ཉེ་ལམ་ཨ་རིའི་ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་རྒན་པདྨ་འབུམ་ལགས་འདི་ག་བོད་ཀྱི་དུས་བབ་གསར་ཁང་དུ་ཕེབས་པ་དང་བསྟུན་ཏེ་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཀྱིས་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུས།
དོན་འགྲུབ་བཀྲ་ཤིས། རྒན་ལགས་ལ་མཚོན་ན། ད་བར་གྱི་མི་ཚེ་རིང་རྩོམ་རིག་དང་དཔེ་དེབ་ལ་ཁ་བྲལ་ཡོད་པ་མ་རེད་ལབ་ཆོག་པ་ཞིག་རེད། ད་ལྟའི་ཆར་དྲ་ཚིགས་དང་བརྙན་འཕྲིན། གློག་ཀླད་དང་ཁ་པར་སོགས་བརྒྱུད་ལམ་ཇེ་མང་དང་སྟབས་ཇེ་བདེར་སོང་བ་དང་བསྟུན་ཏེ་དེབ་དང་ཚགས་པར་ཀློག་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། བོད་ཀྱི་རྩོམ་པ་པོ་ཚོའི་ངོས་ནས་དེ་ལ་འབབ་པའི་གྲ་སྒྲིག་དང་གདོང་ལེན་བྱེད་ཕྱོགས་ཐོག་དགོངས་འཆར་གང་འདྲ་ཡོད་དམ།
པདྨ་འབུམ། གལ་སྲིད་འདི་དཀའ་ངལ་ཞིག་ཡིན་ན་འདི་ནི་འཛམ་གླིང་གི་དཀའ་ངལ་ཞིག་རེད། ང་ཚོའི་བོད་པ་གཅིག་པོའི་དཀའ་ངལ་མ་རེད། ལོ་ཁ་ཤས་ཀྱི་སྔོན་ལ་འཛམ་གླིང་གི་ཚགས་པར་ཆེ་ཤོས་ནེའུ་ཡོག་གི་དུས་བབ་ཀྱང་ཤོག་ཐོག་གི་པར་གཞི་ཉོ་མཁན་ཇེ་ཉུང་དུ་ཕྱིན་པའི་གནས་ཚུལ་ཞིག་ཐོན་སོང་། སྤྱིར་བཏང་བོད་ཀྱི་སྐད་ཡིག་དར་སྤེལ་གྱི་ཐད་ནས་བཤད་ན། དྲ་ཚིགས་དང་བརྙན་འཕྲིན། གློག་ཀླད་དང་ཁ་པར་སོགས་ཀྱིས་ཕན་ཐོགས་ཡོད་པ་རེད་མ་གཏོགས་གནོད་བསྐྱལ་ཡོད་པ་མ་རེད། སྐད་ཡིག་གི་ཤི་གསོན་ལ་སེམས་ཁུར་མི་དགོས་པའི་དབྱིན་སྐད་ལྟ་བུ་ཞིག་ཡིན་ན་ཤོག་ཐོག་ནས་ཀློག་པ་ཇེ་ཉུང་དུ་འགྲོ་བ་ལ་སེམས་ཁུར་བྱེད་ལོས་ཆོག ང་ཚོའི་བོད་ཀྱི་སྐད་ཡིག་ནི་དེ་ལྟར་མ་རེད། ཤི་གསོན་གྱི་འགག་རྩ་ལ་སླེབས་ནས་བསྡད་ཡོད་དུས། གསོན་ལམ་ཞིག་རྙེད་ན་དེ་ལ་ཤི་འཐམ་རོ་འཐམ་བྱེད་དགོས་པ་རེད། དྲ་ཚིགས་དང་སྐད་འཕྲིན་ལྟ་བུ་སོགས་ནི་ང་ཚོའི་སྐད་ཡིག་གི་གསོན་ལམ་ཕྲ་མོ་ཞིག་ཡིན་པ་གསལ་པོ་རེད། ཡིན་ནའང་ང་ཚོས་ཀྱང་གྲ་སྒྲིག་བྱེད་དགོས་པ་དང་གོ་སྐབས་དམ་འཛིན་བྱེད་དགོས་ས་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག
དོན་འགྲུབ་བཀྲ་ཤིས། བོད་ནང་གི་གཞི་རིམ་སློབ་གྲྭའི་ནང་རྩོམ་རིག་གི་མཁའ་དབུགས་ཤུགས་ཆེན་པོ་ཡིན་སྟབས། སློབ་གྲྭ་ཆུང་འབྲིང་མཐར་ཕྱིན་ཏེ་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་སྐབས། སྐད་ཡིག་དང་ཚན་རིག་གཉིས་ལས་སྐད་ཡིག་ནང་འགྲོ་མཁན་མང་པོ་རེད། སྐད་ཡིག་ནང་ཕྱིན་ན་རྩོམ་རིག་ཤུགས་ཆེན་པོ་རེད། ཁོ་ཚོ་སློབ་ཆེན་ཐོན་ན་དགེ་རྒན་གྱི་བྱ་བ་བཙལ་ནས་བསྐྱར་དུ་རྩོམ་རིག་སློབ་ཁྲིད་གནང་མཁན་ཆགས་ཀྱི་ཡོད་པ་རེད། བོད་ནང་གི་སློབ་ཕྲུག་ཚོའི་དགའ་ཕྱོགས་ཟེར་ན་འདྲ། སློབ་སྦྱོང་གི་ཁ་ཕྱོགས་དེར་གཟིགས་སྟངས་གང་འདྲ་ཡོད།
པདྨ་འབུམ། དེའི་ཡོང་རྐྱེན་གཙོ་ག་རེ་རེད་ཟེར་ན། ང་ཚོ་རྒྱུན་རིང་པོར་ཤེས་རིག་ཁྱབ་ཁོངས་ཧ་ཅང་དོག་མོ་ཞིག་གི་ནང་ལ་བསྡད་ཡོད་པ་རེད། རིག་གནས་གནས་ཆེ་ཆུང་ལྔ་ཟེར་བ་དེའི་ནང་ལ་འཇིག་རྟེན་གྱི་ཤེས་ཡོན་ཆ་ཚང་ཡོད་པ་ལྟ་བུ་ཞིག་ངོས་འཛིན་བྱས་ནས་བསྡད་པ་རེད། རིག་གནས་གསར་བརྗེ་ཆེན་པོའི་རྗེས་ནས་ཤེས་རིག་གི་རྒྱ་ཁྱོན་ཇེ་ཆེར་གཏོང་བའི་གོ་སྐབས་ཤིག་སླེབས་པ་རེད་དེ། དེའི་སྔོན་ལ་གུ་དོག་པོ་ཡིན་སྟབས་རྒྱ་ཆེན་པོ་དེའི་ནང་ལ་འཛུལ་ཐུབ་ཡོད་པ་རེད། དཔེར་ན། ང་སྔོན་མ་ལོ་རབས་བདུན་ཅུའི་ནང་ལ་འབྲིང་རིམ་སློབ་གྲྭའི་རྩིས་རིག་དགེ་རྒན་རེད། ༡༩༧༨ ལོ་ཡས་མས་ཤིག་ལ་ང་སློབ་གྲྭ་ཆེན་མོར་འགྲོ་རྩིས་བྱས་ཀྱང་འགྲོ་ཐུབ་མ་སོང་། དེ་གང་རེད་ཟེར་ན། སྐབས་དེར་རྨ་ལྷོ་སོག་རྫོང་ཡོངས་སུ་འབྲིང་རིམ་རྩིས་རིག་དགེ་རྒན་ང་དང་དཀོན་མཆོག་ཟེར་བ་ཞིག་མ་གཏོགས་ཡོད་པ་མ་རེད། ངེད་གཉིས་ཕྱིན་སོང་ན་ཧ་ལམ་རྩིས་རིག་སློབ་ཁྲིད་མཚམས་འཇོག་དགོས་པ་ཆགས་ཡོད། ངེད་གཉིས་ཀྱི་རྩིས་རིག་གི་གནས་ཚད་ཡག་པོ་ཡོད་པ་རེད་དམ་ཟེར་ན་ཁྱོན་ནས་ཡོད་པ་མ་རེད། ངེད་གཉིས་ཀྱིས་དམའ་འབྲིང་གི་རྩིས་རིག་དེབ་གཅིག་གཉིས་རེ་ལས་སྦྱངས་ཡོད་པ་མ་རེད། སྐབས་དེའི་གནས་སྟངས་དེ་འདྲ་རེད། དེའི་རྗེས་ལ་ཡར་རྒྱས་སུ་སོང་ཡོད་པ་རེད་དེ། ང་ཚོ་རྗེས་ལུས་ནས་ཡར་རྒྱས་སུ་སོང་བ་རེད། གཞན་པ་ཚོ་ཡར་རྒྱས་ནས་ཡར་རྒྱས་སུ་ཕྱིན་པ་རེད། ང་ཚོ་དང་གཞན་པ་གཉིས་ཀྱི་བར་ཐག་དེ་ཇེ་ཆུང་ལ་སོང་ཡོད་པ་མ་རེད། གནས་སྟངས་དེའི་འོག་ནས་ཡོང་བའི་བོད་པའི་སློབ་ཕྲུག་ཚོས་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་སྐབས་ཤེས་རིག་ཁྱབ་ཁོངས་མང་པོ་ནས་མི་རིགས་གཞན་པ་ལ་འགྲན་ཐབས་མེད་པའི་བར་ཐག་དེ་སྔར་བཞིན་གནས་ཡོད་པ་རེད།
དོན་འགྲུབ་བཀྲ་ཤིས། བོད་ནང་ལོ་རབས་དགུ་བཅུའི་དཀྱིལ་ཙམ་ནས་སྙན་ངག་གི་མཐོ་རླབས་འདྲ་བོ་ཞིག་འཕྱུར་ཏེ། ད་ལྟ་ད་དུང་སློབ་གྲྭ་ཁག་དང་གཞོན་སྐྱེས་ཚོའི་ཁྲོད་སྙན་ངག་འབྲི་མཁན་ཧ་ཅང་མང་པོ་འདུག བོད་པའི་གཞོན་སྐྱེས་ཚོས་དོ་སྣང་བྱེད་སའི་ཁ་ཕྱོགས་ཟེར་ན་འདྲ། ད་ལྟའི་འགྲོ་རྒྱུག་ཆེ་བའི་བོད་པའི་རྩོམ་རིག་གི་ཁ་ཕྱོགས་ལ་གཟིགས་ཚུལ་གང་འདྲ་ཡོད།
པདྨ་འབུམ། ང་ཚོའི་བོད་ཀྱི་སྐད་ཡིག་ལ་སྙན་ངག་འདི་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད། རིག་གནས་གསར་བརྗེ་ཆེན་པོའི་རྗེས་ལ་ང་ཚོའི་གཞོན་སྐྱེས་པའི་ཁྲོད་ལ་སྙན་རྩོམ་འབྲི་བའི་རྦ་རླབས་ཤིག་འཕྱུར་བ་རེད། རྦ་རླབས་དེ་ལ་བརྟེན་ནས་ང་ཚོའི་ཡིག་སྐད་ལ་ཡང་སྐྱར་གསོན་སྟོབས་ཤིག་ཞུགས་མགོ་བརྩམས་པ་རེད། དེང་སང་ཡང་རྩོམ་པ་པོའི་ཁྲོད་ན་སྙན་ངག་འབྲི་མཁན་ཆེས་མང་པོ་རེད། བོད་པའི་རྩོམ་རིག་ལོ་རྒྱུས་ཐོག ད་ལྟའི་སྙན་ངག་པའི་གྲངས་ཚད་འདི་ལྟ་བུ་ཞིག་བྱུང་མྱོང་ཡོད་རྒྱུ་མ་རེད། སྙན་ངག་མཁན་དང་སྙན་རྩོམ་མང་དྲགས་ནས་བོད་ཀྱི་རྩོམ་རིག་གི་གནས་སྟངས་དེ་དོ་མ་མཉམ་པ་ཞིག་ཏུ་གྱུར་ཡོད་པ་རེད། ལོ་རབས་དགུ་བཅུའི་ནང་ལ་གོ་དཀའ་བའམ་ཡང་ན་གོ་རྒྱུ་མེད་པའི་སྙན་རྩོམ་མང་པོ་ཞིག་བྲིས་ནས་ཡོང་བ་རེད། ད་དུང་སྙན་ངག་འདི་ད་ལྟ་མ་གོ་ཡང་མ་འོངས་པ་ཞིག་གོ་བའི་དུས་སྐབས་ཤིག་ཡོང་རྒྱུ་ཡོད་པར་རློམ་མཁན་ཡང་བྱུང་བ་རེད། སྙན་ངག་ཞིག་མ་གོ་ན་དེ་སྙན་ངག་གི་སྐྱོན་མ་རེད། གོ་རྒྱུ་མེད་པ་དེའང་སྙན་ངག་གི་རྩོམ་སྟངས་ཤིག་ཡིན་པར་ངོས་འཛིན་མཁན་བྱུང་པ་རེད། སྙན་ངག་ལ་གོ་རྒྱུ་མེད་དུས་སྙན་ངག་ལ་བཟང་ངན་དབྱེ་བ་བཤད་རྒྱུ་ཡང་མེད་པར་གྱུར་བ་དང་། དེའི་འབྲས་བུར་སྙན་ངག་ལ་སྟངས་འཛིན་བྱེད་ཐབས་མེད་པར་གྱུར་བ་རེད། བར་སྐབས་ཤིག་ལ་སྙན་ངག་མཁན་དང་སྙན་རྩོམ་གྱི་གྲངས་ཀ་མང་དུ་འཕེལ་བའང་འདི་ལ་འབྲེལ་བ་ཡོད་རྒྱུ་རེད་བསམ་གྱི་འདུག
དེང་སང་སྙན་རྩོམ་དེའི་གྲས་ཇེ་ཉུང་དུ་འགྲོ་བཞིན་འདུག ངས་ཁ་རྩང་དེ་རིང་མཚམས་མཚམས་ལ་སྐད་འཕྲིན་ཐོག་ན་སྙན་རྩོམ་ཀློག་གི་ཡོད། གོ་རྒྱུ་མེད་པའི་སྙན་རྩོམ་དེ་འདྲ་མཐོང་མ་སོང་། ངའི་མཐོང་སྣང་ཞིག་ལ་ད་ནི་བོད་རང་གི་སྙན་ངག་གི་རྩོམ་ལམ་གསར་པ་ཞིག་རྙེད་ཀྱི་ཡོད་པ་འདྲ་ཞིག་འདུག ད་ལྟ་ཚོའི་སྙན་ངག་མཁན་རྣམས་ཀྱིས་རང་གི་སྲོལ་རྒྱུན་སྙན་རྩོམ་གྱི་རྩོམ་སྟངས་སླར་གསོ་དང་མི་རིགས་གཞན་པའི་སྙན་རྩོམ་ལ་མྱོང་ཚོར་བྱས་ཤིང་། ད་དུང་དེ་དག་ལས་ལེགས་ཆ་རེ་ལེན་ཨེ་ཐུབ་བལྟས། ཐ་ན་གཞན་ལ་ལད་ཟློས་རེ་བྱེད་ཞོར་དུ་རང་གི་རྩོམ་ལམ་གསར་པ་བཙལ་བཙལ་བའི་མཐའ་མར། ད་ལྟ་བོད་རང་གི་སྙན་རྩོམ་གྱི་རྩོམ་སྟངས་གསར་པ་ཞིག་ཆགས་ཀྱི་ཡོད་པ་འདྲ་ཞིག་མཐོང་གི་འདུག ཡིན་ན་ཡང་ད་བར་སྙན་ངག་བྲིས་པ་མང་དྲགས་ནས་མི་རྣམས་དེ་ལ་སུན་ཏེ་སྙན་ངག་གི་འགྱུར་བ་གསར་པ་དེར་དོ་སྣང་སླེབ་ཀྱི་མེད་པ་འདྲ།
དོན་འགྲུབ་བཀྲ་ཤིས། སྙན་ངག་པ་འགའ་རེ་ཡིས་སྒྱུ་རྩལ་རྩོམ་རིག་ཡིན་ན་ཁ་གསལ་ཐག་ཆོད་པ་དང་ཐད་ཀར་གོ་ཐུབ་པ་ཞིག་ཆགས་ན། དེས་ཀློག་པ་པོར་བསམ་གཞིག་གི་བར་སྟོང་སྟེར་ཐུབ་ཀྱི་མེད་སྟབས། རྩོམ་རིག་དེར་སྒྱུ་རྩལ་གྱི་ཆ་ཞན་པོ་ཡིན་པའི་ངོས་འཛིན་གནང་མཁན་འདུག དེར་བརྟེན། སྐུ་ཉིད་ཀྱིས་སྤྱིར་བཏང་གི་རྩོམ་རིག་དང་སྒྱུ་རྩལ་རྩོམ་རིག་གཉིས་བར་གྱི་ཁྱད་པར་གང་ལ་ངོས་འཛིན་གནང་གི་ཡོད་དམ།
པདྨ་འབུམ། རྩོམ་པ་པོ་སྒེར་གྱི་རྩོམ་གཤིས་ལ་རྩོམ་ཁ་དམ་ལྷོད་ཡོད་པ་དང་། གོ་དཀའ་སླ་དེ་འདྲ་ཡོང་གི་ཡོད་པ་རེད། དེ་ནི་རང་བཞིན་གྱི་རྩོམ་རིག་གི་སྣང་ཚུལ་ཞིག་རེད། ཡིན་ན་ཡང་རྩོམ་པ་པོ་ཞིག་གིས་སྒྱུ་རྩལ་ལ་ཁ་གཡར་ནས་གོ་རྒྱུ་མེད་པ་ཞིག་བྲིས་ན་དེ་སྒྱུ་རྩལ་ཡིན་པའི་ངེས་པ་ཡོད་རྒྱུ་མ་རེད། མི་ཀུན་གྱིས་གོ་ཐུབ་ཅིང་སྒྱུ་རྩལ་གྱི་ཚད་མཐོན་པོ་ཡིན་པའི་བརྩམས་ཆོས་མང་པོ་ཡོད་པ་རེད། སྤྱིར་བཏང་སྒྱུ་རྩལ་གྱི་ཚད་མཐོ་ཞིང་གོ་མི་ཐུབ་པའི་བརྩམས་ཆོས་ཡོད་པ་བདེན་ན་ཡང་། གྲངས་ཀའི་ཐོག་ནས་བསྡུར་ན་སྒྱུ་རྩལ་གྱི་ཚད་མཐོ་ཞིང་གོ་ཡང་ཐུབ་པའི་བརྩམས་ཆོས་མང་པོ་ཡིན་རྒྱུ་རེད། ང་ཚོ་བོད་པའི་སྙན་ངག་པ་ཉུང་ཤས་ཤིག་ལ་འདི་ནས་གོ་ལོག་ཅིག་ཐེབས་ཀྱི་མེད་འགྲོ་བསམ་གྱི་འདུག ཁོང་ཚོས་སྒྱུ་རྩལ་གྱི་ཚད་མཐོ་དགོས་ན་གོ་མི་ཐུབ་པ་ཞིག་འབྲི་དགོས་པར་སྙམ་སྟེ་གོ་མི་ཐུབ་པ་ཞིག་འབྲི་རྒྱུར་འབད་བརྩོན་བྱེད་ཀྱི་མེད་དམ་བསམ་གྱི་འདུག སྒྱུ་རྩལ་ཞེས་པ་འདི་ཕྱོགས་དུ་མ་ནས་གོ་བ་ལེན་རྒྱུ་ཡོད་ན་ཡང་། གཙོ་བོ་ཞིག་ནི་ཀློག་པ་པོ་ཡི་སེམས་འགུག་པའི་ནུས་པ་རེད། མི་ཡི་ཡིད་སེམས་ཅི་ཙམ་གྱིས་འགུག་ཐུབ་ན་དེ་ཙམ་གྱི་སྒྱུ་རྩལ་གྱི་ཚད་མཐོ་བར་ཆ་འཇོག་བྱེད། སྤྱིར་བཏང་བཤད་ན། དང་པོ་གོ་བར་བྱེད་རྒྱུ་རེད། དེ་ནས་སྒྱུ་རྩལ་གྱི་ནུས་པ་འདོན་རྒྱུ་དེ་རེད། མ་གོ་ན་སྒྱུ་རྩལ་ནུས་པ་ཐོན་མི་ཐུབ་པ་དེ་ཡང་གསལ་པོ་རེད།
ཡང་བརྩམས་ཆོས་ཤིག་གོ་སླ་ན་ཀློག་པ་པོ་ལ་བསམ་གཞིག་གི་བར་སྟོང་ཡོད་པ་མ་རེད་ཟེར་རྒྱུ་ཞིག་འདུག ངས་རྩོམ་པ་པོ་གཉིས་དཔེ་འཇོག་བྱེད། གཅིག་ནི་ང་ཚོ་ཀུན་གྱིས་ཤེས་པའི་དབྱིན་ཇིའི་རྩོམ་ཧྲ་ཁི་སི་པ་ཡ་ཟེར་བ་དེ་རེད། ཕལ་ཆེར་ལོ་བརྒྱ་ཕྲག་དུ་མའི་སྔོན་གྱི་མི་རེད། ཁོའི་བརྩམས་ཆོས་རྣམས་གོ་གི་ཡོད་པ་མ་ཟད་གོ་ནས་ཟློས་གར་དུ་འཁྲབ་ཀྱི་ཡོད་པ་རེད། མི་རྣམས་ཀྱིས་ཁོང་བརྩམས་ཆོས་ཀློག་པ་དང་ཟློས་གར་ལ་བལྟས་ནས་གོ་བ་མ་ཟད། ངུ་ཤོར་བ་དང་ཁོང་ཁྲོ་ལངས་པ་སོགས་ཀྱི་སེམས་ཚོར་དྲག་པོ་ཡང་ཡོང་གི་ཡོད་པ་རེད། ཡིན་ན་ཡང་ཁོང་གི་བརྩམས་ཆོས་བགྲོ་གླེང་མོལ་ད་བར་དུ་མཚམས་ཆད་མྱོང་ཡོད་པ་མ་རེད། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ་བཤད་མ་ཚར་སྟབས་རྩོམ་པ་པོ་ལ་ “བཤད་མི་ཚར་བའི་ཧྲ་ཁི་སི་པི་ཡ་”ཞེས་བརྗོད་པ་རེད། རྩོམ་པ་པོ་གཞན་པ་ཞིག་ནི་རྒྱ་ནག་རྩོམ་པོ་ལུའུ་ཞུན་རེད། དེའི་བརྩམས་ཆོས་ཀྱི་ཚིག་དོན་མ་གོ་ཟེར་རྒྱུ་ཡོད་པ་མ་རེད། ཡིན་ན་ཡང་དེ་ཡང་ལོ་ངོ་བརྒྱ་ཙམ་གྱི་ཡུན་ལ་བཤད་ནས་མ་ཚར་བསྡད་ཡོད་པ་རེད། བཤད་མ་ཚར་བ་དེ་ག་རེ་རེད་ཟེར་ན་བསམ་གཞིག་གི་བར་སྟོང་ཟེར་བ་དེ་རེད། ཁྱེད་ཀྱིས་བརྩམས་ཆོས་ཤིག་གི་ཚིག་དོན་གོ་དུས་བསམ་བློ་གཏོང་རྒྱུ་མེད་སོང་བ་མ་རེད། དངོས་གནས་བཤད་ན། ཚིག་དོན་གོ་ཚར་བའི་རྗེས་ལ་བསམ་གཞིག་གི་མཚམས་འཇོག་མི་ཐུབ་དུས་སྒྱུ་རྩལ་གྱི་ནུས་པ་ཞིག་མངོན་པ་རེད། གོ་དཀའ་བ་དང་གོ་རྒྱུ་མེད་པས་བསམ་གཞིག་གི་བར་སྟོང་ཟེར་བ་བསྐྲུན་ན་ཐང་། ཚིག་དོན་གོ་སླ་བ་ལ་བརྟེན་ནས་བསམ་གཞིག་གི་བར་སྟོང་ཡལ་འགྲོ་བ་དེ་འདྲ་མ་རེད་བསམ་གྱི་འདུག
དོན་འགྲུབ་བཀྲ་ཤིས། ང་ཚོ་བོད་པའི་སློབ་གྲྭ་ཁག་ཏུ་སྙན་ངག་ལ་སློབ་སྦྱོང་བྱེད་སྐབས། སྙན་ངག་མེ་ལོང་མའི་གཞུང་སྦྱོང་གི་ཡོད་པ་རེད། རྗེས་ལ་རྩོམ་པ་པོ་ཆགས་ཏེ་སྙན་ངག་འབྲི་སྐབས་མེ་ལོང་མའི་གཞུང་ལྟར་སྙན་ངག་འབྲི་མཁན་ཧ་ལམ་ཡོད་པ་མ་རེད། བོད་པའི་སློབ་ཕྲུག་ཚོས་སྙན་ངག་མེ་ལོང་མ་སྦྱངས་བར་དགེ་སྐྱོན་གང་དག་གཟིགས་ཀྱི་ཡོད་པ་དང་། གལ་སྲིད་སྐྱོན་ཡོད་པར་གཟིགས་ཀྱི་ཡོད་ན། དེའི་ཚབ་ཏུ་རྩོམ་རིག་ག་རེ་སྦྱང་དགོས་པར་མཐོང་གི་ཡོད།
པདྨ་འབུམ། ངས་དྲི་བ་དེར་ལན་མ་བརྒྱབ་སྔོན་ལ་གནས་ཚུལ་ཞིག་བཤད། ང་ཉེ་ཆར་ཨི་སི་རིལ་གྱི་རྒྱལ་ས་(Jerusalem)ལ་སྙན་ངག་མེ་ལོང་མའི་སྐོར་གྱི་ཚོགས་འདུ་ཞིག་ལ་སོང་བ་ཡིན། བདུན་ཕྲག་གཅིག་རིང་ཚོགས་སོང་། ཚོགས་འདུའི་བརྗོད་གཞི་ (ཨེ་ཤ་ཡའི་ནང་གི་ཌན་ཊི)ཟེར་བ་ཞིག་རེད། སློབ་དཔོན་དབྱིག་པ་ཅན་ཟེར་ན་འདྲ། སློབ་དཔོན་དན་ཊིའི་སྙན་ངག་མེ་ལོང་མ་དེ་རྒྱ་གར་དང་བོད་ཙམ་མ་རེད། ཨེ་ཤ་ཡའི་རྒྱལ་ཁབ་སིང་གྷ་ལ་དང་འབར་མ། རྒྱ་ནག ཉི་ཧོང་། སོག་པོ་སོགས་སུའང་ཤུགས་རྐྱེན་གང་ལ་གང་འཚམ་ཐེབས་འདུག ཡིན་ནའང་སྐད་ཡིག་དེ་དག་ནང་སངས་རྒྱས་ལ་བསྟོད་པ་དང་མཆོད་པ་འབུལ་སྟངས་ཀྱི་ཚིག་སྦྱོར་རྒྱག་སྟངས་ཙམ་མ་གཏོགས། བོད་ལྟ་བུར་མི་རིགས་ཤིག་གི་རྩོམ་རིག་གཞུང་ལུགས་ཆགས་པ་དེ་འདྲ་མི་འདུག མེ་ལོང་མའི་རྒྱན་རེ་ཟུང་མི་རིགས་དེ་ཚོའི་སྐད་ཡིག་ནང་འདུག་ཀྱང་སྐད་དེ་སཾསྐྲིཏའི་སྐད་རང་སོར་བཞག་འདུག སྙན་ངག་མེ་ལོང་མས་བོད་ཀྱི་རྩོམ་རིག་ལ་དབང་བསྒྱུར་བ་དང་། བོད་པས་སྙན་ངག་མེ་ལོང་མར་རྩིས་མཐོང་སྤྲད་པ་དེ་ལྟ་བུ་ཞིག་མི་རིགས་གཞན་སུ་གང་གིས་ཀྱང་སྤྲད་མི་འདུག སྙན་ངག་མེ་ལོང་མའི་རྩོམ་སྟངས་དེ་རྒྱ་གར་གནའ་རབས་ཀྱི་རྩོམ་སྟངས་ཤིག་ཡིན་པ་དང་། སྙན་ངག་མེ་ལོང་མ་ནི་རྩོམ་སྟངས་དེའི་བསྟན་བཅོས་གཅིག་རེད། རྩོམ་སྟངས་དེ་རྒྱ་གར་ལ་དུས་རབས་བཅུ་གསུམ་པ་ནས་ཉམས་འདུག རྒྱ་གར་ལ་ཉམས་རྒུད་དུ་འགྲོ་སྐབས་བོད་ལ་དར་མགོ་བརྩམས་པ་རེད། དེ་ནས་ད་ལྟ་བར་དུ་ལོ་ངོ་སྟོང་ཕྲག་ལ་ཉེ་བར་བོད་ཀྱི་རྩོམ་རིག་སྙན་ངག་མེ་ལོང་མའི་དབང་འོག་ཏུ་བསྡད་པ་རེད། སྙན་ངག་མེ་ལོང་མའི་བསྟན་པ་ལོ་ངོ་སྟོང་ཕྲག་ལ་ཉེ་བར་བསྡད་པ་བོད་ཡུལ་མ་གཏོགས་ཡོད་པ་མ་རེད།
དུས་ཚོད་འགྱུར་བ་རེད། གནས་སྟངས་འགྱུར་བ་རེད། སྐད་ཆ་བཤད་སྟངས་དང་ཚོར་བ་སྟོན་སྟངས་ཚང་མ་འགྱུར་བཞིན་ཡོད་པ་རེད། ངས་ནི་སྙན་ངག་མེ་ལོང་མ་དེ་མིའི་སེམས་ཚོར་རགས་མོ་འབྲི་བྱེད་ཅིག་རེད། སེམས་ཀྱི་དགའ་བ་མཐར་ཐུག་ཅིག་དང་། སྐྱོ་བ་མཐར་ཐུག་ཅིག ཆགས་པ་མཐར་ཐུག་ཅིག་གི་འབྲི་ཐབས་གཙོ་བོར་སྟོན་པའི་གཞུང་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ང་ཚོའི་མིའི་དགའ་བ་ལ་མཚོན་ན་འབྲིང་ཙམ་གྱི་དགའ་བ་དང་། ཕྲན་ཙམ་དགའ་བ་དང་། དེ་ལས་ཤུགས་ཆེ་ཙམ་དགའ་བ་སོགས་རིམ་པ་དུ་མ་ཡོང་གི་ཡོད་པ་རེད། ཡིན་ན་ཡང་སྙན་ངག་མེ་ལོང་གིས་དགའ་བ་ཆེན་ཆེ་ཤོས་དེ་འབྲི་སྟངས་མ་གཏོགས་སྟོན་ཐུབ་ཀྱི་མེད་པ་འདྲ་ཞིག་འདུག རྒྱུན་ལྡན་གྱི་མི་ཚེའི་ནང་ལ་དགའ་བ་མཐར་ཐུག་དང་སྐྱོ་བ་མཐར་ཐུག་ཡོང་བའི་གནས་སྐབས་ཉུང་ཉུང་རེད། གཉིས་པ། སྙན་ངག་མེ་ལོང་དེ་ཆིག་རྐྱང་གི་ཚོར་བ་འབྲི་བྱེད་ཅིག་རེད། མིའི་མི་ཚེ་ནང་མཚམས་ལ་རེར་ཚོར་བ་མང་པོ་འདྲེས་ནས་ཡོང་གི་ཡོད་པ་རེད། དགའ་སྐྱོ་ཟུང་འབྲེལ་དང་། ཆགས་པ་དང་རྙིང་རྗེས་ཟུང་འབྲེལ་སོགས་ཚོར་བ་གཉིས་རེ་གསུམ་རེ་འདྲེས་ནས་ཡོང་གི་ཡོད་པ་རེད། སྙན་ངག་མེ་ལོང་མའི་ནང་ཚོར་བ་འདྲེས་མ་དེ་འབྲི་སྟངས་ཡོད་པ་མ་རེད། མདོར་བསྡུས་ན། སྙན་ངག་མེ་ལོང་མ་ནི་སེམས་ཚོར་ཆེན་པོ་ཞིག་མ་གཏོགས། སེམས་ཚོར་གྱི་བྱུང་རིམ་དང་གནས་རིམ་མི་འདྲ་བ་འབྲི་བ་ལ་རྩོམ་སྟངས་ནུས་ལྡན་ཞིག་མ་རེད། གཅིག་བྱས་ན་བོད་པའི་སྙན་ངག་པ་རྣམས་ཀྱིས་སྙན་ངག་མེ་ལོང་མའི་གཞུང་ལྟར་མི་འབྲི་བའི་རྒྱུ་མཚན་ཡང་འདི་འདྲ་ལ་འབྲེལ་བ་ཡོད་ན་ཐང་།
སྙན་ངག་མེ་ལོང་གི་ཚབ་ཏུ་རྩོམ་རིག་གང་ཞིག་སྦྱང་ན་ཡག་པོ་ཡོད་པ་ཟེར་བ་དེར་ལན་འདེབས་ཁག་པོ་རེད། མི་རིགས་ཤིག་གི་རྩོམ་པ་པོ་དང་རྩོམ་པ་པོ་སྒེར་པ་སུ་ཡིན་རུང་། རང་རང་གི་རྩོམ་སྟངས་དེ་ཡུན་རིང་གི་འབྲི་ཀློག་གཉིས་ལ་བརྟེན་ནས་འཚོལ་དགོས་པ་རེད་མ་གཏོགས་རྩོམ་སྟངས་ཤིག་བསྟན་ནས་འདི་ལྟར་བྲིས་དང་རྩོམ་པ་པོར་འགྱུར་རྒྱུ་རེད་ཟེར་རྒྱུ་ཡོད་པ་མ་རེད། ང་ལ་དྲི་བ་འདི་འདྲ་འདྲི་མཁན་བྱུང་། ཁྱོད་ཀྱིས་བྲིས་པའི་དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ་བཀླགས་ན་རང་དབང་མེད་པར་མིག་ཆུ་འཐོན་ཡོང་གི་འདུག་རྩོམ་དེ་འདྲ་ཇི་ལྟར་འབྲི་དགོས་པ་རེད་ཟེར། ངས་མི་ལ་མིག་ཆུ་འཐོན་དུ་འཇུག་རྒྱུ་ཡིན་ཞེས་ནས་མིག་ཆུ་འདོན་པའི་ཐབས་ཤེས་དམིགས་བསལ་ཞིག་བེད་སྤྱོད་བཏང་ཡོད་པ་མ་རེད། དེ་འདྲའི་ཐབས་ཤེས་ཤིག་ཡོད་ན་ངས་ཡང་སྐྱར་དེ་བེད་སྤྱོད་བཏང་ནས་རྩོམ་མང་པོ་འབྲི་ན་འདོད་ཀྱི་ཡོད་པ་རེད། ཡིན་ན་ཡང་དེ་ནི་ཡོང་ཐབས་ཡོད་པ་མ་རེད། དྲན་སྣང་ཐར་ཐོར་གྱི་མགོན་ཚེ་ཟེར་བའི་རྩོམ་དེ་ནི་རྟོག་བཟོ་མ་རེད། ང་རང་གི་མྱོང་བ་ངོ་མ་རེད། དེ་ཀློག་དུས་མིག་ཆུ་ཐོན་པ་ཡིན་ན་འབྲི་རྩལ་གཅིག་པོ་མ་ཡིན་པར་དོན་རྩའི་ནང་ན་མིག་ཆུ་ཡོད་པ་རེད། རྟོག་བཟོ་དང་དངོས་མྱོང་གང་ཡིན་ཡང་རུང་། དོན་རྩའི་ནང་ན་མིག་ཆུ་མེད་ན་ངས་བྲིས་པ་གཅིག་པོ་ལ་བརྟེན་ནས་མིག་ཆུ་འདོན་ཐུབ་ཀྱི་མ་རེད། དེ་ལ་རྩོམ་སྟངས་ཤིག་བསྟན་ནས་འདི་ལྟར་བྲིས་དང་མིག་ཆུ་ཐོན་ཐུབ་ཀྱི་ཟེར་རྒྱུ་ཡོད་པ་མ་རེད།
དོན་འགྲུབ་བཀྲ་ཤིས། བོད་པའི་རྩོམ་པ་པོ་དང་སྙན་ངག་པ་ཚོས་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་བྱེད་དགོས་དང་མི་དགོས་དང་། མི་རིགས་ལ་འགན་འཁུར་དགོས་དང་མི་དགོས་ཟེར་བའི་རྩོད་པ་ཞིག་སྔོན་མ་ནས་ཡོད་པ་རེད། ད་ལྟ་ད་དུང་རྩོད་པ་དེ་མཚམས་བཞག་མི་འདུག བོད་ཕྱི་ནང་གི་གཞོན་སྐྱེ་ཚོའི་ཁྲོད་དུ་བསམ་ཚུལ་དེ་འཁྱེར་མཁན་ད་དུང་ཡོང་གི་འདུག
པདྨ་འབུམ། དུས་རབས་གོང་མ་ནས་རྩོམ་པ་པོ་ནི་སྤྱི་ཚོགས་ཀྱི་སྣེ་འཁྲིད་མཁན་ཡིན་ཟེར་བ་དང་། རྩོམ་པ་པོ་ནི་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཡིན་ཟེར་བ་ལྟ་བུའི་རྩོམ་པ་པོ་ལ་ཆེ་བསྟོད་བྱེད་སྟངས་ཤིག་དར་ཡོད་པ་རེད། ད་དུང་མཚམས་མཚམས་ལ་རྩོམ་པ་པོ་ནི་སྤྱི་ཚོགས་ཀྱི་སྒལ་ཚིགས་ཡིན་ཟེར་བ་ལྟ་བུ་ཡང་གོ་རྒྱུ་འདུག རྩོམ་པ་པོ་སྤྱི་ཚོགས་ཀྱི་སྣེ་འཁྲིད་མཁན་དང་། མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཟེར་བའི་སྐད་ཆ་དེ་སྔོན་མ་གུང་ཁྲན་ཏང་གིས་རྩོམ་པ་པོ་ལ་གདེང་འཇོག་བྱེད་སྟངས་ཤིག་རེད། སྐད་ཆ་དེ་དེང་སྐབས་གུང་ཁྲན་ཏང་རང་གིས་ཀྱང་དོར་ཚར་ཡོད་ཀྱང་། ང་ཚོའི་བོད་པའི་རྩོམ་པ་པོའི་ཁྲོད་ན་ད་དུང་དེའི་བཤད་འཕྲོ་ལྷག་བསྡད་འདུག དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་སྔོན་ལ་ང་ཚོའི་བོད་ལ་བཤད་ཅི་དགོས། རྒྱ་ནག་རང་ལ་ཡང་ཡིག་རྨོངས་ཀྱི་གྲངས་ཀ་མང་པོ་རེད། མཐའ་ན་དམར་ཤོག་ཚོགས་མིའི་ཁྲོད་ན་ཡང་ཡིག་རྨོངས་བ་མང་པོ་ཡོད་པ་རེད། ཡི་གེ་ཤེས་མཁན་རེ་ཟུང་ཡོད་པ་དེ་དག་གིས་དམར་ཤོག་གི་ལྟ་བ་མི་སེར་ཁྲོད་སྤེལ་བ་ལ་ནུས་པ་ཆེན་པོ་འཐོན་གྱི་ཡོད་པ་རེད། དེར་བརྟེན། གུང་ཁྲན་ཏང་གིས་ཁོ་ཚོར་སྤྱི་ཚོགས་ཀྱི་སྣེ་འཁྲིད་མཁན་ཞེས་གདེང་འཇོག་བྱས་ན་གང་ལ་གང་འཚམ་འགྲིག་བསྡད་པའི་བཟོ་འདྲ་བོ་ཞིག་ཡོད་པ་རེད། ཡིན་ན་ཡང་ད་ལྟ་གནས་སྟངས་ལ་འགྱུར་བ་ཕྱིན་ཏེ་ཤེས་ཡོན་པ་མང་པོ་དང་ཡིག་རྨོངས་པ་ཉུང་ཉུང་ཆགས་བསྡད་ཡོད་པ་རེད། མི་ཁ་ཤས་ཤིག་གིས་སྤྱི་ཚོགས་ནང་ཤེས་ཡོན་དང་ལྟ་གྲུབ་སྤེལ་ནས་སྤྱི་ཚོགས་སྣེ་འཁྲིད་དགོས་དོན་མེད་སྟབས། རྩོམ་པ་པོ་ལ་གདེང་འཇོག་བྱེད་སྟངས་དེ་ཡང་གནས་དགོས་དོན་ཡོད་པ་མ་རེད། རྩོམ་པ་པོ་དང་། སྒྱུ་རྩལ་པ། ཞིབ་འཇུག་པ། གསར་འགོད་པ་སོགས་ཚང་མ་ལས་རིགས་མ་འདྲ་བ་རེད། སྒྲུང་ཞིག་དང་སྙན་རྩོམ་ཞིག་འབྲི་ཤེས་པ་བརྟེན་ནས་གཞན་པའི་སྣེ་འཁྲིད་མཁན་དང་གཞན་པའི་བླ་སྲོག་སྐྲུན་མཁན་ཡིན་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། གལ་སྲིད་རྩོམ་པ་པོ་ཚོ་དེ་འདྲའི་རླབས་ཆེན་པོ་ཞིག་ཡིན་ན་ཚང་མ་རྩོམ་རིག་གི་ལས་ཀར་ཞུགས་ཏེ། ལས་རིགས་གཞན་པར་ཞུགས་མཁན་ཉུང་བ་ཆགས་དགོས་ཀྱང་དེ་འདྲ་ཆགས་ཡོད་པ་མ་རེད།
དོན་འགྲུབ་བཀྲ་ཤིས། བར་སྐབས་ཤིག་ནས་བོད་ནང་གི་རྩོམ་པ་པོའི་ཁྲོད་དུ་བོད་པའི་སྲོལ་རྒྱུན་རིག་གནས་ལ་དགག་པ་རྒྱག་མཁན་དང་། ལྷག་པར་དུ་ནང་ཆོས་ལ་དགག་པ་རྒྱག་མཁན་སྐོར་ཞིག་བསླེབས་ཏེ་སྤྱི་ཚོགས་ནང་ཡོ་ལང་ཆེན་པོ་ཞིག་བྱུང་སོང་། དེ་གཅིག་བྱས་ན་བོད་མི་རིགས་ལ་ཤ་ཚ་དང་སེམས་ཤུགས་ཆེ་དྲགས་ནས་ཡིན་སྲིད་པ་རེད། ཡིན་ནའང་ཡོ་ལང་དེའི་ཕུགས་ལ་བོད་པའི་ངོ་བོ་སྲུང་སྐྱོབ་ཀྱི་ཐད་ནས་ཁེ་གྱོང་གང་འདྲ་འབྱུང་སྲིད་པར་གཟིགས་ཀྱི་ཡོད།
པདྨ་འབུམ། ནང་ཆོས་ཀྱིས་བོད་ལ་གནོད་ཀྱི་ཡོད་པའི་ལྟ་བ་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ཐེངས་གཉིས་ལ་བྱུང་བ་རེད། ཐེངས་དང་པོ་ནི་རྒྱ་ནག་དམར་ཤོག་གི་ལྟ་བ་བཙན་སྤེལ་ལ་བརྟེན་ཏེ། ཆོས་དད་བཙན་འགོག་དང་། ཆོས་དད་ཅན་ལ་ཁྱད་གསོད་དང་དམའ་འབེབས། རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལ་ཐ་ན་ཆོས་དད་པ་ལ་སྡིག་སྦྱོང་གཏོང་བ་སོགས་ཀྱང་བྱུང་བ་རེད། དེ་ནི་བོད་པ་རང་ངོས་ནས་བྱུང་བ་ཞིག་མ་རེད། རྒྱ་ནག་དམར་གཞུང་གི་གཡོན་ཐལ་ཆེ་བའི་སྲིད་ཇུས་ལས་བྱུང་བ་རེད། ཐེངས་གཉིས་པ་དེ་བོད་པ་ཤེས་ཡོན་ཅན་གྱི་སྡེ་ཆུང་ཆུང་ཞིག་གི་ནང་ནས་བྱུང་བ་རེད། དེ་ནི་རྒྱ་ནག་དམར་གཞུང་གི་གཡོན་ཐལ་ཅན་གྱི་སྲིད་ཇུས་མཇུག་བསྒྲིལ་རྗེས་བྱུང་བ་ཞིག་རེད། དེ་དུས་བོད་པའི་ཤེས་ཡོན་ཅན་གྱི་སྡེ་ལ་བོད་རང་གི་ལོ་རྒྱུས་ཤེས་རྒྱུའི་གོ་སྐབས་བྱུང་སྟེ། བོད་བཙན་པོའི་སྐབས་ལ་བོད་ཀྱི་ཁ་རྗེ་དབང་ཐང་དེ་འདྲ་ཞིག་དར་རྒྱས་ཕྱིན་ཡོད་ཀྱང་། རྗེས་ལ་ཆོས་ལུགས་དར་མགོ་ཚུགས་ཏེ་ཆོས་ལུགས་དར་ཤུགས་ཇེ་ཆེ་དང་བོད་ཀྱི་ཁ་རྗེ་དབང་ཐང་ཇེ་ཆུང་དུ་སོང་བའི་སྣང་ཚུལ་ཞིག་མཐོང་གི་ཡོད། རྩ་བའི་ཆ་ནས་ནང་ཆོས་དར་མེད་ནའང་བོད་ཀྱི་ཁ་རྗེ་དབང་ཐང་དེ་མུ་མཐུད་གནས་རྒྱུ་ཡིན་པ་སུས་ཀྱང་བཤད་ཁག་པོ་རེད། ཆོས་ལུགས་མ་དར་ཡང་རྒྱལ་ཁབ་ཉམས་རྒུད་དུ་སོང་བ་ཡོད་པ་རེད། ང་ཚོ་བོད་ལ་མཚོན་ན། སངས་རྒྱས་ཆོས་ལུགས་དར་གྱིན་དར་གྱིན་བོད་ཀྱི་མངའ་ཐང་ཇེ་ཉམས་ནས་ཇེ་ཉམས་སུ་སོང་ཡོད་པ་གཉིས་ཀྱི་བར་ན་རྒྱུ་དང་འབྲས་བུའི་འབྲེལ་བ་ཡོད་པ་བདེན་དཔང་བྱེད་ཐབས་མེད་ན་ཡང་། ཆོས་མགོ་དར་ནས་སྲིད་མགོ་ཉམས་པ་དེ་ཡང་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཆགས་བསྡད་ཡོད་པ་རེད།
འདི་འདྲའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་གི་འོག་ནས། ཤེས་ཡོན་ཅན་གྱི་སྡེ་ལ་ཆོས་ལ་སྐྱོན་ཕྱོགས་ཀྱི་ལྟ་ཚུལ་རེ་ཡོང་བ་དེ་ཡིད་ལ་ཤོང་མི་ཐུབ་པ་ཞིག་མ་རེད། མ་གཞི་ང་ཚོ་བོད་ཀྱིས་མི་སྒེར་ཞིག་གི་སྐྱིད་སྡུག་ནས་རྒྱལ་ཁབ་ཅིག་གི་ཉམས་རྒུད་ཚང་མ་ཆོས་ལུགས་ཀྱི་ངོས་ནས་འགྲེལ་བཤད་བརྒྱབ་ནས་ལོ་ངོ་སྟོང་ཕྲག་ཙམ་སོང་ཡོད་པ་རེད། ད་འགྲེལ་བཤད་རྒྱག་སྟངས་གསར་བ་རེ་འཚོལ་བ་ནི་ཡོང་སྲིད་པ་ཞིག་རེད། དེང་སང་དུས་རབས་སྔོན་མ་འདྲ་བོ་མ་རེད། འཇིག་རྟེན་འདིའི་སྟེང་གི་མི་རིགས་འདྲ་མིན་དང་རྒྱལ་ཁབ་འདྲ་མིན་གྱི་རིག་གནས་དང་ལྟ་གྲུབ། རྩོམ་རིག་དང་སྒྱུ་རྩལ་སོགས་སྤེལ་རེས་འདི་འདྲའི་འཁྲུག་པོ་ཞིག་ཡོད་པ་རེད། བསམ་བློ་གཏོང་སྟངས་གསར་པ་རེ་ཡོང་འོས་པ་དང་ཡོང་དགོས་པ་ཞིག་རེད།
ཆོས་ལུགས་ལ་སྐྱོན་བརྗོད་བྱས་ན་མི་རིགས་ངོ་བོ་སྲུང་སྐྱོབ་ལ་གྱོང་རག་རྒྱུ་རེད་ཟེར་བ་དེ་ལ་བདེན་པའི་ཆ་རེ་ཡོད་ན་ཐང་། ཡིན་ན་ཡང་མོས་མཐུན་གཙང་མ་བྱེད་ཐུབ་པའི་ལྟ་བ་ཞིག་མ་རེད། ནང་ཆོས་ནི་ང་ཚོའི་བོད་པ་གཅིག་པོའི་མ་རེད། ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་ནང་ལ་དར་ཡོད་པ་རེད། ད་ལྟ་ནུབ་ཕྱོགས་ལ་ཡང་དར་བཞིན་པ་རེད། མི་རིགས་ཀྱི་ངོ་བོ་འཛིན་པའི་རིག་གནས་ནི་འབྱུང་ཁུངས་ཀྱང་མི་རིགས་དེ་ཡིན་དགོས་པ་དང་། དེ་དགོས་མཁན་ཡང་མི་རིགས་དེ་ཡིན་དགོས་པ་རེད། མི་རིགས་དེ་མེད་ན་རིག་གནས་དེ་ཡང་མེད་པར་འགྱུར་དགོས། ནང་ཆོས་ནི་དེ་འདྲ་མ་རེད། འབྱུང་ས་རྒྱ་གར་རེད། དགོས་མཁན་ཡང་ང་ཚོ་བོད་པ་གཅིག་པོ་མ་ཡིན་པར་ཨེ་ཤ་ཡའི་ནང་གི་མི་རིགས་མང་པོ་དང་རྒྱལ་ཁབ་མང་པོ་ལ་དགོས་ཀྱི་ཡོད་པ་རེད། བོད་མི་རིགས་ཉམས་པ་ལ་བརྟེན་ནས་བོད་ལུགས་སུ་གྱུར་བའི་ནང་ཆོས་ཀྱང་ཉམས་རྒུད་དུ་འགྲོ་སྲིད་ན་ཡང་། སྤྱིར་བཏང་གི་ནང་ཆོས་ཉམས་རྒུད་དུ་སོང་བ་མཚོན་ཐུབ་པ་མ་རེད་བསམ་གྱི་འདུག གནས་ལུགས་འབབ་སྟངས་འདི་འདྲ་ཞིག་གི་སྟེང་ནས་བལྟས་ན་ནང་ཆོས་ནི་མི་རིགས་བྱེ་བྲག་པ་ཞིག་གི་སྒེར་ཆོས་ཡིན་ན་འགྲིག་གི་ཡོད་པ་མ་རེད།
འོན་ཀྱང་ནང་ཆོས་ཀྱི་ནང་ལ་བོད་དང་། བོད་ཀྱི་ནང་ལ་ནང་ཆོས་ཞུགས་ནས་དེ་གཉིས་ཕྱོགས་མང་པོ་ཞིག་འདྲེས་བསྡད་ཡོད་པ་དེའང་བདེན་པ་རེད། དེང་སང་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ཞེས་འབོད་སྟངས་ཤིག་ཡོད་པ་དེའི་དོན་ཡང་དེ་རེད། བོད་ཀྱི་ནང་ཆོས་ནི་མི་རིགས་གཞན་དང་རྒྱལ་ཁབ་གཞན་དུ་དར་བའི་ནང་ཆོས་དང་མི་འདྲ་བ་དེ་སྟོན་གྱི་ཡོད་པ་རེད། རེད་དེ། ང་ཚོའི་བོད་པའི་ཆོས་པ་རྣམས་ཀྱིས་དེ་ཁས་ལེན་དཀའ་ན་ཐང་། ཁོང་ཚོས་ང་ཚོའི་ནང་ཆོས་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་སླད་མ་འདྲེས་པ་དེ་ཡིན་ཟེར་གྱི་ཡོད་པ་རེད།
བོད་མི་རིགས་ཀྱི་ངོ་བོར་གྱུར་བའི་རིག་གནས་ངོ་མ་ནི་བོད་རང་གི་སོ་ནམ་དང་འབྲོག་ལས་བྱེད་སྟངས། གཉེན་སྒྲིག་བྱེད་སྟངས་དང་འདས་རྫོངས་བྱེད་སྟངས། གླུ་དང་ཞབས་བྲོ། ད་དུང་སྐད་ཡིག་སོགས་རེད། འདི་དག་ནི་བོད་རང་ནས་བྱུང་བ་དང་བོད་རང་ལ་དགོས་པ་ལས་མི་རིགས་གཞན་ཞིག་ལ་དགོས་ཀྱི་ཡོད་པ་མ་རེད། ང་ཚོའི་འདས་རྫོངས་བྱ་གཏོར་ལྟ་བུ་མི་རིགས་གཞན་ལ་མི་དགོས་པ་མ་ཟད། དེ་ཁྱད་མཚར་ཞེ་དྲགས་མཐོང་སྟེ་འཕྱ་སྨོད་བྱ་ཡུལ་ཆགས་སྲིད་པ་རེད། ཡིན་ནའང་ང་ཚོར་དེ་དགོས་ཀྱི་ཡོད་པ་རེད། འདི་དག་ནི་ཉམས་ན་སྐྱོབ་མཁན་ང་ཚོ་རང་ཉིད་མ་གཏོགས་ཡོད་པ་མ་རེད། བོད་ཀྱི་སྐད་ཡིག་ཀྱང་དེ་ལྟར་རེད། འདི་བཤད་མཁན་དང་གོ་མཁན་ངོ་ཚོ་བོད་པ་གཅིག་པོ་རེད། མི་རིགས་གཞན་ཞིག་ལ་བོད་ཀྱི་སྐད་ཡིག་དགོས་དོན་ཡོད་པ་མ་རེད་ལ། དེ་ཉམས་ན་སྐྱོབ་དགོས་དོན་ཡང་ཡོད་པ་མ་རེད། ནང་ཆོས་ཉམས་ན་སྐྱོབ་མཁན་ང་ཚོ་གཅིག་པོ་མིན་པར་མང་པོ་ཡོད་པ་རེད། ང་ཚོས་མ་བསྐྱབས་ན་ཡང་སྐྱོབ་མཁན་གཞན་མང་པོ་ཡོད་པ་རེད་བསམ་གྱི་འདུག ཡིན་ན་ཡང་། བོད་རྗེས་ལུས་ཡིན་པའི་འགན་དེ་ནང་ཆོས་ལ་འགེལ་རྐྱང་བྱེད་པ་དེ་ལ་ངས་ཡིད་ཆེས་བྱེད་ཀྱི་མེད། དེ་གཉིས་ཀྱི་བར་ལ་རྒྱུ་འབྲས་ཀྱི་འབྲེལ་བ་གསལ་པོ་ཞིག་གཏན་ནས་འཛུགས་ཐབས་ཡོད་པ་མ་རེད། གཅིག་བྱས་ན་ཡིན་ན་ཐང་། ཡིན་ན་ཡང་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་གཏན་ནས་ཡོད་པ་མ་རེད།
དོན་འགྲུབ་བཀྲ་ཤིས། བོད་པའི་རྩོམ་པ་པོ་མང་པོ་ཞིག་གིས་དཔྱད་རྩོམ་དང་ཞིབ་འཇུག འབོལ་རྩོམ་དང་གནས་ཚུལ་ངོ་སྤྲོད། ཐ་ན་བོད་ནང་གི་གསར་འགྱུར་དང་འཕྲིན་ཡིག་སོགས་ག་རེ་ཡིན་ནའང་དེའི་ནང་ཚིག་རྒྱན་མང་བ་དང་དོན་དག་ཉུང་ཉུང་ཞིག་ཚིག་ལྷག་མང་པོ་འབྲི་བའི་གོམ་སྲོལ་ཞིག་འདུག ཁྱེད་རང་ལ་དེ་འདྲའི་མཐོང་ཚོར་བྱུང་སོང་ངམ།
ལན། དེ་ལ་ང་རང་སྔོན་མ་ནས་དོ་སྣང་བྱུང་སོང་། ཁག་ཀྱང་ཡོད་པ་མ་རེད། གོང་དུ་བཤད་པ་བཞིན། ལོ་ངོ་སྟོང་ཕྲག་ལ་ཉེ་བའི་རིང་། ང་ཚོ་བོད་ཀྱི་རྩོམ་ཡིག་སྦྱོང་བྱེད་ནི་སྙན་ངག་མེ་ལོང་མ་དེ་རེད། རྗོད་ཚིག་ལ་ཚིག་རྒྱན་གྱིས་རྒྱས་སྤྲོས་བྱེད་སྟངས་ནི་དེའི་ནང་དོན་གཙོ་བོ་ཞིག་རེད། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ཚིག་རྒྱན་ནི་གྲོགས་ཕན་ཚུན་བར་འཕྲིན་ཡིག་ཅིག་གཏོང་བ་ཚུན་ཆན་ནས་དགོས་ཚུལ་གསུངས་ཡོད་པ་རེད། དེང་སང་ཐ་ན་གསར་འགྱུར་ལས་རིགས་ཀྱི་ནང་ལའང་ཚིག་རྒྱན་གྱི་རྒྱས་སྤྲོས་ཡོང་གི་འདུག སྤྱིར་བཏང་གསར་འགྱུར་གྱིས་དུས་ཚོད་ཐུང་ཐུང་གི་ནང་ལ་ཚིག་ཉུང་ཉུང་གིས་དོན་དག་མང་པོ་སྟོན་ཐབས་བྱེད་དགོས་པ་རེད། ཚིག་རྒྱན་གྱི་རྒྱས་སྤྲོས་བྱས་ནས་འདུག་ཁོམ་ཡོད་པ་མ་རེད། བོད་ནང་གི་བརྙན་འཕྲིན་དེ་ཚོར་བལྟས་པ་ཡིན་ན། ལས་ཚན་རེ་རེ་མགོ་འཛུགས་སྐབས་ཚིག་རྒྱན་གྱི་རྒྱས་སྤྲོས་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག ཚིགས་བཅད་དེ་འདྲའང་སྐྱོར་གྱི་འདུག ཚིག་རྒྱན་གྱི་ཆ་ནས་སྙན་པོའང་ཞེ་དྲགས་འདུག ཡིན་ནའང་དེང་སང་གི་བརྒྱུད་ལམ་གྱི་རྩ་དོན་ཐོག་ནས་བཤད་ན་འགྲིག་གི་ཡོད་པ་མ་རེད། དེང་སང་སྔོན་མ་ནང་བཞིན་མ་རེད། སྔོན་མ་ཡིན་ན་ས་ཁུལ་དང་ས་ཁུལ་བར། རྒྱལ་ཁབ་དང་རྒྱལ་ཁབ་བར་ལ་གནས་ཚུལ་བཀག་སྡོམ་ཡོད་པ་རེད། རང་གི་ས་ཁུལ་གྱི་གནས་ཚུལ་མ་གཏོགས་ཤེས་ཀྱི་ཡོད་པ་མ་རེད་ལ། ཤེས་ན་བཤད་མཁན་ཡང་ཡོད་པ་མ་རེད། དེ་དུས་ཚིག་རྒྱན་རེ་སྤྲོས་ནས་བསྡད་ན་དུས་ཚོད་འབེལ་བོ་རེད། དེང་སང་འཛམ་གླིང་གི་གནས་ཚུལ་འཚང་ཀ་བརྒྱབ་ནས་ཡོང་གི་ཡོད་པ་རེད། ད་ཁྱེད་ལ་ཚིག་རྒྱན་གྱི་རྒྱས་སྤྲོས་བྱས་ནས་འདུག་ཁོམ་ཡོད་པ་མ་རེད།
ང་མཚོ་སྔོན་བརྙན་འཕྲིན་ལ་ལྟ་རྒྱུར་དགའ་བོ་ཡོད། ཉེ་སྔོན་ཞིག་ལ་ངས་མཚོ་སྔོན་བརྙན་འཕྲིན་ཁང་གིས་མི་སྣ་གལ་ཆེན་ཞིག་ལ་བཅར་འདྲི་ཞུ་བཞིན་པར་བལྟས་པ་ཡིན། ངས་ཤེས་འདོད་པ་ནི་བཅར་འདྲི་བྱ་ཡུལ་གྱི་མི་དེའི་བསམ་ཚུལ་དང་གནས་ཚུལ་རེད་མ་གཏོགས། བཅར་འདྲིའི་ལས་རིམ་སྒྲིག་མཁན་གྱི་ཚིག་རྒྱན་མ་རེད། འོན་ཀྱང་ངས་མགོ་ནས་སྐར་མ་ཁ་ཤས་རིང་ཚིག་རྒྱན་དང་ཚིག་ལྷག་མང་པོ་ཞིག་ལ་ཉན་དགོས་ཀྱི་འདུག དེ་འདྲ་དུས་རྒྱུན་དུ་ཡོང་གི་འདུག འཁྲབ་སྟོན་ཞིག་གཙོ་སྐྱོང་བྱས་ན་ཡང་དེའི་མགོ་མཇུག་བར་གསུམ་ན་ཚིག་རྒྱན་གྱི་རྒྱས་སྤྲོས་ཧ་ཅང་མང་པོ་རེད། དེང་སང་དཔྱད་རྩོམ་དང་འབོལ་རྩོམ་ལ་ཚིག་རྒྱན་མང་བའི་སྐྱོན་རེ་ཟུང་ཡོད་ཀྱང་། རྩ་བའི་ཚིག་དོན་གྱི་ཆ་ནས་ཧ་ཅང་ཡག་པོ་དེ་འདྲ་ཐོན་ཡོང་གི་འདུག ལྷག་པར་ཞིབ་འཇུག་པ་གཞོན་པའི་ཁྲོད་ན་ཞིབ་འཇུག་སྤུས་དག་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་པའི་དོ་སྣང་བྱུང་།
སྔོན་མ་ཡིན་ན་རྩོམ་ཞིག་མགོ་འཛུགས་སྐབས་ “དངོས་གཙོ་རྩོད་སྒྲུབ་རིག་པའི་ལྟ་བ་ལྟར་ན” ཟེར་བ་དང་། བར་སྐབས་ཤིག་ནས་ “གངས་རི་ར་བས་སྐོར་བའི་བོད་གངས་ཅན་གྱི་ལྗངས་སུ”ཟེར་བ་དང་། “མི་རིགས་གང་དང་གང་ཞིག་ཡིན་ན་ཡང་རང་རང་ལ་སྐད་དང་ཡི་གེ་རེ་ཡོད་པ་ལྟར” ཟེར་བ་ལྟ་བུས་རྒྱང་བསྐོར་ནས་རྩོམ་མགོ་སློང་རྒྱུ་དགའ་བོ་ཡོད་རེད། དེང་སང་སྔོན་མ་དང་བསྡུར་ན་བརྗོད་གཞིའི་ཐོག་ཇེ་ཉེར་འགྲོ་བཞིན་འདུག
སྤྱིར་བཏང་ང་ཚོ་བོད་པའི་ཤེས་ཡོན་ཅན་གྱི་སྡེ་ན་ལྟ་གྲུབ་དང་སྤྱི་བཤད་ལ་དགའ་བ་ཁག་ཅིག་འདུག འདིས་ཞིབ་འཇུག་སྤུས་དག་ཅིག་ཡོང་རྒྱུར་གནོད་ཀྱི་མེད་དམ་བསམ་གྱི་འདུག ཞིབ་འཇུག་པའི་སྡེ་ན་མན་ངག་ཅིག་ཡོད་པ་རེད། བརྗོད་གཞི་ཅི་ཙམ་གྱིས་ཆུང་ན་དེ་ཙམ་གྱིས་བཟང་བ་དང་། རྒྱུ་ཆ་ཅི་ཙམ་གྱིས་མང་ན་དེ་ཙམ་གྱིས་བཟང་ཟེར་བ་ཞིག་ཡོད་ཀྱང་། ང་ཚོ་མཚམས་མཚམས་ལ་མན་ངག་འདི་དང་ལྡོག་ཟླ་ལྟ་བུར་སོང་སྟེ། བརྗོད་བྱ་གང་ཆེ་ཆེ་ཞིག་རྒྱུ་ཆ་ཉུང་ཉུང་ཞིག་གི་བཤད་ཐབས་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་། སྟབས་ལེགས་པ་ལ་དེང་སང་སྣང་ཚུལ་དེ་ཇེ་ཉུང་ལ་འགྲོ་བའི་མགོ་ཚུགས་འདུག
དོན་འགྲུབ་བཀྲ་ཤིས། དེང་སྐབས་བོད་པའི་གཞོན་སྐྱེས་རྩོམ་པ་པོ་ཚོའི་ཁྲོད་ཏུ། ཞིབ་འཇུག་དང་དཔྱད་རྩོམ་འབྲི་འདོད་ཡོད་མཁན་མང་པོ་ཡོད་ནའང་ཞིབ་འཇུག་བྱེད་ཐབས་དང་དཔྱད་རྩོམ་འབྲི་སྟངས་ཤེས་ཀྱི་མེད་པའི་དཀའ་ངལ་དང་། རེ་ཟུང་བྲིས་པའང་སོ་སོ་སྒེར་གྱི་བསམ་ཚུལ་དང་ཚོར་བ་མང་པོ་འདྲེས་པ་སོགས་ཀྱི་གནས་ཚུལ་མང་པོ་མཐོང་རྒྱུ་འདུག དེའི་ཐད་ཁ་གསལ་གོ་བདེའི་ལམ་སྟོན་མདོ་བསྡུས་ཤིག་གནང་རོགས།
པདྨ་འབུམ། དཔྱད་རྩོམ་ནི་ཞིབ་འཇུག་གི་འབྲས་བུ་རེད། ཞིབ་འཇུག་ནི་དཔྱད་རྩོམ་གྱི་སྔོན་འགྲོ་རེད། ཨ་རི་ལྟ་བུ་ན་དེ་གཉིས་ཀ་ལ་སློབ་སྦྱོང་གི་རིམ་པ་ཧ་ཅང་གསལ་པོ་ཡོད་པ་རེད། ཞིབ་འཇུག་ལ་ཆ་བཞག་ན། དང་པོ་ནས་ཞིབ་འཇུག་གི་ཁྱབ་ཁོངས་གཏན་འབེབས་དང་། དེ་ནས་དེ་ཇེ་ཆུང་དུ་བཏང་ནས་ཞིབ་འཇུག་གི་བརྗོད་གཞི་གཏན་འཁེལ། དེ་ནས་ཞིབ་འཇུག་བྱེད་དགོས་པའི་དོན་གནད་རྣམས་དྲི་བའི་ངོ་བོར་བསྒྱུར་ཐབས། དེ་ནས་རྒྱུ་ཆ་འཚོལ་སྒྲུབ་དང་རྒྱུ་ཆ་དབྱེ་འབྱེད་སོགས་ཧ་ཅང་རིམ་པ་ཞིབ་མོ་ཞིག་ཡོད་པ་རེད། ཕལ་ཆེར་མཐོ་འབྲིང་སྐབས་ནས་ཞིབ་འཇུག་གི་རྩ་བའི་ཐབས་ལམ་སྐོར་ཞིག་སྦྱོང་གི་ཡོད་པ་རེད། ང་ཚོ་བོད་ཀྱི་ཞིབ་འཇུག་པ་རྣམས་ལ་ཡང་དེ་འདྲའི་ཞིབ་འཇུག་བྱེད་སྟངས་ཀྱི་སྦྱོང་བརྡར་ཞིབ་ཡོད་ན་ལོས་བཟང་མོད། དེ་ལྟ་བུའི་སྦྱོང་བརྡར་མེད་ན་ཞིབ་འཇུག་བྱེད་མི་ཐུབ་པ་དེ་འདྲ་ཡང་མ་རེད། དཔེ་མཚོན་གསལ་པོ་གཅིག་ནི་དགེ་འདུན་ཆོས་འཕེལ་རེད། ཁོང་ལ་དེ་འདྲའི་ཞིབ་འཇུག་གི་སྦྱོང་བརྡར་ཡོད་པ་མ་རེད། ཡིན་ནའང་ཁོང་གི་ཞིབ་འཇུག་གི་འབྲས་བུ་དེ་འདྲའི་ཆེན་པོ་རེད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་ལ་བོད་པའི་དཔྱད་རྩོམ་ཕུལ་བྱུང་གསུམ་བཞི་བགྲང་རྒྱུ་ཡོད་པ་རེད། དེ་དག་ནི་རིག་གནས་གསར་བརྗེའི་སྐབས་ལ་སྐུ་གཤེགས་པའི་མཁས་པ་བསྟན་པ་རྒྱ་མཚོ་ཟེར་བ་དེའི་ལ་དོན་གྱི་གནད་དོན་ཁ་ཤས་ཟེར་བ་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་གྲུབ་མཐའ་སོ་སོའི་མིང་འདོགས་ཀྱི་སྐོར་ལ་བྲིས་པའི་དཔྱད་རྩོམ་ཞིག དགོངས་དག་རྩོམ་ཡིག་དེའི་མིང་ངས་དྲན་གྱི་མི་འདུག ད་དུང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་བཤད་པ་ཟེར་བ་དེ་གསུམ་རེད། ཁོང་རྣམ་པ་གསུམ་པོ་སྲོལ་རྒྱུན་གྱི་མཁས་པ་རེད། དེང་སེང་གི་ཞིབ་འཇུག་གི་ཐབས་ལམ་སྦྱོང་བརྡར་ཐོབ་མེད་པ་བཤད་མ་དགོས་པ་རེད། ཡིན་ན་ཡང་ཁོང་ཚོའི་ཞིབ་འཇུག་གི་རྩོམ་ཡིག་ནི་དེང་སང་གི་ཞིབ་འཇུག་གི་ཐབས་ལམ་ལ་བྱང་བསྡད་ཡོད་པའི་རྒྱའི་མཁས་པ་རྣམས་ཀྱིས་ཀྱང་ཁས་ལེན་བྱེད་ཀྱི་ཡོད་པ་རེད།
ཞིབ་འཇུག་གི་ཐབས་ལམ་སྦྱོང་བརྡར་མ་ཐོབ་ན་ཡང་ཞིབ་འཇུག་གི་ཀུན་སྤྱོད་སྐོར་ཞིག་གིས་ཞིབ་འཇུག་གི་འབྲས་བུ་བཟང་པོ་ཡོང་བར་ཕན་ཐོགས་ཀྱི་ཡོད་པ་རེད། དབྱིན་ཇིའི་གཏམ་དཔེ་ཞིག་ཡོད་པ་རེད། གཏམ་བཤད་མཁན་ཡག་པོ་ཞིག་ཡིན་ན་དེ་ཉན་མཁན་ཡང་ཡག་པོ་ཞིག་ཡིན་ཟེར་བ་རེད། ཉན་མཁན་ཡག་པོ་ཟེར་བ་ནི་ཆ་ཚང་ཉན་པ་དང་། ཞིབ་པར་ཉན་པ། གསལ་པོར་ཉན་པ་ལ་ཟེར་གྱི་ཡོད་པ་རེད། ཞིབ་འཇུག་ལ་ཡང་གཅིག་པ་རེད། ཞིབ་འཇུག་གི་རྩོམ་ཡག་པོ་འབྲི་མཁན་ཞིག་ཡིན་ན་དེ་དཔེ་དེབ་ཀློག་མཁན་དང་གནས་ཚུལ་འཚོལ་སྒྲུབ་པ་ཡག་པོ་ཡིན་པ་གཏན་འཁེལ་བ་རེད། དཔེ་དེབ་མང་པོ་བཀླགས་པ་དང་། ཞིབ་པར་ཀློག་པ། གསལ་པོར་ཀློག་དགོས་ཀྱི་ཡོད་པ་རེད། དཔེ་ཀློག་མང་པོ་དང་གནས་ཚུལ་མང་པོ་ཤེས་རྟོགས་བྱས་པ་ལ་གཞི་བཅོལ་ནས་བྲིས་པའི་རྩོམ་ཡིག་ཅིག་ཡིན་ན། དེའི་ནང་བསམ་ཚུལ་འབྲི་རྒྱུ་རང་བཞིན་གྱིས་ཉུང་གི་རེད། དཔེ་དེབ་ཀློག་པ་དང་གནས་ཚུལ་ཤེས་རྟོགས་ཉུང་བའི་ཐོག་ནས་དཔྱད་རྩོམ་བྲིས་ན། དཔྱད་རྩོམ་དེའི་ནང་རང་གི་བསམ་ཚུལ་མང་པོ་སྤུངས་རྒྱུ་མ་གཏོགས་རྒྱུ་ཆ་མང་པོ་ལྡུག་རྒྱུ་རེག་གི་ཡོད་པ་མ་རེད། དཔྱད་རྩོམ་ཡིན་ན་རྩོམ་པ་པོས་སྐད་ཆ་མང་པོ་བཤད་རྒྱུ་མིན་པར། རྒྱུ་ཆ་དང་གནས་ཚུལ་ལ་ཁ་གྲག་ཏུ་འཇུག་རྒྱུ་དེ་གཙོ་བོ་རེད། ཀློག་པ་ལས་འབྲི་རྒྱུ་མང་མི་ཉན་པ་ནི་ཞིབ་འཇུག་གི་རྩ་དོན་ཞིག་རེད།
ཞིབ་འཇུག་གི་འབྲས་བུ་བཟང་པོ་ཐོབ་ལམ་གཅིག་ནི་བློ་གཟུ་བོར་གནས་པ་ཟེར་བ་དེ་རེད། དེ་ནི་ཆོས་ལུགས་ཀྱི་དད་པའི་དབང་དང་། ཆབ་སྲིད་ཀྱི་ཕྱོགས་རིས། གྲགས་འདོད་དང་རྙེད་འདོད་སོགས་ཀྱི་དབང་དུ་མ་སོང་བའི་བློ་དེ་རེད། དེ་དག་གི་དབང་དུ་སོང་བའི་བློ་ཞིག་ཡིན་ན་ཞིབ་འཇུག་གི་རྒྱུ་ཆ་བཅད་གཏུབ་དང་འདོར་ལེན། ཐ་ན་སྒྲོ་འདོགས་དང་སྐུར་འདེབས་སོགས་ཀྱང་བྱས་ཏེ་ཞིབ་འཇུག་གི་རྒྱུ་ཆའི་ངོ་བོ་སྒྱུར་ཐབས་བྱེད་སྲིད་པ་རེད། ཞིབ་འཇུག་གི་རྒྱུ་ཆ་ལ་གཡོ་ཟོལ་བྱས་རྗེས་ཞིབ་འཇུག་གི་འབྲས་བུ་ཡང་དག་ཅིག་ཡོང་ཐབས་རྩ་བ་ནས་ཡོད་པ་མ་རེད།
དོན་འགྲུབ་བཀྲ་ཤིས། རྒན་ལགས་ཀྱིས་ད་སྔ་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་པ་ལས་གྲགས་ཆེ་ཤོས་དེ་ “མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང” རེད། དེ་སྐད་གྲགས་འགྲོ་དགོས་པའི་རྒྱུ་མཚན་གང་ལ་ངོས་འཛིན་གནང་གི་ཡོད།
པདྨ་འབུམ། ངའི་རྩོམ་དེར་སྐད་གྲགས་ཆགས་དོན་ཁ་ཤས་འདུག དང་པོ་དེ་རྩོམ་ཡིག་དེ་རྙོག་གླེང་གི་གཞི་ཞིག་ཏུ་གྱུར་བ་རེད། ༡༩༩༢ ལོར་ཨི་ཊ་ལི་ལ་དང་པོ་སྒྲོགས་སྦྱང་བྱེད་དུས་རྒྱ་མི་བོད་རིག་པའི་མཁས་པ་ཝང་ཡའོ་ལགས་ནས་ཚོགས་ཐོག་རང་དུ་ངོ་རྒོལ་བྱས་པ་དང་། ངོ་རྒོལ་བྱེད་དུས་ཨི་ཊ་ལི་ཡི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཀྱང་ཡོད་སྟབས་ཚང་མ་ལ་ཆབ་སྲིད་ཀྱི་ཐོག་ནས་རྣམ་རིག་སྒྲིམ་དགོས་པ་ཞིག་བྱུང་བ་རེད། དེ་ནས་དྷ་རམ་ས་ལར་རྩོམ་ཡིག་དེ་རྙོག་གླེང་ཆེན་པོ་ཆགས་པ་རེད། ངས་ནང་ཆོས་ལ་སྐྱོན་བརྒྱབ་སོང་ཟེར་ནས་མཐའ་ན་ང་གསོད་དགོས་ཀྱི་འདུག་ཟེར་མཁན་ཡང་བྱུང་བ་རེད། རྩོམ་ཡིག་བཟང་རུང་ངན་རུང་སྤྱི་ཚོགས་ཀྱི་རྙོག་དྲ་ཞིག་ཆགས་དུས་རྩོམ་དེ་ལ་སྐད་གྲགས་འདྲ་ཞིག་འགྲོ་རྒྱུ་ཡིན་པར་ཐེ་ཚོམ་ཡོད་པ་མ་རེད། རྩོམ་ཡིག་དེ་སྐད་གྲགས་ཆགས་དོན་འདོན་སའི་ས་ཆ་དང་དུས་ཚོད་གཉིས་ལའང་འབྲེལ་བ་ཡོད་པ་རེད། རྩོམ་ཡིག་དེ་བོད་ནང་དུ་བཏོན་ཡོད་ན་སྐད་གྲགས་འགྲོ་ཡོད་པ་མ་རེད། བོད་ནང་དུ་ལྟ་བ་དེ་འདྲ་འཛིན་མཁན་སྐོར་ཞིག་ཡོད་པ་རེད་ལ། ལྟ་བ་དེ་འདྲ་འཁོར་སྐྱོད་བྱེད་སའི་ཤེས་ཡོན་ཅན་གྱི་སྡེ་ཞིག་ཀྱང་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་དེ་འདྲ་མ་རེད། སྤྱི་ཚོགས་ཧ་ཅང་ཆུང་ཆུང་རེད། ཤེས་ཡོན་ཅན་གྱི་སྡེ་དང་སྤྱིར་བཏང་གི་སྤྱི་ཚོགས་གཉིས་འདྲེས་ནས་བསྡད་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་ནང་དུ་ཆོས་ལ་སྐྱོན་རྒྱག་མཁན་ཞིག་ཡིན་ན་སྤྱི་ཚོགས་ནང་ལ་ཤོང་གི་མ་རེད། དུས་ཚོད་ཀྱི་ཆ་ནས་རེད། རྩོམ་ཡིག་དེ་དེང་སང་ཞིག་ལ་བཏོན་ཡོད་ན་སྐད་གྲགས་ཆགས་ཡོད་པ་མ་རེད། དེང་སྐབས་དེ་འདྲ་བཤད་མཁན་བོད་ཕྱི་ནང་གཉིས་ཀར་ཡོང་གི་ཡོད་པ་རེད། ད་དུང་གྲགས་རྐྱེན་གལ་ཆེ་ཤོས་གཅིག་རྩོམ་ཡིག་དེའི་ནང་ན་སེམས་ཚོར་དྲག་པོའི་ཚིག་རྗོད་མང་པོ་ཡོད་པ་དེ་རེད།
རྩོམ་ཡིག་འདི་བོད་པའི་ཁྲོད་དུ་གྲགས་ཆེ་བ་མ་གཏོགས་ཕྱི་རྒྱལ་ལ་དེ་འདྲའི་མིང་གྲགས་ཡོད་པ་མ་རེད། ང་ཚོ་བོད་པ་གཞོན་སྐྱེས་རྣམས་རྒྱུ་མཚན་གནས་ལུགས་དང་སེམས་ཚོར་ཆེན་པོ་གཉིས་བསྲེས་ནས་བྲིས་པའི་རྩོམ་ཡིག་ལ་དགའ་བོ་ཞེ་དྲགས་རེད། རྒྱུ་མཚན་གནས་ལུགས་ཇི་འདྲའི་བཟང་ན་ཡང་དེ་ལ་སེམས་ཚོར་ཞིག་འདྲེས་མ་ཐུབ་ན་བོད་མིའི་ཁྲོད་དུ་དོ་སྣང་བསླེབ་ཀི་མ་རེད། ཕྱི་རྒྱལ་ལ་ཅུང་ཙམ་གྲགས་ཆེ་བ་ནི་ངའི་དྲན་ཐོ་སྨིན་དྲུག་སྐེ་འཁྱོག་ཟེར་བ་དེ་རེད། ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་སློབ་གྲྭ་ཆེན་མོ་དྲུག་བདུན་ཞིག་གིས་བསླབ་དེབ་ཀྱི་ཚུལ་དུ་བེད་སྤྱོད་གཏོང་གི་ཡོད་པ་རེད། དེབ་འདི་དཔར་ཐེངས་མང་པོ་ཞིག་ལ་དཔར་བ་རེད། དེབ་འདི་ཕྱི་རྒྱལ་ལ་གྲགས་ཆེ་བའི་རྒྱུ་མཚན་གཞན་པ་ཅང་མ་རེད། གཙོ་བོ་རིག་གནས་གསར་བརྗེ་སྐབས་ལ་ང་རང་བྱིས་པ་ཞིག་ཡིན་པའི་ཆ་ནས་ཅི་ཞིག་མཐོང་ཐོས་མྱོང་གསུམ་རྣམས་སེམས་ཚོར་གྱི་དབང་དུ་མ་སོང་བར་ཇི་མ་ཇི་བཞིན་བྲིས་ཡོད་པ་དེས་རེད་བསམ་གྱི་འདུག འདི་ང་ཚོ་བོད་པ་དང་ནུབ་ཕྱོགས་པ་གཉིས་ཀྱི་རྩོམ་ཡིག་ལ་དགའ་ཕྱོགས་ཀྱི་ཁྱད་པར་ཞིག་རེད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
དེང་སྐབས་གཞིས་ཆགས་སྲ་བརྟན་མེད་པ་དང་གཞོན་སྐྱེས་མང་བོ་ལས་མེད་ཆགས་ཡོད་པའི་དཀའ་ངལ་སེལ་ཐབས་ནི་ནང་ཚང་རེ་ནས་ཕྱིའི་རྒྱལ་ཁབ་ཁག་ལ་ལས་ཀའི་ཐོངས་མཆན་སྒང་མི་རེ་མངགས་རྒྱུའི་ཐབས་ཤེས་ཤིག་བཙལ་འོས་པ་དུས་བབ་ཀྱིས་ཐག་བཅད་ཡོད་ཅིང་། དེ་ནི་གཞན་མ་ཡིན་པར་བཙན་བྱོལ་སྤྱི་ཚོགས་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ཀྱི་གཟིགས་སྐྱོང་འོག་གནས་ཡོད་སྟབས། གཅིག་ནས་རང་ཁ་རང་གསོའི་སྲིད་བྱུས་ལ་རྒྱབ་བསྐྱོར་ཐོབ་སྲིད་པ་དང་། གཉིས་ནས་ནང་ཚང་ཆ་སྙོམས་ཀྱི་དཔལ་འབྱོར་དཀའ་ངལ་སེལ་ཐུབ་པར་མ་ཟད། གཞན་བརྟེན་འཚོ་བ་ནས་རང་འཚོའང་སྣེ་ཁྲིད་བྱེད་ཐུབ་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་ཆིག་སྒྲིལ་གྱི་ལམ་ཆེན་ཞིག་གི་ནང་དུ་ཤར་བསྐྱོད་གནང་བར་གཞོགས་འདེགས་བླ་ན་མེད་པ་ཞིག་ཐོན་ཐུབ་ཀྱི་ཡོད་པས། ཐབས་ཤེས་དེ་བཞིན་བེད་སྤྱོད་གཏོང་འོས་པའི་ཁོངས་སུ་གཟིགས་ཀྱི་ཡོད་མེད།འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་པ་མང་ནས་མང་དུ་ཡོང་ཐབས་སྤྱི་དང་སྒོས་སུ་བོད་ཕྲུག་ཁྱིམ་སྡེ་ཁག་གི་འཛིན་སྐྱོང་དང་སློབ་སྦྱོང་བསྐུལ་འདེད་ཐད་སྲིད་ཇུས་ག་རེ་ལག་བསྟར་བྱེད་ཀྱི་ཡིན་མིན་དང་། སྒོས་སུ་ཕྱི་རྒྱལ་ཡུལ་ལུང་ཁག་གི་བོད་མི་བརྒྱ་ཕྲག་ཁ་ཤས་འདུས་སྡོད་བྱས་ཡོད་པའི་གྲོང་ཁྱེར་རམ། གྲོང་གསེབ་ཁག་གི་གཞུང་འབྲེལ་སློབ་ཆུང་རིམ་པའི་ནང་བོད་ཡིག་གདམ་གཞིའི་སློབ་ཚན་དུ་འཇོག་པར་ཐབས་ཤེས་གནང་འདུན་ཡོད་མེད་ཀྱང་ཤིན་ཏུ་གལ་ཆེ། རྒྱུ་མཚན་ནི་ཕྱི་རྒྱལ་གྱི་སྲིད་གཞུང་གང་ཡིན་ནའང་། བོད་པའི་ཆོས་རིག་སྲུང་སྐྱོབ་ལ་རྒྱབ་བསྐྱོར་ཡོད་ཚུལ་བརྗོད་ཀྱིན་པས། ཁ་བཤད་རྒྱབ་བསྐྱོར་ནས་ལག་ལེན་རྒྱབ་བསྐྱོར་དུ་བསྐུལ་འདེད་གཏོང་དགོས་ཀྱི་ཡོད་ལ། བོད་ཕྲུག་ཚོར་ཡང་བོད་ཡིག་བསླབ་གཞི་གདམ་ག་བྱེད་པར་མཐུན་རྐྱེན་བསྐྲུན་ཐུབ་ཡོད།
བརྡ་འཕྲིན་དུས་རབས་ལ་གདོང་གཏོད་པར་གྲ་སྒྲིག་བྱེད་དགོས་པ་དེ་བོད་པའི་རྩོམ་པ་པོ་རྒན་རབས་པ་རྣམས་དང་། དགོན་སྡེ་ཁག་གི་དགེ་བཤེས་ཚོས་གང་ཤེས་པ་དང་ཤཻས་ཡོན་གང་ཡོད་པ་དག་ཡིག་ཐོག་ཏུ་ཕབ་ཐབས་བྱེད་རྒྱུ་དང་། ཡིག་ཐོག་ཏུ་ཕབ་པ་དེ་ཡང་ཤོག་ཐོག་ལ་ཕབ་རྒྱུ་གཅིག་པོ་མིན་པར་དེངས་རབས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཐོག་འགོད་ཐུབ་པ་དང་ཉར་ཐུབ་ཐབས་ལ་འབད་བརྩོན་གནང་དགོས་པ་དེ་རེད། གཉིས་ནས་བོད་པའི་བཀའ་བསྟན་དང་གཙུག་ལག་རིག་གནས་རི་རབ་ལྟ་བུ་ཡོད་པ་དེ་དག་དེངས་རབས་ཀྱི་བརྡ་འཕྲིན་ནང་འཛམ་གླིང་མི་མང་ལ་མཉམ་སྤྱོད་མྱོང་རོལ་བྱེད་ཐབས་གནང་རྒྱུུ་དེ་དག་བོད་པའི་ཤེས་ཡོན་པའི་གདོང་ལེན་གནང་དགོས་པའི་སྣ་མགོར་བསླེབས་ཡོད་པའི་ཉེན་ཁ་རང་བཞིན་ཅན་གྱི་ལས་འགན་ལྡོག་མེད་དེ་རེད།
ཞིབ་འཇུག་བྱེད་ཐབས་སྐོར་ལ་དྲི་བ་དྲི་ལན་གནང་བ་ཤིན་ཏུ་ནས་ཐུགས་རྗེ་ཆེ། ལམ་སྟོན་ཁ་གསལ་བློ་ལ་འཛིན་བདེ་བ་ཞིག་གསུངས་གནང་འདགུ
རྒན་པད་མ་འབུམ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ། དྲི་བ་དྲིས་ལན་ཟབ་ཅིང་རྒྱ་ཆེ་བ་གནང་འདུག་བློ་སྐྱེད་ཆེན་པོ་སྤྲད་སོང་། ཁྱེད་རང་ཚོ་བོད་ཕྱི་ནང་གཉིས་སུ་བརྩི་བཀུར་དང་མི་རབས་གཉིས་ཀྱིས་ངོས་ལེན་ཡོད་པའི་ཤེས་ཡོན་ཅན་དག་གི་སྐུ་ཚེ་སྐལ་བར་བརྟན་ཞིང་ཐུགས་དོན་ཅི་བཞིན་འགྲུབ་པའི་སྨོན་ལམ་འདེབས།