྤྱིའི་གསར་འགྱུར་ནང་གི་གནད་ཚིག་དང་འབྲེལ་ཡོད་ལ་དེ་འདྲ་དང་འབྲེལ་བའི་དྲ་ཐག་མཐུད་ན་དགེ་ཕན་ཆེ།དཔེར་ན།་དེ་རིང་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་དེ་སྔོན་མ་སྤེལ་ཟིན་པའི་གསར་འགྱུར་དང་འབྲེལ་བ་ཡོད་ན་སྔོན་མའི་གསར་འགྱུར་གྱི་དྲ་ཐག་དེ་དེ་རིང་གི་གསར་འགྱུར་གྱི་ཚིག་གནད་ནང་འབྲེལ་ཐུབ་ན་ཡག་པོ་འདུག གང་ཡིན་ཟེར་ན། ཀློག་པ་པོ་ལ་གནས་ཚུལ་ཇེ་གསལ་འགྲོ་བའི་དགེ་ཕན་ཆེན་པོ་ཡོད།

    ༤༽སྐབས་རེར་མཆན་ནི་རྩོམ་ཡིག་དང་གསར་འགྱུར་ལས་གལ་ཆེན་ཆགས་ཀྱི་ཡོད། གལ་སྲིད་གསར་འགྱུར་དང་རྩོམ་ཡིག་གང་རུང་ལ་མཆན་འགོད་པ་དག་དུས་བབ་གསར་ཁང་ལ་མཚོན་ན་འབྲེལ་ཡོད་ཀྱིས་བལྟས་རྗེས་སྤེལ་མིན་གྱི་ཐག་གཅོད་ཀྱི་ཡོད་པ་འགྲིག་གི་འདུག ཡིན་ནའང་མཆན་འགོད་མཁན་ཞིག་གིས་མཆན་འགོད་མཁན་གཞན་གྱི་མཆན་ལ་ལན་བརྒྱབ་པ་དང་དྲི་བ་བཏང་བ་སོགས་ཆོག་མཆན་མིན་དགོས་པར་ཤར་གཏོང་བྱ་རྒྱུ་གལ་ཆེན།

    སྒེར་མཁྲེགས་པོ་ཅན་གཅིག་གཉིས་ཀྱིས་ཉན་འདོད་ཡོད་མེད་ལ་མ་ལྟོས་པར་བསམ་ཚུལ་ཞིག་བཤད་ཀྱི་ཡིན། ཕན་ཐོགས་ཡོད་ན་ལེན་རོགས་མེད་ན་གད་སྙིགས་ནང་གཡུག་རོགས།

  18. ༼འབའ༽གླིང་ཕྲུག་ says:

    སྐུ་ཁམས་བཟང་གུས་པ་དུ་བབ་ཚང་གི་དྲ་ལམ་ནང་ཞུགས་བཅུད་རོགས་

  19. མངའ་རིས་འཕྲིན་ལས། says:

    ཁྱེད་རྣམ་པའི་བོད་ཀྱི་སྐད་ཡིག་དག་གཙང་ཐོག་ནས་གསར་གནས་འདི་ལྟ་བུ་ཞིག་རྒྱུན་མཐུད་པ་ཙམ་དུ་མ་ཟད་དུས་ཀྱི་འགྱུར་བ་དང་བསྟུན་ནས་ཡར་རྒྱས་འགྱུར་བཅོས་གནང་བ་ལ་བསྔགས་བརྗོད་ཞུ་འོས་སུ་མཆིས། ཡིན་ན་ཡང་སྔོན་མ་ནང་བཞིན་ཁ་པར་ནང་སྟབས་བདེ་བོ་ཞིག་ཀློག་དཀའ་ཙམ་འདུག དེང་སང་ཕལ་ཆེ་བ་ཁ་པར་ཐོག་ནས་གསར་འགྱུར་དང་རྩོམ་རིགས་ཀློག་རྒྱུ་ནི་རྒྱུན་ལྡན་ཆགས་ཟིན་པས། དྲྭ་རྒྱའང་ཁ་པར་དང་བསྟུན་ན་ལས་ཀློག་ཀླད་ལ་དེ་ཙམ་བེད་སྤྱོད་གཏོང་མཁན་ཉུང་ཉུང་ཡིན་པར་མངོན། ཐུགས་རྗེ་ཆེ།

  20. འབྲོག་ཕྲུག་བྷེ་ལོ། says:

    བོད་ཀྱི་དུས་བབ་གསར་ཁང་ལ་འཚམས་འདྲི་དང་། དྲ་ཚིགས་གསར་པ་བཟོ་སྐྲུན་ལ་ཡི་རངས་དང་། རྒྱབ་སྐྱོར། དགའ་བསུ་བཅས་ཡོད། འོན་ཏེ་ཁོ་བོར་བསམ་ཚུལ་གཅིག་ཞུ་རྒྱུ་ཡོད་པ་དེ་ནི། སྔར་དྲ་ཚིགས་དེའི་མདུན་ངོས་ཀྱི་བཟོ་བཀོད་དེ་ཧ་ཅང་ལྟ་ཀློག་བདེ་པོ་དང་། མཐོང་སྣང་བདེ་པོ་ཞིག་ཡོད་པས། མདུན་ངོས་བཟོ་དབྱིབས་དང་བཟོ་བཀོད་རྣམས་སྔར་གྱི་སྒྲོམ་གཞི་ལྟར་རང་འཇགས་བཞག་ཐོག་ད་ལན་གྱི་གལ་ཆེའི་རྒྱབ་ལྗོངས་ཀྱི་ཁྱད་ཆོས་དང་ཆ་རྐྱེན་རྣམས་གསར་སྣོན་བྱུང་ན་ཧ་ཅང་ལེགས་པར་སེམས། ཐུགས་རྗེ་ཆེ།

  21. གོང་ཐུབ། says:

    བོད་ཀྱི་དུས་བབ་ཅེས་པའི་ཡིག་གཟུགས་སྐྱོ་རུ་ཕྱིན་འདུག iPad ནང་དུ་འཆར་ཡ་ལ་ཅུང་སྐྱོ་རུ་ཕྱིན་འདུག འོན་ཀྱང་མདུན་ངོས་པར་རིས་རྣམས་སྔོན་མར་ཤར་གི་མ་རེད་དེ་ད་ཐེངས་བདེ་བླག་ཏུ་འཆར་ཡོང་གི

  22. མགོ་ལོག་ཟླ་བྷེ། says:

    བཀྲ་ཤིས་བདེ་ལེགས་ཞུ།

  23. དོན་གྲུབ། says:

    ལེགས་སོ། ལེགས་སོ། འགྱུར་བ་ནི་ཡར་རྒྱས་ཡིན།

  24. ཐུབ་བསྟན། says:

    དེང་སང་དུས་བབ་དྲྭ་ཚིག་འདི་ཁ་པར་ནང་ལྟ་དུས་ཧ་ཅང་དཀའ་ངལ་འདུག་མུ་མཐུད་རང་འཇགས་བཞག་ན་ཡག་མོ་འགེ །

  25. མགོ་ལོག་ཟླ་བྷེ། says:

    བོད་ཀྱི་དུས་བབ་ལ་ངོ་མ་རེ་བ་ཆེན་པོ་ཡོད། ཡིན་ཡང་དྲ་ཚིག་རྙིང་པ་དེ་ཡག་འདུག་བསམ་སོང་། ཟིན་བྲིས་ཀྱི་ཐད་ནའང་འདོད་པ་མ་ཁེངས་བ་ཞུ་རྒྱུ་ཡོད།

  26. འབྲོག་ཕྲུག་བྷེ་ལོ། says:

    ཐོག་མར་བོད་ཀྱི་དུས་བབ་གསར་ཁང་གི་ལས་བྱེད་ཡོངས་ལ་འཚམས་འདྲི་ཞུ། ཁོ་བོ་ནི་རྒྱུན་ལྡན་གསར་ཁང་འདིའི་གསར་འགྱུར་རྣམས་ལྟ་ཀློག་བྱེད་མཁན་ཞིག་ཡིན་ལ། ཀློག་པ་པོ་ཅུང་རྙིང་གྲས་ཤིག་ཀྱང་ཡིན་པའི་ངོས་ནས་ཁྱོད་རྣམས་ཀྱི་ཕྱག་ལས་གནང་སྟངས་དང་། དུས་དང་བསྟུན་པའི་ཐབས་ལམ་སྣ་ཚོགས་ཀྱི་འོག་ནས་དྲ་ཚིགས་འདི་ཉིད་རང་དང་འབྲེལ་བའི་གསར་འགྱུར་སྤེལ་སྟངས་སོགས་འཕེལ་རྒྱས་ཀྱི་ངོ་བོ་ལ་ཡི་རངས་དང་བསྔགས་བརྗོད་ཡོད། ལྷག་པར་གོང་གི་གསལ་བཤད་ཀྱི་ནང་དུ་བཀོད་པ་ལྟར་དཀའ་གནད་དང་རྒྱབ་ལྗོངས་མང་པོའི་གནས་བབ་ལ་གཞིགས་ཏེ་མི་རྒྱུ་དུས་སོགས་ཀྱི་ངལ་བ་ཁྱད་བསད་ཀྱིས་ད་ལན་གྱི་དྲ་ཚིགས་གསར་བ་འདི་བཞིན་ལེགས་གྲུབ་བྱུང་བར་འཚམས་འདྲི་དང་། དགའ་བསུ། རྒྱབ་སྐྱོར་ཡོད།
    དེ་ལྟར་ནའང་འདིར་སྐབས་དོན་ཕྲན་ལ་བསམ་ཚུལ་ཞིག་ཞུ་རྒྱུ་ཡོད་པ་ནི། དེ་སྔོན་གྱི་དྲ་ཚིགས་དེ་ཧ་ཅང་ལྟ་ཀློག་བདེ་པོ་དང་མཐོང་སྣང་བདེ་པོ་ཞིག་ཀྱང་། ད་ལན་འདི་དེ་ལས་ཅུང་ལྡོག་ཏུ་ཕྱིན་པ་ལྟ་བུར་ཚོར་བཞིན་འདུག དེ་ནི་གཙོ་བོ་དྲ་ངོས་བཟོ་བཀོད་ཀྱི་ཆ་ནས་གཙོས། ཡིག་གཟུགས་ཀྱི་ཆ་ནས། ཚོན་མདངས་ཀྱི་ཆ་ནས། འདྲ་རིས་འཇོག་སྟངས་དང་ཆེ་ཆུང་གི་ཆ་ནས། མྱུར་ཚོད་ཀྱི་ཆ་ནས་སོགས་མིན་ནམ་སྙམ། རྒྱབ་ལྗོངས་ཆ་རྐྱེན་གྱི་གནད་དོན་རྣམས་ཤིན་ཏུ་གལ་གནད་ཆེ་བ་སྨྲ་ཅི་དགོས། དེ་བཞིན་རྒྱ་ཆེ་ཀློག་པ་པོ་རྣམས་ལ་ལྟ་བདེ། ཀློག་བདེ། མཐོང་བདེ་དགོས་རྒྱུ་དེའང་གསར་ཁང་གི་ཁྱད་ཆོས་འགངས་ཆེན་ཞིག་ཏུ་གྱུར་ཡོད་པའང་བརྗོད་མི་དགོས་པ་ཞིག་རེད་སྙམ།
    དེས་ན་སྔར་གྱི་སྤྱིར་ཡོངས་བཟོ་དབྱིབས་ཀྱི་ཁྱད་ཆོས་རྣམས་རང་འཇགས་བཞག་པའི་སྟེང་། དེའི་རྒྱབ་ལྗོངས་ཀྱི་ཁྱད་ཆོས་དང་མཐུན་རྐྱེན་གསར་བ་རྣམས་སྣོན་སྤེལ་བྱས་ན་ཤིན་ཏུ་ལེགས་པོ་ཞིག་ཡོང་བ་མིན་ནམ་སེམས་པས་དེ་དོན་ཐུགས་འཇགས་འཚལ་ལགས། བསམ་ཚུལ་བསྡུ་ལེན་གནང་བར་བཀའ་དྲིན་ཆེ།

  27. སེང་ལྕམ་གཡུ་ལོ། says:

    དྲ་ངོས་གསར་པ་ལ་རྟེན་འབྲེལ་ཞུ། དུས་བབ་ཟིན་བྲིས་ཀྱི་སྒོ་འབྱེད་པར་སྨོན།

  28. pemametok says:

    བོད་རྒྱལ་ལོ།

  29. ཤག་སྒང་པ་སངས་ཚེ་རིང་། says:

    བོད་ཀྱི་དུས་བབ་དང་དབུས་བོད་མིའི་དྲ་རྒྱ་ནི་ངས་ཉིན་ལྟར་ལྟ་ཀློག་བྱེད་པའི་དྲ་ལམ་གལ་ཆེན་གཉིས་ཡིན།

    མང་གཙོ་དུས་ཆེན་ཉིན་བོད་ཀྱི་དུས་བབ་ཀྱི་དྲ་ངོས་གསར་པ་མཇལ་བར་དགའ་བོ་བྱུང་།

    མདུན་ངོས་སུ་ཚོན་མདངས་བཀྲག་པོ་མེད་པར་ཀློག་པ་པོའི་མིག་གི་འཕྲོད་བསྟེན་ལ་བདེ་པོ་ཞིག་ཡིན་ས་རེད།

    བོད་དབྱིན་གཉིས་ཀྱི་ཁ་བྱང་ཆེན་པོ་དེ་དང་། འོག་གི་ཟླ་ཚེས་ཚོུད་སོགས་མཉམ་གཅིག་ཏུ་སྤུངས་པས་མཛེས་རྩལ་དེ་ཙམ་མེད་པ་ལྟ་བུ་ཞིག་མཐོང་། མ་གཞི་གཡས་གཡོན་སྟོང་པར་བཞག་པའང་དགོས་པ་དམིགས་བསལ་ཡོད་ངེས་ལགས།

    བོད་དབྱིན་གྱི་ཁ་བྱང་། བོད་ཀྱི་དུས་བབ། ཟེར་བ་གཅིག་པུ་དཀྱིལ་དུ་བཞག་ན་ལེགས་པོར་མཇལ་ངེས་འདུག

    མཐའ་མའི་ལབ་འདོད་པ་ནི་ཁྱེད་ཅག་དགུང་གསེང་གཙོ་བའི་ཉིན་རེར་ཐེངས་མང་ཙམ་ཕེབས་ཐུབ་ན་བསམ་པ་དེ་ཡིན།

    བཀྲིས་བདེ་ལེགས།

  30. ཚེ་རིང་རྡོ་རྗེ། says:

    དེང་སྐབས་གློག་ཀླད་ལས་ཁ་པར་དར་ཁྱབ་ཆེ་བས་ན། དུས་བབ་ཚང་གི་དྲ་རྒྱ་ལའང་གློག་ཀླད་ལ་དམིགས་ནས་བཟོས་པའི་མཉེན་ཆས་༼ app༽་བཟོས་ན་དགོས་མཚན་ཆེ་བར་སྙམ། རྒྱུ་མཚན་གལ་ཆེན་ཞིག་ཡོད་དེ། གློག་ཀླད་འཆར་ཤེལ་གྱི་ཆེ་ཆུང་ལ་བསྟུན་ནས་བཟོས་པའི་དྲ་ངོས་ནི་ཁ་པར་སྟེང་ནས་ཀློག་ན། སྟབས་མི་བདེ་བ་དང་། ནང་དོན་ཤོང་ཚད་མང་བས་ཁ་འབྱེད་པར་དུས་ཡུན་མང་པོ་འགོར་རོ།།

  31. Jangchup says:

    དུས་བབ་དྲ་ངོས་གསར་བ་དེ་བལྟ་བདེ་བོ་ཅིག་མི་འདུག་ མདུན་ངོས་མང་ཆེ་བ་དཔར་གྱི་ཁེངས་འདུག་རྙིང་པ་དེ་ཡག་ག་

  32. ཁམས་གཱ་ཕྲུག says:

    དུས་བབས་གསར་པའི་བརྒྱུད་རིམ་ཕྱག་ལས་གནང་མཁན་ཡོངས་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དྲ་ངོགས་སུ་ཐོག་མ་འཆར་ཡོང་དུས་ཆེན་པོ་དེ་སྔ་བཞིན་མེད་པར་ཕྱིན་འདུག ཆེ་རུ་བཅོས་ཐུབ་ན་དྲ་གྲོགས་རྣམས་བློ་བདེ་ཡོང་ཐུབ། དེ་མིན་རིག་པ་འདོན་པ་ལ་དེབ་སྐྱེལ་དང་ནང་འཛུལ་སོགས་དྲ་ལམ་བརྒྱུད་ནས་བོད་སྤྱོད་གཏོང་ཨེ་ཐུབ་བམ། གུས་པས་དེ་སྔོན་ཙམ་ནས་འབད་བརྩོན་བགྱིས་ཀྱང་དོན་འབྲས་མ་སོན་ལགས། དེབ་སྐྱེལ་དང་ནང་འཛུལ་སྐབས་ཡང་ན་དེ་གར་ལས་ཁུངས་སུ་ཐད་ཀ་འབྲེལ་བ་བྱེད་དགོས་སམ། ངའི་དྲི་བ་འདི་ལ་བཀའ་སློབ་དང་འབྲེལ་བའི་དྲི་ལན་ངེས་པར་དུ་གནང་རོགས་ཞུ་རྒྱུ་ཡིན་ལགས་་་་་་་་བཀྲ་ཤིས་བདེ་ལེགས

  33. གྲམ་མཚོ་ཐུབ་བསྟན། says:

    ཐུགས་རྗེ་ཆེ།

  34. གྲམ་མཚོ་ཐུབ་བསྟན། says:

    Thank you ..!!

  35. ཆོས་འབྱོར། says:

    ང་རང་ཡིན་ན་སྔོན་མ་དེ་ཡག་པོ་འདུག གསར་པ་དེ་ཁ་ཕྱེ་ཁག་པོ་འདུག འདྲ་པར་མང་པོ་ཞིག་དྲ་བའི་མདུན་ངོས་སུ་བཞག་པ་དེས་ཁ་ཕྱེ་རྒྱུར་འགོར་བ་རེད་བསམ། པར་ཡོངས་རྫོགས་ལ་བརྙན་པར་ཁང་ཞིག་བཟོས་རོགས ཐུགས་རྗེ་ཆེ། ངས་རྟག་པར་དུས་བབ་ལྟ་ཀློག་བྱེད་ཀྱིན་ཡོད། ད་ཆ་ལྟ་ཀློག་ཁག་པོ་དང་། ཤར་བ་དེ་ཡང་སྔོན་མ་དང་མ་འདྲ་བར། ཧ་ཅང་ཆུང་ཆུང་བཟོས་འདུག་སྙམ། ཡིན་ན་ཡང་གསར་འགྱུར་དེ་ཚོ་སྔར་བཞིན་ཡག་པོ་འགོད་བཞིན་འདུག ཐུགས་རྗེ་ཆེ་ཞུ །

  36. པདྨ་། says:

    བོད་ཀྱི་དུས་བབ་དྲ་རྒྱ་གསར་བཟོ་ལེགས་འགྲུབ་བྱུང་བ་ལ་རྟེན་འབྲེལ་ཞུ། །

  37. པདྨ་། says:

    བོད་ཀྱི་དུས་བབ་དྲ་རྒྱ་གསར་བཟོ་ལེགས་འགྲུབ་བྱུང་བ་ལ་དགའ་བསུ་དང་རྟེན་འབྲེལ་ཞུ།

  38. སྙིགས་བདག says:

    དུས་བབ་ཚང་ལ་བསམ་ཚུལ་ཞིག་ཞུ་ཆོག་པ་གྱིས།
    མཆན་འཇོག་པར་ད་ཐེངས་སྟབས་བདེ་རེད་ལགས།
    སྤྱིར་ན་དྲ་རྒྱའི་བཟོ་བཀོད་དང་ཚོན་མདངས་སོགས་གང་ཅིའི་ཆ་ནས་ཡག་པོ་འདུག
    འོན་ཀྱང་གསར་འགྱུར་གྱི་འགོ་བརྗོད་རྣམས་ངའི་ཁ་པར་ནང་གསལ་བོ་མེད་པར་ཉིས་རིམ་འདྲ་བོ་ཞིག་ཤར་ཡོང་གི་འདུག
    དེ་ནས་སྔོན་མ་ལས་དྲ་རྒྱ་ལྗིད་ཚད་ཆེ་རུ་སོང་འདུག དྲ་བ་སྒོ་འབྱེད་པར་དུས་ཡུན་རིང་པོ་འགོར་གི་འདུག
    བཀའ་དྲིན་ཆེ།

  39. ཕུན་ཚོགས། says:

    ལགས་སོ

  40. ཨ་འདུས་མིག་ཆུ། says:

    བོད་ཀྱི་དུས་བབ་ཀྱིས་ཟིན་བྲིས་རྩོམ་པ་པོ་དག་གི་རྩོམ་ཡིག་བདག་ཉར་ཡག་པོ་ཞིག་བྱས་ཡོད་པའི་རེ་བ་ཡོད། དེར་མི་མང་མང་གིས་རང་གི་རྣམ་དཔྱོད་དང་། དཀའ་སྤྱད་གང་མང་ཞིག་ཡོད་པས་མི་ལ་ལ་ཞིག་གིས་བསྐྱར་དུ་དེ་དག་འཚོལ་དགོས་ཟེར་ན་ཉིན་མོའི་སྐར་མ་ཡིན་ན། དོན་ཆེན་དོན་ཆུང་ལ་མི་གཟུགས་པའི་རེ་བ་སྙིང་ནས་ཞུ།

  41. འབྲོང་བུ་སོག་ཚ། says:

    དུས་བབ་ཚང་གི་དྲྭ་ལམ་གསར་པ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད་ནའང་། སོ་སོའི་མཆན་བཀོད་པ་རྣམས་ཁྱེད་ཚོའི་དེ་ནས་གདམས་ལེན་གྱིས་དྲྭ་སྟེང་བཀོད་པ་དེ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་ནས་གཞན་གྱི་རང་དབང་ལ་རྩིས་སྲུང་མ་བྱེད་པ་ཡིན་པས་བློ་ཕམ་ཡང་ཡོད།

  42. ཆོས་རྗེ་ཚང་། says:

    བོད་ཀྱི་དུས་བབ་གསར་ཁང་གི་ལས་མི་རྣམ་པ་ལྷན་རྒྱས་ཚང་མར་དྲ་ངོས་གསར་བ་སྒོ་འབྱེད་གནང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། བོད་ཀྱི་དུས་བབ་དྲ་ཤོག་གཉིས་ཀར་ལོ་མང་པོའི་རིང་བལྟ་ཀློག་བྱེད་མཁན་གྱི་ཀློག་པ་པོ་ཞིག་གི་ངོས་ནས་རེ་བ་ཞུ་རྒྱུ་ལ། མུ་མཐུད་བལྟ་ཀློག་བྱེད་རྒྱུ་ཡོད་པ་དང་། ཡར་རྒྱས་ཀྱི་ལམ་ལ་བསྐྱོད་ཀྱིན་སྤུས་ཚད་ལྡན་པའི་སྒོ་ནས་འདོན་སྤེལ་མཚམས་མི་ཆད་པར་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

  43. བློ་བསྟན། says:

    དུས་བབས་ཚང་གི་ལས་བྱེད་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། ལྷག་པར་དུ་དུས་བབས་དྲྭ་ངོས་གསར་བཟོང་ལེགས་པར་གྲུབ་པ་ལ་རྟེན་འབྲེལ་གྲངས་མེད་ཞུ། བསམ་ཚུལ། དྲྭ་ངོས་རྙིང་པ་ལས་གསར་བ་འདི་ཅུང་ལྗི་ཁོག་ཆེ་བའི་ཚོར་བ་ཞིག་སྟེར་གི་དེ་ཕྱོགས་ནས་ཡར་རྒྱས་འདྲ་གཏོང་ཐུབ་ན་སྙིང་ཐག་པ་ནས་བཀའ་དྲིན་ཆེ།

  44. བསོད་ནམས་རྡོ་རྗེ། says:

    འཚམས་འདྲི་ཡོད།

  45. བསོད་ནམས་རྡོ་རྗེ། says:

    དུས་བབ་དྲ་ཚིགས་ལེགས་བཅོས་གནང་སྟེ། གསར་འགྱུར་རྣམས་སྡེ་ཚན་སོ་སོར་ཕྱེས་ནས་བལྟ་བདེར་བསྒྱུར་འདུག་པ་དང་། དཔྱད་བརྗོད་ཀྱང་བདེ་བླག་ངང་སྤེལ་ཐུབ་ཀྱི་འདུག་པས་ཁྱེད་ཚང་གི་བྱ་བར་བསྔགས་བརྗོད་དང་། ཡི་རང་ཞུ་བཞིན་ཡོད། དགེ་བར་གྱུར་ཅིག། །།

  46. ས་མཐའི་འཁྱམ་པོ། says:

    བོད་ཀྱི་དུས་བབ་དྲྭ་རྒྱ་གསར་བཟོ་གནང་བར་བཀྲ་ཤིས་བདེ་ལེགས་ཡོད།

  47. རྨེའུ་དཀོན་རྒྱམ། says:

    བོད་ཀྱི་དུས་བབ་ཚང་གིས་དུས་བབ་དང་བསྟུན་པའི་མདུན་བསྐྱོད་གནང་སྟངས་ལ་རྒྱབ་སྐྱོར་གྱིས་ཡི་རངས་ཞུ།
    དམིགས་བསལ་དུས་ཀྱི་དགོས་མཁོ་དང་མཐུན་པའི་སྤྱི་ཚོགས་ལ་ཞབས་ཕྱི་བསྒྲུབས་དང་སྒྲུབ་ཀྱིན་པ་ནི་དགའ་བསུ་ཞུ།
    བོད་ཀྱི་དུས་བབ་ནི། བཙན་བྱོལ་བོད་མིའི་ངོ་གདོང་མཚོན་བྱེད་དེ་ཡིན་དུས། དུས་དང་བསྟུན་པའི་རྒྱུན་གནས་ཐུབ་པར་ཞུ།
    དུས་བབ་ལ་དུས་ཀྱིས་སྤྲད་པའི་འགན་འཁྲི་ཆེན་པོ་ཞིག་ཡོད་པས། མང་ཚོགས་ལ་དུས་ལྟར་ཞབས་འདེགས་བསྒྲུབ་པར་ཞུ།
    བོད་ཀྱི་དུས་བབ་ལ་ཕྱོགས་པའི་རྒྱབ་སྐྱོར་བ། ཀློག་པ་པོ། དོ་སྣང་བ་རྣམ་པའི་ངོས་ནས་ཀྱང་ཉམས་མྱོང་གིས་ལམ་སྟོན་གནང་རོགས་ཞུ།
    འདས་པའི་དུས་བབ་ཀྱི་ཉམས་མྱོང་། ད་ལྟའི་འགན་བབ། མ་འོངས་མདུན་ལྗོངས་བཅས་ལ་ཐུགས་གཞིག་དང་དགོངས་ཚུལ་གནང་རོགས་ཞུ།
    བདེན་པའི་ཁུངས་སྐྱེལ། དུས་ཐོག་མཁོ་སྤྲོད། སྤྱི་ཚོགས་ཀྱི་དགོས་མཁོ་སོགས་དུས་བབ་ཚང་གིས་ཕྱོགས་ཡོངས་ནས་འབད་འབུངས་གནང་རོགས་ཞུ།
    གཞིས་བཞུགས་རྒྱ་ཆེ་མི་མང་གི་གནས་བབ། རྒྱ་གཞུང་དང་དེའི་སྲིད་བྱུས་ཀྱི་རྒྱབ་ལྗོངས། རྒྱལ་སྤྱིའི་འཕོ་འགྱུར། བཙན་བྱོལ་བོད་མིའི་གནས་ཚུལ་བཅས་གསལ་བའི་དུས་ཐོག་མེ་ལོང་ཞིག་ཏུ་གྱུར་དང་འགྱུར་བཞིན་པར་ཡིད་ཆེས་དང་རྒྱབ་སྐྱོར་སྙིང་ནས་ཞུ།

  48. བུ་བསྟན་འཛིན། says:

    དུས་འབབ་དྲ་ཚིགས་ལས་ཁུངས་ལ་ཐུགས་རྗེ་ཆེ་གནང།

  49. མྱི་རྐྱང་སྨྱོན་པ། says:

    དུས་བབ་དྲྭ་ངོས་གསར་བཟོ་ལེགས་འགྲུབ་བྱུང་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། བཀའ་དྲིན་ཆེ། མུ་ནས་སྤྱི་ཚོགས་ལ་དགོས་མཁོ་ཡོད་རིགས་དུས་ལྟར་མཐོང་ཐུབ་པར་སྨོན།

དཔྱད་མཆན་སྤེལ།

Your email address will not be published. Required fields are marked *