རྒྱ་གར་རྒྱལ་ལ་ལྡི་ལིར་བོད་ཀྱི་བུད་མེད་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གསུམ་མཉམ་འབྲེལ་ཐོག བོད་ཀྱི་ཁོར་ཡུག་སྐོར་ལ་འདས་པའི་ཉིན་ཤས་རིང་ཞུ་གཏུགས་ལས་འགུལ་ཞིག་སྤེལ་ཡོད་པ་དེ་རིང་ཚེས་ ༢༩ མཇུག་བསྒྲིལ་ཡོད་འདུག
ལས་འགུལ་དེ་ནི་ཟླ་འདིའི་ཚེས་ ༣༠ ཉིན་ནས་ཟླ་རྗེས་མའི་ཚེས་ ༡༡ ཉིན་བར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་འོག འཛམ་གླིང་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་ཚ་དྲོད་སྐོར་ལ། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་འཛམ་གླིང་རྒྱལ་ཁབ་ ༡༩༤ ལྷག་གི་སྲིད་འཛིན་དང་སྲིད་བློན་ལྷན་འཛོམས་ཀྱི་ཚོགས་ཆེན་ཞིག་ཚོགས་འཆར་ཡོད་པ་དང་བསྟུན་ཏེ་སྤེལ་བ་ཞིག་ཡིན་འདུག
ཚེས་ ༢༧ ཉིན་རྒྱབ་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ལས་ཁུངས་ཕྱི་རོལ་དུ། བོད་དོན་འཐབ་རྩོད་པ་སྐོར་ཞིག་གིས་ཁྲོམ་གཞུང་ཟློས་གར་འཁྲབ་སྟོན་དང་ཞི་བའི་གོམ་བགྲོད། བོད་ཀྱི་གཙང་བོ་ཁག་འབབ་ཡུལ་གྱི་རྒྱལ་ཁབ་ ༡༡ གི་གཞུང་ཚབ་ཁང་དག་ལ་ཞུ་གཏུགས་བཅས་ཀྱི་ལས་འགུལ་སྤེལ་ཡོད་འདུག
སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། འདས་པའི་ཉིན་ཤས་རིང་ང་ཚོ་ཨ་རི་དང་བལ་ཡུལ། ཨུའོ་སི་ཊི་ལེ་ཡ་བཅས་ཀྱི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་མི་སྣ་དང་། རྒྱལ་ཚོགས་ལས་ཁུངས་ཀྱི་གནས་ཚུལ་སྡེ་ཚན་གྱི་མི་སྣ། དེ་བཞིན། རྒྱ་གར་ཁོར་ཡུག་དང་ཤིང་ནགས་བློན་ཆེན་ཟུར་པ་ཤཱི་རེ་ཇཱ་རམ་(Shri Jairam Ramesh)སོགས་ལ་མཇལ་འཕྲད་ཞུས་ཏེ། བོད་ཀྱི་ཆུ་བེད་སྤྱོད་དང་མཉམ་སྤྱོད་ཐད་རྒྱ་ནག་གཞུང་ལ་འགན་འཁྲི་ཡོད་ཅེས་བོད་ཀྱི་གཙང་བོའི་འབབ་ཡུལ་གྱི་རྒྱལ་ཁབ་ཁག་མཉམ་འབྲེལ་སྡིངས་ཆ་བརྒྱུད་དེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་ཞུས་ཡོད། ད་རེབ་ལས་འགུལ་གྱི་ཤུགས་རྒྱག་ས་གཙོ་བོ་བོད་ཀྱི་གཙང་བོ་ཁག་འབབ་ཡུལ་གྱི་རྒྱལ་ཁབ་ ༡༡ ཚང་མ་དང་། རྒྱ་གར་དབུས་ཆུ་དོ་དམ་དང་གནམ་གཤིས་འགྱུར་ལྡོག་དོ་དམ། ཁོར་ཡུག་དོ་དམ་ལྷན་ཁང་སོགས་ཡིན། ཞེས་བརྗོད་སོང་།