མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་རེ་བ་དང་སྙིང་སྟོབས་བསྐྲུན་སོང་།

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

སྒྱུ་རྩལ་པ་ཨེ་ཝེ་ཝེ་ཡིས་བརྩམས། འཇིགས་མེད་རྒྱ་མཚོས་བསྒྱུར།

22weiweiart-articleLargeཕྱི་ལོ་ ༢༠༡༡ ལོའི་ཟླ་ ༤  པའི་ནང་མི་སེར་དཀྱུས་མའི་ལྭ་བ་གྱོན་པའི་རྒྱ་ནག་གི་ཉེན་རྟོག་པས་ང་པེ་ཅིན་གནམ་ཐང་དུ་བཙན་ཁྲིད་བྱས་རྗེས་གསང་བའི་ས་ཆ་ཞིག་ཏུ་ཉི་མ་ ༨༡ ལ་བཙོན་འཇུག་བྱས་སོང་། བཙོན་འཇུག་སྐབས་ཀྱི་འདྲི་གཅོད་མང་ཆེ་བ་ངའི་ཆབ་སྲིད་ཀྱི་བྱེད་སྒོ་ཁག་ཡིན་ཡང་། ཀློད་གྲོལ་བཏང་རྗེས་སྲིད་གཞུང་གིས་སྒྲུང་རྫུན་བཟོ་བྱས་ཏེ་ངའི་ཁེ་ལས་ཁང་གིས་གཞུང་ལ་ཁྲལ་ཆད་ཡོད་པའི་ཉེས་མིང་འོག་ཨ་སྒོར་ཁྲི་ ༢༤༠ ཡི་ཆད་པ་འཇལ་དགོས་ཟེར། ངས་ཁོ་ཚོར་ཅིའི་ཕྱིར་ནག་ཉེས་འདི་འདྲ་ཞིག་བཙུགས་ཏེ་ཁྲིམས་ཆད་གཅོད་དགོས་པར་དྲིས་སྐབས། དཔོན་རིགས་ཤིག་གིས། “གལ་སྲིད་ང་ཚོས་ཁྱོད་ལ་ཉེས་ཆད་ལྕི་མོ་ཞིག་མ་བཅད་ན་ཁྱོད་རང་ལྷང་འཇགས་ངང་སྡོད་ཤེས་ཀྱི་མི་འདུག་” ཟེར།

 

དྲང་བདེན་རྩོད་ལེན་དང་དངོས་ཡོད་གནས་ཚུལ་གྱི་ཆེད་དུ་ངས་ཞུ་གཏུགས་བྱ་རྒྱུ་ཐག་བཅད་པ་ཡིན། དེ་ནི་གཟབ་གནན་བྱ་དགོས་པའི་གྱོད་གཞི་ཞིག་ཡིན་སྟབས། ངས་ཕུ་ཀྲི་ཆང་ལ་འབྲེལ་བ་བྱས་པ་ཡིན། ཁོ་ནི་རྒྱ་ནག་སྒེར་སྤྱོད་སྲིད་དབང་གི་གཉའ་གནོན་འོག་ཆབ་སྲིད་ལས་འགུལ་པ་སྲུང་སྐྱོབ་བྱ་ཕོད་པའི་ཁྲིམས་རྩོད་པ་སྐད་གྲགས་ཅན་ཞིག་རེད། བདེན་པའི་རྒྱབ་ཏུ་ལངས་ནས་ཕུ་ཀྲི་ཆང་གིས་ངའི་གྱོད་གཞི་ལ་ཞུ་གཏུགས་བྱས་པ་རེད། ཁོས་ཞུ་གཏུགས་ལ་འཇིགས་སྣང་མེད་པར་གྲལ་སྒྲིག་སྤུས་དག་བློ་རིག་རྣོ་བ། གཏན་ཚིགས་ཀྱི་ཁ་གསལ་བ་མ་ཟད། ཡིད་འཛིན་སོགས་ཀྱི་གནས་ཚད་ཀྱང་ཧ་ལས་པ་རེད།

 

འདས་པའི་ལོ་ཤས་ནང་ཕུ་ཀྲི་ཆང་གིས་གསར་འགོད་པ་དང་དམངས་དོན་གོང་རིམ་ལ་ཞུ་གཏུགས་བྱེད་མཁན། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་ཀྱི་ཁྲིམས་རྩོད་པ་བྱས་ཏེ། མི་མང་ཉམས་ཆུང་མང་པོ་ཞིག་ཁྲིམས་ཀྱིས་སྲུང་སྐྱོབ་བྱས་ཡོད་པ་རེད། དེ་དང་མཉམ་དུ་ཁོའི་སྙིང་སྟོབས་དང་རྣམ་དཔྱོད་ཁྱད་དུ་འཕགས་པའི་ནུས་ཤུགས་དེས་དབང་གིས་ཁོ་བོ་རྒྱ་ནག་གཞུང་གི་ཆབ་སྲིད་ཉེས་པ་འགེལ་སའི་དམིགས་འབེན་ཞིག་ཏུ་གྱུར་པ་རེད། ཁོའི་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་སྟབས་རྒྱ་གཞུང་གི་དཔོན་རིགས་ཚོས་མིག་ལ་ཉེན་ཁ་ཞིག་ཏུ་མཐོང་གི་ཡོད།

 

ཕུ་ཀྲི་ཆང་འཛིན་བཟུང་བྱས་ཏེ་ཟླ་ ༡༩ ལ་བཀག་བསྐྱིལ་བྱས་རྗེས། ཟླ་ ༡༢ ཚེས་ ༡༤ ཉིན་པེ་ཅིན་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གཉིས་པས་ཕུ་ཀྲི་ཆང་གིས་མི་རིགས་ལ་ཞེ་འཁོན་བསླངས་ཏེ་དཀྲུག་ཤིང་བརྒྱབ་པ་དང་། སྤྱི་ཚོགས་ལ་ཟིང་ཆ་བསླངས་པའི་ཉེས་མིང་བཏགས་ཏེ་ཁྲིམས་བཤེར་བྱས་པ་རེད། ཕུ་ཀྲི་ཆང་ལ་ཞིབ་བཤེར་བྱེད་དགོས་པའི་རྒྱུ་རྐྱེན་ངོ་མ་དེ་ཁོ་རང་གིས་སྤྱི་ཚོགས་དྲ་ལམ་ཝེ་པའོ་སྟེང་ཕྲིན་ཐུང་ཐེངས་ ༧ བཀོད་པ་དེ་རེད། བདུན་ཕྲག་སྔོན་མའི་རེས་གཟའ་མིག་དམར་ཉིན་ (ཚེས་ ༢༢ ཉིན) ཁྲིམས་ཁང་གིས་ཉེས་མིང་བཙུགས་ཤིང་ལོ་གསུམ་གྱི་ཕྱིར་འགྱངས་ཁྲིམས་ཆད་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་སོང་། ཁྲིམས་ཆད་འདིས་དུས་གཏན་དུ་ཁོའི་ཁྲིམས་རྩོད་པའི་ཐོབ་ཐང་འཕྲོག་པ་དང་། འདས་པའི་ལོ་མང་རིང་ཁྲིམས་ལུགས་ཀྱི་ཁེ་དབང་ཁྲོད་སྲུང་སྐྱོབ་བྱེད་སའི་སྟེགས་བུ་ཞིག་བསྐྲུན་ཡོད་པ་རྩ་མེད་བཏང་པ་རེད།

 

བཙོན་ཁང་ནས་རེ་ལྟོས་བྱས་ཏེ་སྒུག་སྡོད་པ་ལས་ཁྲིམས་ཐག་བཅད་པ་ཡག་པོ་རེད། དེ་ནི་ཕལ་ཆེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་ལས་བྱུང་བ་ཞིག་ཡིན་ཡང་། ཁོ་ཀློད་གྲོལ་བཏང་བའི་རྗེས་ལ་སྤྱི་ཚོགས་ནང་རྒྱུན་ལྡན་གྱི་མི་ལྟར་འཚོ་བ་བསྐྱལ་ཐུབ་པ་ཁག་པོ་ཡིན། ཉེན་རྟོག་པས་ཁོའི་བྱ་སྤྱོད་ཡོད་ཚད་ལ་སོ་ལྟ་བྱེད་རེས་རེད་ལ། གལ་སྲིད་འབྱུང་གྱུར་གྱི་ལོ་ ༣ རིང་ཁོ་ཆབ་སྲིད་དང་འབྲེལ་བའི་བྱེད་སྒོ་གང་རུང་ཞིག་ལ་ཞུགས་པ་ཡིན་ན་དེ་མ་ཐག་བཙོན་འཇུག་བྱེད་ཆོག་ཆོག་རེད།

 

ཕྱི་ལོ་ ༢༠༡༡ ལོའི་ཟླ ༦ པའི་ནང་ང་ཉེན་རྟོག་པའི་སྟངས་འཛིན་ལས་མཐར་རྗེས། ངའི་ཕྱི་སྐྱོད་ལག་དེབ་བཙན་འཕྲོག་དང་། ངས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་རྩོམ་ཡིག་སྤེལ་བ་ཆ་ཚང་བཀག་འགོག་བྱས་པ་མ་ཟད། ང་ལ་བརྒྱུད་ལམ་ཁག་གིས་བཅའ་འདྲི་བྱ་རྒྱུར་ཡང་བཀག་སྡོམ་བྱས་པ་རེད། ངའི་ལས་སྒྲུབ་ཁང་གི་ཕྱིའི་ཁང་རྩེག་དང་གློག་གདང་སྟེང་དུ་ལྐོག་མིག་བརྙན་པར་འཕྲུལ་ཆས་བཙུགས་པ་དང་། ཁང་རྩེག་ཕྱི་ལོགས་སུ་ཉེན་རྟོག་པས་སྒར་བརྒྱབ་ཡོད་སྟབས། ང་ཕྱི་ལོགས་སུ་འགྲོ་དུས་ངེས་པར་དུ་ཐོ་འགོད་བྱེད་དགོས་པ་མ་ཟད། ཕྱི་གང་ཞིག་ཏུ་སོང་ཡང་ངའི་རྒྱབ་ཏུ་མི་སེར་དཀྱུས་མའི་ལྭ་བ་གྱོན་པའི་ཉེན་རྟོག་པ་སྐོར་ཞིག་གིས་རྗེས་འདེད་གཏོང་གི་ཡོད། སྐུ་ཞབས་ཕུ་ཀྲི་ཆང་ལགས་ཀྱང་ངའི་བརྒྱུད་རིམ་དེ་དང་གཅིག་མཚུངས་ཀྱི་མནར་གཅོད་དང་སུན་གཙེར་བཟོ་ངེས་རེད།

 

ཐོག་མ་ང་ཕུ་ཀྲི་ཆང་ལ་ཐུག་འཕྲད་བྱས་དུས་ ༢༠༠༩ ལོའི་དབྱར་ཁ་ཞིག་རེད། སྐབས་དེར་ཁོང་གིས་སི་ཁྲོན་གྱི་རྩོམ་པ་པོ་ཐན་ཙའོ་རིན་ (Tan Zuoren) གྱི་ཁྲིམས་རྩོད་པ་བྱེད་ཀྱི་འདུག ངས་སྐུ་ཞབས་ཐན་ཙའོ་ངོ་ཤེས་ཀྱི་མེད་ཀྱང་། ཁོས་ང་དང་འདྲ་བར་མི་དམངས་ཀྱི་ཁེ་དབང་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད། ངེད་གཉིས་ཀྱིས་དྲང་བདེན་ཞིག་ཕྱིར་འདོན་བཞིན་ཡོད་པ་ནི། ༢༠༠༨ ལོའི་ཟླ་ ༥ ནང་ཝིན་ཁྲོན་ས་ཡོམ་ཁྲོད་སློབ་ཁང་བརྡིབས་ཏེ་སློབ་གྲྭ་ཆུང་འབྲིང་གི་སློབ་ཕྲུག་ ༥༠༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་རེད། གནོད་སྐྱོན་དེ་འདྲའི་ཆེན་པོ་བྱུང་སའི་རྒྱུ་རྐྱེན་གཙོ་བོ་གཅིག་སློབ་གྲྭའི་ཁང་རྩེག་གི་རྒྱུ་ཆ་སྐྱོ་བའི་གནད་དོན་ཞིག་ཡིན་པ་དང་། སྐུ་ཞབས་ཐན་གྱིས་ཞིབ་འཇུག་གི་གྲུབ་འབྲས་དྲ་རྒྱའི་ཐོག་ལ་བཀོད་རྗེས་ཉེན་རྟོག་པས་འཛིན་བཟུང་བྱས་པ་རེད།

 

ཉིན་གཅིག་ཐན་གྱི་ཁྲིམས་རྩོད་པ་ཕུ་ཀྲི་ཆང་ངའི་ལས་ཁུངས་ནང་ཡོང་སྟེ་བསམ་འཆར་རྗེས་རེས་བྱས་སོང་། ཁོ་ནི་གཟུགས་པོ་ཅུང་རིང་ཞིང་ཆེ་བའི་བྱང་ཕྱོགས་ཀྱི་མི་ཞིག་རེད། སྐད་གསང་གསལ་ཞིང་བག་ཕེབས་པ་ཞིག་རེད་འདུག ཁོས་ང་ལ་གལ་སྲིད་ཁྱོད་ཀྱིས་ང་ལ་དཔང་མི་བྱས་པ་ཡིན་ན། ངའི་ཞིབ་འཇུག་གྲུབ་འབྲས་ཀྱིས་སྐུ་ཞབས་ཐན་ལ་ཁྲིམས་ཀྱི་སྲུང་སྐྱོབ་ལ་ཁེ་ཕན་ཡོད་པ་བརྗོད་བྱུང་། ཁོའི་བློས་གཏོང་གིས་ང་ལ་སེམས་འགུལ་ཐེབས་སོང་། ངས་ཐེ་ཚོམ་མེད་པར་མོས་མཐུན་བྱས་པ་ཡིན།

 

སྐུ་ཞབས་ཐན་ཁྲིམས་བཤེར་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༣ པའི་སྟེང་། ཉེན་རྟོག་པ་གློ་བར་དུ་ང་སྡོད་སའི་མགྲོན་ཁང་དུ་བསླེབས་ནས་སྔོག་བཤེར་བྱས་པའི་མི་ཚད། ཐན་གྱི་ཁྲིམས་བཤེར་མཇུག་སྒྲིལ་བའི་བར། ང་དང་ངའི་ལས་གྲོགས་རྣམས་གདུག་རྩུབ་འོག་བཀག་ཉར་བྱས་སོང་། ངའི་མགོ་ལ་རྨས་སྐྱོན་ཕོག་སྟེ་སྲོག་ལ་ཉེན་ཁ་བཟོས་པ་རེད། ཀྲི་ཆང་གིས་ནུས་པ་ཡོད་ཚོད་བཏོན་ཡང་། སྐུ་ཞབས་ཐན་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

 

རྒྱ་ནག་ཏུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་རྩོད་ལེན་བྱེད་པའི་རང་དབང་གི་ཁྲིམས་རྩོད་པ་ཉུང་དྲགས་པའི་དཀའ་ངལ་འཕྲད་ཀྱིན་ཡོད་ཀྱང་ཕུ་ཀྲི་ཆང་དེ་དག་དང་ཡང་གཏན་ནས་མི་འདྲ།

 

༡༩༨༩ ལོར་པེ་ཅིན་ཆབ་སྲིད་སློབ་ཆེན་གྱི་སློབ་མ་ཡིན་པའི་ཕུ་ཀྲི་ཆང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཟས་བཅད་ངོ་རྒོལ་བྱས་ཡོད། ཁོས་ང་ལ་སྲིད་གཞུང་གིས་འཁྲབ་ལྡན་འཁོར་ལོ་གྲོང་ཁྱེར་དུ་གཏོང་རྒྱུའི་བཀའ་ཁྱབ་བསྒྲགས་བྱས་པའི་དགོང་མོ་དེར། ཁོ་དང་སྨན་སློབ་བུ་མོ་ཞིག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་ཕྱིར་ལོགས་མཁན་མཐའ་མ་དེ་ཡིན་པ་དང་། ཁོ་གཉིས་ཕྱིར་མལ་ཁང་དུ་འགྲོ་སྐབས་སྲིང་ལམ་ཞིག་ནས་མགོ་འཁོར་ནས་ལམ་ཁ་བརླག་འདུག དེ་ཁོ་གཉིས་རླུང་རྟ་རྒྱུག་པ་རེད། སྲིང་ལམ་དཀྱིལ་མ་རུ་དམག་དཔུང་གིས་ངོ་རྒོལ་བ་ཚོར་གང་བྱུང་མེ་མདའ་བརྒྱབ་པ་དེར་གཡོལ་ཐུབ་ཡོད་པ་རེད། བུ་མོ་དེ་རྗེས་སུ་ཕུ་ཀྲི་ཆང་གི་བཟའ་ཟླ་རུ་གྱུར་འདུག

 

ཕུ་ཀྲི་ཆང་གིས་སྲིད་གཞུང་ལ་དྲུག་བཞིའི་དོན་རྐྱེན་དཀར་འདོན་བྱ་དགོས་པའི་འབོད་སྐུལ་མཚམས་འཇོག་མྱོང་ཡོད་པ་མ་རེད། ལོ་སྔོན་མའི་ཕྱི་ཟླ་ ༥ ནང་དྲུག་བཞིའི་དོན་རྐྱེན་ལོ་ངོ་ ༢༥ འཁོར་བའི་སྒེར་གྱི་རྗེས་དྲན་མཛད་སྒོ་ཞིག་གི་སྟེང་ཁོ་འཛུལ་བཞུགས་བྱས་རྗེས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ང་དང་ཁོའི་གྲོགས་པོ་ཚང་མས་ཁོ་དུས་ཡུན་འདི་འདྲའི་རིང་ཁྲིམས་བཤེར་མི་བྱེད་པར་བཀག་བསྐྱིལ་བྱེད་སྲིད་པ་ཡིད་ལའང་འཁོར་མ་སོང་། བཙོན་འཇུག་བྱས་པའི་དུས་ཡུན་རིང་གཞུང་གི་ཞིབ་བཤེར་མི་སྣ་ཚོས་ཁོའི་ལས་གྲོགས་ལ་ཞིབ་ཕྲའི་དྲི་བཅོད་བྱས་ཡོད་པ་མ་ཟད། ཁྲིམས་རྩོད་ལས་དོན་ཁང་གི་རྩིས་ཁྲའི་ཟིན་ཐོ་ཡོངས་རྫོགས་ཞིབ་བཤེར་བྱས་འདུག ཁོ་ཚོས་དཔལ་འབྱོར་གྱི་ཉེས་མིང་འོག་སྐྱོན་འདོན་ཞུ་གཏུག་བྱ་རྒྱུའི་རེ་ངན་བཅངས་ཡོད་ཀྱང་ཐབས་ལམ་དེར་ཕམ་ཁ་བྱུང་རྗེས། བསྐྱར་དུ་ཕུ་ཀྲི་ཆང་གིས་ཝེ་པའོ་དྲ་རྒྱའི་སྟེང་བཀོད་པའི་ཡི་གེ་དེ་དག་བེད་སྤྱོད་བྱས་པ་རེད།

 

ཕུ་ཀྲི་ཆང་ནི་ཁྱད་དུ་འཕགས་པ་ཞིག་ཡིན་ཡང་ཁོའི་གྱོད་དོན་དེ་འདྲ་མ་རེད། ཁོ་འཛིན་བཟུང་བྱས་རྗེས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་མང་པོ་ཞིག་ཡལ་སོང་། མང་ཚོགས་དང་ཁོ་ཚོའི་ནང་མི་ཚོས་ཕུ་ཀྲི་ཆང་གང་ཞིག་ཏུ་འཁྲིད་ཡོད་པའང་མི་ཤེས། ང་ཚོའི་སེམས་ངོར་གསལ་བོར་འཆར་ཐུབ་པ་ཞིག་ནི། ཅིང་མི་འགོར་བར་ཁྲིམས་རྩོད་པ་འདི་དག་ཀྱང་ཕུ་ཀྲི་ཆང་དང་འདྲ་བར་ཁྲིམས་བཤེར་བྱས་ཏེ་ཉེས་པ་ཡོད་པའི་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་དེ་རེད།

 

འཛམ་གླིང་ཡོངས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ནུས་སྟོབས་གླེང་བཞིན་པའི་སྐབས་འདིར། དཔལ་འབྱོར་འཕེལ་རྒྱས་དེ་ཡང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ལས་བྱུང་བ་བརྗེད་མི་རུང་། ཡིད་སྐྱོ་བ་ཞིག་ལ་རྒྱལ་ཁབ་ཕྱི་ནང་གཉིས་སུ་མི་མང་པོ་ཞིག་གིས་རྒྱ་ནག་གི་ཁྲིམས་འཛིན་ཁང་གིས་དམར་ཤོག་ཚོགས་པའི་དབང་ཤུགས་ལ་མགོ་སྒུར་དགོས་པ་ངོས་ལེན་བྱེད་ཀྱིན་འདུག

 

འོན་ཀྱང་། ངས་སྦྲིད་སྣང་དང་གོམས་གཤིས་རིགས་ལ་ངོས་ལེན་བྱེད་ཀྱིན་མེད། དེ་བཞིན། རྒྱ་ནག་ཏུ་འདོད་པ་མེད་བཞིན་དུ་དང་ལེན་བྱེད་དགོས་པ་ཞིག་རེད་ཀྱང་བསམ་གྱི་མེད།

 

ཕུ་ཀྲི་ཆང་ལ་ཁྲིམས་བཤེར་བྱེད་སྐབས་ཁྲིམས་ཁང་ཕྱི་ལོགས་སུ་རྒྱ་ནག་གི་རྒྱབ་སྐྱོར་བ་དང་། ཕྱི་གླིང་བའི་སྙིང་སྟོབས་ཀྱིས་ཉེན་རྟོག་པའི་ཟིང་ཆ་ལ་གདོང་ལེན་བྱས་ནས་འདུ་འཛོམས་བྱུང་། ཁོ་ཚོས་ཕུ་ཀྲི་ཆང་ལ་རྒྱབ་སྐྱོར་བྱེད་སྟངས་དེས་ང་ལ་རེ་བ་བསྐྲུན་སོང་། མི་ཞིག་གི་མི་ཚེའི་ནང་སྐད་ཤུགས་ཆེན་པོ་ཐེངས་གཅིག་བརྒྱབ་པ་ཡིན་ན། སྟོབས་ཆེན་གཞུང་གི་སྒྲིག་འཛུགས་ཀྱི་འཇིགས་སྐུལ་ལ་གདོང་ལེན་དང་། ང་ཚོ་འཇིགས་སྐྲག་ལས་རྒྱལ་ཐུབ་པ་དང་བཙན་ཤེད་སྲིད་དབང་དེ་ལའང་འགྱུར་བ་གཏོང་ཐུབ།

 

མ་རྩོམ། http://cn.nytimes.com/opinion/20151224/c24iht-edai/dual/

འབྲེལ་ཡོད་གསར་འགྱུར།

strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

སྐར་མ ༣༥ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

༢༠༢༦/༠༧/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese