ཨ་རིའི་གཞུང་གིས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བྱ་བར་ཚོང་ཁྲལ་བརྒྱ་ཆ་ ༤༠ སྤོར་དགོས་སྐོར་བཤད་པ་དེ་ནི་གནས་ལུགས་མེད་པའི་སྐད་ཆ་ཞིག་རེད་ཟེར།
རྒྱ་ནག་ལྷོ་རྒྱུད་ནངས་མོའི་གསར་ཁང་ (scmp) གིས་གནས་ཚུལ་སྤེལ་བའི་ནང་། ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཌི་ཊི་རུམ་ཕི་ (Donald Trump) ཡིས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་ལ་ཚོང་ཁྲལ་བརྒྱ་ཆ་ ༤༠ སྤར་དགོས་སྐོར་བརྗོད་ཡོད་པ་དང་། དེ་ལ་རྒྱ་ནག་གི་དཔལ་འབྱོར་བློན་ཆེན་ལུའུ་ཅེ་ཝེ་ (Lou Jiwei) ཟེར་བས་ཊི་རུམ་ཕི་ནི་གནས་ལུགས་མི་བརྩི་མཁན་ཞིག་ཡིན་ལུགས་བཤད་འདུག
ཁ་སང་གཟའ་ཉི་མའི་ཉིན་ཨ་རིའི་དུས་དེབ་གསར་ཁང་ (WSJ) གི་བཅར་འདྲིའི་སྐབས་སུ། རྒྱ་ནག་གི་དཔལ་འབྱོར་བློན་ཆེན་ལུའུ་ཅེ་ཝེ་ཡིས་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊི་རུམ་ཕིས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བྱ་བར་ཚོང་ཁྲལ་བརྒྱ་ཆ་ ༤༠ སྤོར་བ་ཡིན་ན། དེ་ནི་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་གཏན་འབེབས་བྱས་པའི་སྒྲིག་ཁྲིམས་ལ་གཏོར་བརླག་བཏང་བ་ཡིན་ལུགས་དང་། གལ་ཏེ་ཨ་རིའི་གཞུང་གིས་ཊི་རུམ་ཕིའི་དམིགས་འདུན་ལག་བསྟར་བྱས་པ་ཡིན་ན། ཨ་རིའི་རྒྱལ་ཁབ་དེ་བཞིན་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཀྱི་མཚན་གནས་ནས་ཕྱིར་འཐེན་བྱེད་དགོས། ཨ་རིའི་གཞུང་གིས་ཐུན་མོང་གི་ཁེ་ལས་ཐད་ནས་ཨ་རྒྱ་གཉིས་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་པ་ཤེས་དགོས། ང་ཚོ་ཕན་ཚུན་གཅིག་ལ་གཅིག་རྟེན་གྱིས་དཔལ་འབྱོར་འཁོར་རྒྱུག་ཐུབ་ཀྱི་ཡོད་ལུགས་བཤད་འདུག
ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊི་རུམ་ཕི་ཡིས། རྒྱ་ནག་གཞུང་གིས་ང་ཚོའི་ལས་གནས་དང་དངུལ་ལོ་ཕྲོགས་སོང་། ང་ཚོར་ཐེབས་པའི་མགོ་གཡོག་མགོ་སྐོར་ལ་ང་ཚོས་མུ་མཐུད་བཟོད་བསྲན་མི་ཐུབ། རྒྱ་ནག་གཞུང་ལ་རང་དབང་གིས་ཉོ་ཚོང་བྱེད་དུ་བཅུག་མི་ཆོག་ཅེས་སོགས་བརྗོད་ཅིང་། ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊི་ཌི་ཁ་རུ་ཙེ་ (Ted Cruz) ཡིས། ཁྱེད་ཀྱིས་རྒྱ་ནག་གི་ཐོན་ཟོག་རྫུན་མ་བྱིས་པའི་ཆུ་གདན་དང་སྣུམ་འཁོར། གྱོན་ཆས་སོགས་ཉོ་སྐབས། ཁྱེད་ལ་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་ཐད་ཚོང་ཁྲལ་བརྒྱ་ ༤༠ སྤོར་དགོས་ཞེས་བརྗོད་མཁན་སྲིད་འཛིན་གསར་བ་ཞིག་འཐོན་པ་ཡིན་ན་ཧ་ཅང་ལེགས་པོ་ཡོད་སྐོར་བརྗོད་འདུག
གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་གཞུང་གིས་རྒྱ་ནག་དང་ལྷན་དུ་ཉོ་འཚོང་ཁྲོད་གྱོང་གུད་ཨ་སྒོར་ཐེར་འབུམ་ ༣༦༦ དང་། ཕྱི་ལོ་ ༢༠༡༤ ལོར་ཨ་སྒོར་ཐེར་འབུམ་ ༣༤༣ ཐེབས་ཡོད་པ་དེ་རྒྱ་ནག་དང་ཚོང་འབྲེལ་རྒྱལ་ཁབ་གཞན་དག་དང་བསྡུར་ན་ཁེ་གྱོང་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་དང་པོ་དང་གཉིས་པའི་ནང་། ཨ་རིའི་ཉོ་ཚོང་གི་གྱོང་གུད་བརྒྱ་ཆ་ ༡༢ ལྷག་འཕར་ཡོད་ཅིང་། རྒྱ་ནག་ནི་ཨ་རིའི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པར་འདུག
གསར་འགོད་པ། པདྨ་རྒྱལ།