མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་བོད་དུ་ཕེབས་མི་འོས་པའི་རྒྱུ་མཚན་བདུན།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་་་་་་་་་་་པེ་ཅིན་གྱི་ཁ་གཏད་དྷ་རམ་ས་ལའི་ལངས་ཕྱོགས་དེ་ཧ་ཅང་གཉན་འཕྲང་ཅན་དུ་གནས་ཡོད་པའི་སྐབས་འདིར་ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕེབས་འཆར་ཐད་ཁོང་དང་ཁོང་གི་སློབ་སྟོན་པ་ཚོས་དགེ་སྐྱོན་བསྡུར་ཞིབ་ནན་མོ་བྱེད་རྒྱུ་ཤིན་ཏུ་གལ་ཆེ།

ཝིཇཡ་ Vijay Kranti ཀྲཱཾཏཱི་ཡིས་བྲིས།

ཡེ་ཤེས་དོན་གྲུབ་ཀྱིས་བོད་འགྱུར་བྱས།

Tibet-India-Politicsདེང་གི་ཆར་པེ་ཅིན་དང་དྷ་རམ་ས་ལའི་དབར་གྱི་འབྲེལ་ལམ་ཐད་རྟོག་ཞིབ་བྱེད་མཁན་ཚོས་ཏཱ་ལའི་བླ་མ་རྒྱ་ནག་གི་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་རྒྱུའི་སྐོར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད། གནས་ཚུལ་གོ་རྟོགས་མེད་མཁན་ཚོར་མཚོན་ན། ཆོས་ལུགས་དབུ་ཁྲིད་ཅིག་གནས་ཆེན་ཞིག་ཏུ་གནས་མཇལ་ལ་ཕེབས་རྒྱུ་དེ་ནི་གནས་ཚུལ་སྤྱིར་བཏང་ངམ་ཆུང་ཙག་ཡིན་པ་ལས་དམིགས་བསལ་ཞིག་གང་ཡང་མཐོང་གི་མེད། པེ་ཅིན་དང་དྷ་རམ་ས་ལའི་བར་འབྲེལ་ལམ་བསྐྱར་གསོ་བྱེད་འདོད་ཡོད་མཁན་ཁག་ཅིག་གིས་གནས་ཚུལ་དེ་ནི་དགའ་བསུ་བྱེད་འོས་པར་རྩི་ཡི་ཡོད་པ་རེད། དེ་ལྟར་ཡང་རྒྱ་ནག་གི་ཡུལ་བབ་སྲིད་ཇུས་ཐོག་བོད་དེ་གལ་གནད་ཆེན་པོ་ཡིན་པ་དང་། ད་ལྟའི་ཏཱ་ལའི་བླ་མ་ནི་མ་འོངས་པར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་བརྟེན། ཁོང་རྒྱ་ནག་ཏུ་ཕེབས་ཐུབ་པ་ཡིན་ན། ཨེ་ཤི་ཡའི་ནང་ད་དབར་ལོ་བཅུ་ཕྲག་ཁ་ཤས་ནང་བྱུང་མ་མྱོང་པའི་འགྱུར་ལྡོག་ཅིག་འབྱུང་རྒྱུའི་རེ་བ་ཆེན་པོ་ཡོད་པ་རེད།

ཉེ་བའི་ལོ་ཁ་ཤས་ནང་དྷ་རམ་ས་ལར་བྱུང་བའི་གསང་བའི་གནས་ཚུལ་ཁག་ལ་བལྟས་ན། བོད་དོན་ལ་དོ་སྣང་བྱེད་མཁན་མང་པོ་ཞིག་གི་ཚོར་སྣང་ལ། ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་ལོ་བརྒྱད་རིང་བྱུང་བའི་བོད་རྒྱ་འབྲེལ་མོལ་ཐོག་དོན་འབྲས་ཅི་ཡང་བྱུང་མེད་པ་དང་རྒྱ་ནག་གཞུང་གིས་བློ་བུར་དུ་འབྲེལ་མོལ་བྱེད་མཚམས་བཞག་ཀྱང་། ཕྱོགས་གཉིས་དབར་སྡིངས་ཆ་མི་འདྲ་བ་ཞིག་སྒང་ལ་སྐད་ཆ་ཤོད་རེས་བྱེད་ཀྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། བོད་རྒྱའི་གནད་དོན་རྟོག་ཞིབ་བྱེད་མཁན་མང་པོ་ཞིག་གི་མཐོང་ཕྱོགས་ལ། བཙན་བྱོལ་བོད་གཞུང་གི་མི་སྣ་གཙོ་བོ་ཁག་ཅིག་གིས་ཏཱ་ལའི་བླ་མ་དགོངས་པ་མ་རྫོགས་སྔོན་བཙན་བྱོལ་གཞུང་དང་རྒྱ་ནག་འགོ་ཁྲིད་ཚོའི་དབར་ནང་མོལ་འགྲིགས་འཇགས་བྱུང་ན་རབ་དང་། དེ་མིན་ཁོང་རྒྱ་ནག་ཏུ་ཕེབས་ཐུབ་པའི་གོ་སྐབས་ཞིག་ཡོང་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

པེ་ཅིན་ནས་བརྡ་གསལ་པོ་བཏང་བ།

དྷ་རམ་ས་ལའི་གཞུང་གི་མི་སྣ་ཚོས་སྦས་གསང་དམ་པོ་བྱེད་ཀྱི་ཡོད་ཀྱང་ཉེ་ཆར་གྱི་གནས་ཚུལ། དཔེར་ན་ཟླ་ཤས་སྔོན་དྷ་རམ་ས་ལར་རྒྱ་ནག་གཞུང་གི་བློན་ཆེན་གནས་རིམ་གྱི་མི་སྣ་ཞིག་གིས་ཏཱ་ལའི་བླ་མར་མཇལ་འཕྲད་ཞུས་སྐོར་ཕྱིར་གྲགས་བྱས་མེད་ཀྱང་རྒྱུན་དུ་དོ་སྣང་བྱེད་མཁན་ཚོས་ཤེས་རྟོགས་བྱུང་ཡོད་པ་རེད། རྒྱ་ནག་ངོས་ནས་ཟུར་བརྡ་ཡང་ཡང་གཏོང་བཞིན་པར་བལྟས་ན་རྒྱ་ནག་གཞུང་ནི་བཙན་བྱོལ་བོད་མིའི་དབུ་ཁྲིད་ཟུར་པ་དང་ཆོས་ལུགས་ཀྱི་ཆེས་མཐོའི་དབུ་ཁྲིད་ཏཱ་ལའི་བླ་མ་རྒྱ་ནག་ཏུ་དུས་ཐུང་འཚམས་གཟིགས་དང་། ཡང་ན་གནས་མཇལ་ངོ་བོ་གང་རུང་ཐོག་གདན་འདྲེན་ཞུ་རྒྱུར་ཧ་ཅང་རྔམ་གྱི་ཡོད་པ་ཁ་གསལ་རེད།

ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༤ ཉིན་བོད་ཐོག་བསམ་བློ་བ་གཙོ་གྲས་དང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་དེང་རབས་ཕྱི་སྲིད་ཉམས་ཞིབ་ཁང་ (China Institute of Contemporary International Relations [CICIR]) གི་མགོ་འཛིན་ཧུའུ་ཧྲི་ཧྲེང་(Hu Shisheng) གིས་བརྗོད་དོན། ཏཱ་ལའི་བླ་མ་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་རྒྱུ་ནི་ “ལོ་རྒྱུས་ལྡན་པའི་གནས་ཚུལ་” དང་ “གསར་གཏོད་རང་བཞིན་གྱི་ཕྱག་ལས་” རེད་ཅེས་བརྗོད་ཡོད། ཡང་ཕྱི་ལོ་ ༢༠༡༤ ཟླ་ ༩ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ལ་འཚམས་གཟིགས་མ་གནང་ཉིན་གཅིག་སྔོན་རྒྱ་ནག་གཞུང་གི་དྲྭ་རྒྱ་ sina.com ཐོག་ “ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕྱིར་ལོག་ཕེབས་ན་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་རེད་” ཅེས་འབྲེལ་ཡོད་མི་སྣ་ཁག་གཅིག་གིས་བརྗོད་ཡོད་ཚུལ་བཀོད་ཡོད།  བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་གཞོན་པ་ཝུ་དབྱིང་ཅེ་(Wu Yingjie) ཡིས་ཏཱ་ལའི་བླ་མ་ཕྱིར་ལོག་ཕེབས་རྒྱུའི་སྐོར་ཁོང་གི་སྐུ་ཚབ་རྣམས་དང་མཉམ་དུ་གྲོས་མོལ་གང་ལེགས་འགྲོ་བཞིན་ཡོད་ཚུལ་བརྗོད་ཡོད། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་ཧྥ་རན་སིའི་གསར་འགྱུར་ཁང་ AFP  ཡིས། དྷ་སར་དེ་གའི་གསར་འགོད་པ་ཞིག་ལ་ཏཱ་ལའི་བླ་མས་ཁོང་སྔ་མ་ནས་རྒྱ་ནག་ཏུ་གནས་མཇལ་ཕེབས་རྒྱུའི་དགོངས་གཞི་ཡོད་པ་དེའི་སྐོར་ཁོང་སྒེར་གྱི་ཐོག་ནས་པེ་ཅིན་གཞུང་དང་གྲོས་མོལ་གནང་གི་ཡོད་ཅེས་གསུངས་ཡོད་ཚུལ་བཀོད་ཡོད་པ་རེད།

ཕྱོགས་གཉིས་དབར་རྣམ་དཔྱོད་ཀྱི་འགྲན་རྩོད།

ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་ཐོག་ཡོངས་ཁྱབ་ཏུ་སྩལ་བའི་གསུང་འཕྲིན་ནང་ཏཱ་ལའི་བླ་མས་ཁོང་རྒྱ་ནག་ཏུ་གནས་མཇལ་དུ་ཕེབས་འདོད་ཡོད་ཅེས་གསལ་བསྒྲགས་གནང་ཡོད་ཅིང་།  གསལ་བསྒྲགས་དེ་ཡང་ཁོང་གི་དམིགས་བསལ་སྐུ་ཚབ་རྣམ་པ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་བྱེད་བཞིན་པའི་སྐབས་དེར་གནང་ཡོད་པ་རེད། དེར་བརྟེན་རྟོག་ཞིབ་པ་ཚོས་དང་ཐོག་ཁོང་གི་གསལ་བསྒྲགས་དེ་ནི་ཁོང་དང་པེ་ཅིན་དབར་གྱི་སྲིད་ཇུས་དམག་འཐབ་ནང་ཁོང་གིས་འབར་མདེལ་འཕེན་པ་མིན་ནམ་སྙམ་ཡོད། ཏཱ་ལའི་བླ་མར་ཉེ་བའི་མི་སྣ་ཁག་གཅིག་གི་བསམ་བློ་ལ། ཁོང་བོད་དམ་རྒྱ་ནག་ཏུ་ཕེབས་ན་བོད་མི་དང་རྒྱ་རིགས་དད་ཅན་མང་པོ་ཁོང་མཇལ་དུ་ཡོང་ངེས་དང་། དེས་ཁོང་རྒྱ་ནག་གཞུང་མཉམ་དུ་འབྲེལ་མོལ་སྐབས་ཁེ་ཕན་ལེན་ཐུབ་པའི་ནུས་པ་ཆེ་རུ་གཏོང་གི་རེད་ཅེས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།

པེ་ཅིན་གྱི་རྣམ་འགྱུར་བཟང་དུ་འགྲོ་བ།

དེ་ལྟར་ཡང་རྒྱ་ནག་གཞུང་གིས་སྔར་ཕྱི་ལོ་ ༡༩༥༡ ལོར་བོད་བཙན་བཟུང་བྱས་པ་ནས། དམིགས་བསལ་ཏཱ་ལའི་བླ་མ་རྒྱ་གར་དུ་ཉེན་ཡོལ་དུ་ཕེབས་པ་ནས་བཟུང་ཁོང་ལ་རྒྱུན་ལྡན་ཟུར་ཟ་དང་མཚན་སྨད་བྱས་དང་བྱེད་བཞིན་པ་ལྟར་ད་ལམ་ཁོང་གི་གསལ་བསྒྲགས་དེར་ཡང་ཁོང་ཚོས་ངན་སྨྲས་བྱས་ཡོད། ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༡༣ ཉིན་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཇི་ཤ་ཕེའི་ (Qi Xiafei) ཡིས་བརྗོད་དོན། ཏཱ་ལའི་བླ་མ་ནི་ཆོས་ལུགས་ཀྱི་མི་སྣ་གྲགས་ཅན་ཙམ་མ་ཡིན་པར་ཡུན་རིང་མེས་རྒྱལ་ཁ་ཐོར་གཏོང་རྒྱུ་དང་མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་རྒྱུར་འབད་རྩོལ་བྱེད་མཁན་ཁ་བྲལ་རིང་ལུགས་པ་ཨུ་ཚུགས་ཅན་ཞིག་རེད་ཅེས་བརྗོད་ཡོད།

དོ་སྣང་བྱེད་འོས་པ་ཞིག་ལ། ལོ་དེའི་ཕྱི་ཟླ་ ༧ པའི་ནང་ཏཱ་ལའི་བླ་མ་མཚོ་སྔོན་ནང་ཁོང་གི་འཁྲུངས་ཡུལ་ཉེ་ཁྲིས་སུ་ཡོད་པའི་སྙན་གྲགས་ཅན་གྱི་སྐུ་འབུམ་དགོན་པར་ཕེབས་ཡོད་པའི་དཀྲོགས་གཏམ་ཞིག་སྤང་ལ་མེ་ཤོར་བ་ལྟར་གང་སར་ཁྱབ་པ་རེད། དེ་མ་ཐག་བོད་པ་དང་རྒྱ་རིགས་དད་ཅན་སྟོང་ཕྲག་མང་པོ་གྲོང་ཁྱེར་དེར་ཁོང་མཇལ་བར་སླེབས་ཏེ་། མཐར་མི་ཚོགས་ཀྱི་གྲངས་འབོར་ཆེ་རུ་ཕྱིན་ཏེ་སྟངས་འཛིན་བྱེད་དཀའ་བར་གྱུར་སྐབས་རྒྱ་གཞུང་གི་གསར་འགྱུར་རྒྱུད་ལམ་ཁག་གིས་གནས་ཚུལ་དེ་དཀྲོགས་གཏམ་ཡིན་ཚུལ་གསལ་བསྒྲགས་བྱས་ཤིང་བདེ་འཇགས་མི་སྣས་མི་ཚོགས་རྣམས་གྲོང་ཁྱེར་ནས་ཕྱིར་བཏོན་བྱས་པ་རེད། རྟོག་ཞིབ་པ་ཚོས་དེ་ནི་གལ་སྲིད་ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕེབས་ཚེ་མང་ཚོགས་ཀྱི་སྤྱོད་པ་ཇི་ལྟར་སྟོན་མིན་ལྟ་ཚོད་བྱ་རྒྱུ་དང་སྔོན་ཚུད་ནས་གཞུང་གིས་གྲ་སྒྲིག་ཇི་ལྟར་བྱེད་དགོས་མིན་ཤེས་རྒྱུར་རྒྱ་གཞུང་གིས་ཆེད་མངགས་དཀྲོག་གཏམ་སྤེལ་བ་རེད་ཅེས་བསམ་ཚུལ་བརྗོད་ཡོད།

རྒྱ་ནག་གི་དགའ་གླུ་ཡིན་ནམ་ཉེན་བརྡ་རེད།

ཏཱ་ལའི་བླ་མས་ཁོང་རྒྱ་ནག་ཏུ་ཕེབས་རྒྱུའི་དགོངས་གཞི་སྐོར་གསལ་བསྒྲགས་བསྐྱངས་ནས་ལོ་དགུ་འདས་རྗེས་རྒྱ་ནག་གཞུང་གིས་བློ་བུར་དུ་སྔར་དང་མི་འདྲ་བའི་བརྡ་ལན་ཞིག་སྤྲད་པ་རེད། དེས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་རྒྱ་ནག་གི་མགོ་ཁྲིད་ཚོས་བོད་དོན་དང་ཏཱ་ལའི་བླ་མ་དང་འབྲེལ་བའི་གནས་ཚུལ་གང་ཡིན་རུང་ཁོང་ཁྲོ་དང་། དོགས་པ་རྣམ་རྟོག། འཇིགས་སྣང་བྱེད་པའི་ངང་ཚུལ་ལས་འདས་ཏེ་ཁོང་ཚོར་གདེང་སྤོབས་གསར་པ་ཞིག་སྐྱེས་ཡོད་པ་གསལ་སྟོན་བྱས་ཡོད། དེས་ན་ཏཱ་ལའི་བླ་མ་དང་། ཁོང་གི་སློབ་སྟོན་པ་དང་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་པ་དེ་དང་མང་ཚོགས་ཀྱི་མངོན་གསལ་རྣམ་འགྱུར་གཉིས་ལ་བསམ་གཞིགས་ནན་མོ་བྱས་ཏེ། ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕེབས་རྒྱུའི་སྐོར་དང་། ཡང་ན་བོད་རྒྱ་འབྲེལ་མོལ་གསར་པ་འགོ་འཛུགས་རྒྱུའི་ཐད་དགེ་མཚན་དང་ཉེན་ཁ་གཉིས་དབར་ཡང་ལྕི་གཞལ་རྒྱུ་ཤིན་ཏུ་གལ་ཆེ།

འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་པེ་ཅིན་དང་དྷ་རམ་ས་ལ་གཉིས་བར་གྱི་སྲིད་ཇུས་འགྲན་རྩོད་དེར་ཕྱི་མིག་ཅིག་བལྟས་ན། ཕྱོགས་གཉིས་བར་ཁྱད་པར་ཆེན་པོ་ཡོད་པ་གསལ་པོ་མཐོང་ཐུབ། དེ་ཡང་པེ་ཅིན་གཞུང་གིས་བོད་ཐོག་དབང་སྒྱུར་ཇེ་བཙན་གཏོང་རྒྱུ་དང་བོད་ཐོག་འཛིན་པའི་སྲིད་ཇུས་དེར་སྐྱོན་བརྗོད་བྱེད་མཁན་ཚོར་ཁ་གཏད་གཅོག་ཐབས་པེ་ཅིན་གྱིས་ཕྱོགས་ཡོངས་ནས་ནུས་ཤུགས་ཆེ་རུ་བཏང་ཡོད་པ་རེད། འོན་ཀྱང་དྷ་རམ་ས་ལའི་ངོས་ནས་ཏཱ་ལའི་བླ་མ་དང་བོད་མི་མང་ཚོགས་ཀྱིས་ལོ་རབས་ལྔ་བཅུའི་ནང་ནས་རྒྱ་ནག་གི་དབང་སྒྱུར་ལ་འཐབ་རྒོལ་བྱས་པའི་བརྒྱུད་རིམ་ནང་དཀའ་ཚེགས་ཆེན་པོས་བསྒྲུབས་པའི་ཆབ་སྲིད་ཀྱི་དགེ་ཚན་རྣམས་རིམ་བཞིན་མེད་པར་བཟོས་ཡོད།

པེ་ཅིན་གྱིས་དྷ་རམ་ས་ལར་གོ་སྐབས་སྤྲད་པ་ཡིན་ནམ།

ལོ་རབས་ལྔ་བཅུ་ནས་དྲུག་ཅུའི་བར་ཁེར་རྐྱང་དུ་ལུས་པའི་བོད་དང་དབང་ཤུགས་ཅི་ཡང་མེད་པའི་ཏཱ་ལའི་བླ་མ་ཐབས་སྐྱོ་བའི་གནས་སྟངས་ནས་ག་ལེར་མདུན་བསྐྱོད་བྱས་ཏེ་ལོ་རབས་དགུ་བཅུའི་ནང་འཛམ་གླིང་མང་གཙོའི་སྤྱི་ཚོགས་སྤྱི་དང་དམིགས་བསལ་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ནང་ཧ་ཅང་སྙན་གྲགས་ཅན་དུ་གྱུར་པ་དེ་འཛམ་གླིང་ཡོངས་ཀྱིས་མཐོང་ཡོད་དུས་ངོ་མཚར་སྐྱེས་ཡོད་པ་རེད། དུས་རབས་གསར་པ་འདི་མགོ་མ་ཤར་སྔོན་རྒྱ་ནག་གི་མགོ་ཁྲིད་སུ་ཡང་འཛམ་གླིང་བཞི་ཆ་གསུམ་ལྷག་ནང་མངོན་གསལ་དོད་པའི་ཐོག་འགྲོ་བསྐྱོད་བྱེད་ཕོད་ཀྱི་མེད། ཁོང་ཚོ་གང་དུ་ཕྱིན་ཀྱང་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་འགྱུར་ངན་པ་སྟོན་པ་དང་ངོ་རྒོལ་སྐད་ཅོར་རྒྱག་པ་སོགས་བྱེད་ཀྱི་ཡོད་པ་རེད། དེ་ལས་ལྡོག་སྟེ་ཏཱ་ལའི་བླ་མ་ལ་ཆེས་མཐོའི་གཟེངས་རྟགས་ཕུལ་བ་དང་། གྲོང་ཁྱེར་མང་པོའི་རྒྱས་སྒོའི་ལྡེ་མིག་ཕུལ་བ། འཛམ་གླིང་ནང་གྲགས་ཆེ་བའི་གྲོས་ཚོགས་ཁག་གཅིག་ནང་ཁོང་ཕེབས་སྐབས། ཚོགས་མི་ཡོངས་ཀྱིས་དད་གུས་ཐོག་ཡར་ལངས་ནས་དགའ་བསུ་ཞུ་བ་དང་། འཛམ་གླིང་ནང་ཨོ་རྩེད་ཐང་ཆེན་མང་པོའི་ནང་མི་དམངས་ཚོས་ཁོང་ལ་དགའ་སྤྲོའི་འུར་སྐད་རྒྱག་པ་སོགས་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་འཛམ་གླིང་ཨོ་རྩེད་འགྲན་ཚོགས་ཀྱི་དཔལ་འབར་ (Olympic torch) དེ་རྒྱལ་ཁབ་འདྲ་མིན་བརྒྱུད་རྒྱ་ནག་ལ་འཁྱེར་འགྲོ་སྐབས་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་རྒྱལ་དར་ཁྱེར་ནས་ངོ་རྒོལ་ཤུགས་ཆེ་བྱས་ཤིང་འགོག་ཐབས་བྱས་ཡོད་པ་རེད། དེས་རྐྱེན་པས་པེ་ཅིང་དང་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཚོགས་ཆུང་གིས་མོ་འོངས་པར་དཔལ་འབར་དེ་ཚོགས་མི་རྒྱལ་ཁབ་ཚང་མའི་ནང་འཁྱེར་སྲོལ་དེ་མཚམས་འཇོག་བྱེད་དགོས་པ་བྱུང་ཡོད། ཡང་རྒྱ་ནག་གིས་འཛམ་གླིང་དངུལ་ཁང་ཆེན་མོར་རྒྱ་ནག་ནུབ་ཕྱོགས་དབུལ་ཕོངས་སེལ་རྒྱུའི་ལས་གཞི་ཞེས་པའི་ཆེད་དངུལ་བུན་གཡར་རྒྱུའི་ཞུ་ཡིག་ཕུལ་ཡོད་ཅིང་། ལས་གཞི་འདིའི་དམིགས་ཡུལ་ནི་བོད་ནང་དཔལ་འབྱོར་འཛུགས་སྐྲུན་ཡར་རྒྱས་བཏང་ནས་རྒྱ་ནག་ནས་ཧན་མི་རིགས་གང་མང་བོད་ནང་གནས་སྤོ་བྱ་རྒྱུ་ཡིན་པར་བརྟེན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཁྲོས་ནས་དངུལ་ཁང་གིས་རྒྱ་ནག་གཞུང་ལ་དངུལ་གཡར་ན་འགྲིག་གི་མེད་ཚུལ་དང་ཞུ་ཡིག་དེ་ཕྱིར་སློག་བྱེད་དགོས་ཞེས་དངུལ་ཁང་ལ་གནོན་ཤུགས་སྤྲད་ཡོད་པ་རེད།

དེ་ལྟ་ནའང་ཉེ་བའི་ཆར་རྒྱ་ནག་གི་གནས་སྟངས་དེ་ག་ལེར་འགྱུར་བ་འགྲོ་བཞིན་པ་དང་རྒྱ་ནག་གི་དབང་ཤུགས་ཆེ་རུ་དང་བརྟན་དུ་འགྲོ་བཞིན་ཡོད།  དཔེར་ན། ཐའི་ལེནྜ་དང་ཤྲཱི་ལང་ཀཱ་གཉིས་ཀ་ནང་པའི་མི་འབོར་ཤུགས་ཆེ་བའི་རྒྱལ་ཁབ་ཡིན་ཀྱང་། རྒྱ་ནག་གི་གནོན་ཤུགས་འོག་ཏཱ་ལའི་བླ་མར་ཐོངས་མཆན་གནང་གི་མེད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༠༦ ལོར་བེལ་ཇམ་གྱི་རྒྱལ་ས་བཱར་ཛེལ་སི་ (Brussels) ལ་བསྐྱངས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དབུ་འབྱེད་གནང་རྒྱུར་ཏཱ་ལའི་བླ་མ་མགྲོན་འབོད་གནང་ཡོད་ཀྱང་། རྒྱ་ནག་གི་གནོན་ཤུགས་འོག་སྦེལ་ཇམ་གཞུང་གིས་ཏཱ་ལའི་བླ་མར་ཐོངས་མཆན་གནང་མེད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༠༤ ཟླ་ ༡༠ པའི་ནང་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་ཚོགས་འདུ་ལྷོ་ཨ་ཕི་རི་ཀར་ཚོགས་གཏན་འཁེལ་ཞིང་ཏཱ་ལའི་བླ་མ་དེར་ཕེབས་རྩིས་ཡོད་རུང་། ལྷོ་ཨ་ཕི་རི་ཀས་གཞུང་གིས་རྒྱ་ནག་ལ་ཕོག་ཐུག་མི་གཏོང་བའི་ཆེད་ཁོང་ལ་ཐོངས་མཆན་གནང་མེད། ཕྱི་ལོ་ ༢༠༡༤ ཟླ་ ༣ ནང་སཱེ་པེན་(Spain) གྱི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྐོར་དང་འབྲེལ་བའི་གནད་དོན་གཉིས་ཐོག་ཁྲིམས་ཐག་གཅོད་རྒྱུ་ངེས་ཀྱང་། རྒྱ་ནག་གིས་གནོན་ཤུགས་སྤྲད་པར་བརྟེན། སཱེ་པེན་གྲོས་ཚོགས་ཀྱིས་ཁྲིམས་ཁང་གི་ཐག་གཅོད་བཀག་འགོག་བྱ་རྒྱུར་ཉིན་གཅིག་ཉིད་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་འབྲུ་དོན་ཁག་ཅིག་ལ་འགྱུར་བ་མ་བཏང་ཀ་མེད་བྱུང་ཡོད་པ་རེད། གལ་སྲིད་ཁྲིམས་ཁང་གིས་ཐག་གཅོད་བྱེད་ཐུབ་ཡོད་ན་ཧུའུ་ཅིན་ཐའོ། ལི་ཕིན་། ཅང་ཙེ་མེན་སོགས་རྒྱ་ནག་གི་འགོ་ཁྲིད་ལྔ་ཕྱི་རྒྱལ་གང་རང་དུ་ཕྱིན་ཚེ་རྒྱལ་སྤྱིའི་ཉེན་རྟོག་ཚོགས་པས་འཛིན་བཟུང་བྱེད་ཐུབ་ཀྱི་རེད།

རྒྱ་ནག་དེ་ནང་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ནམ།

བོད་ཀྱི་ཆོས་ལུགས་ཀྱི་མགོ་ཁྲིད་ཚོ་དང་ནང་བསྟན་གྱི་བསྟི་གནས་ཁག་གིས་བོད་མི་ཚོའི་བསམ་བློའི་འཁྱེར་སོ་ལ་་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་པར་བརྟེན། ཕྱི་ལོ་ ༡༩༨༧ དང་ ༡༩༨༩ ལོ་སོ་སོར་བོད་ནང་བོད་མིའི་སྒེར་ལངས་ཆེན་པོ་གཉིས་བྱུང་རྗེས་ནས་རྒྱ་ནག་གཞུང་གིས་ནང་པའི་ཆོས་ལུགས་ཐོག་ལ་སྲིད་ཇུས་འགྱུར་བ་གཏོང་མགོ་བཙུགས་ཡོད། བོད་ནང་ལ་ཆོས་དད་རང་མོས་ཐོག་ཅུང་གུ་ཡངས་བཏང་བ་དང་། ཕྱི་ལོ་ ༡༩༦༥ ལོར་གསར་འཛུགས་བྱས་པའི་བོད་རང་སྐྱོང་ལྗོངས་དང་དེ་བཞིན་ཡུན་ནན། སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་ནང་ཟླ་སྒྲིལ་བཏང་བའི་བོད་ས་ཁུལ་ཡོངས་སུ་སྔར་རིག་གནས་གསར་བརྗེའི་སྐབས་གཏོར་སྐྱོན་ཕོག་པའི་དགོན་པ་དང་ལྷ་ཁང་རྣམས་ལ་བསྐྱར་གསོ་དང་།  གཞུང་གི་དམ་བསྒྲགས་འོག་བཞག་ཡོད་པའི་དགོན་སྡེ་ལྷ་ཁང་རྣམས་ལ་ཆོག་མཆན་སྤྲད་ཡོད་པ་རེད། དེ་བཞིན། བོད་ཀྱི་བླ་ཆེན་ཁག་གི་སྤྲུལ་སྐུ་ངོས་འཛིན་ཐོག་ལའང་ཅུང་ཟད་རང་དབང་སྤྲད་ཡོད་པ་རེད། སྙན་གྲགས་ཆེ་བའི་བླ་ཆེན་ཁག་གཤེགས་ཚེ་རྒྱ་གཞུང་གིས་རྒྱ་རིགས་ལས་བྱེད་ཀྱི་སྣེ་ཁྲིད་འོག་སྤྲུལ་སྐུ་འཚོལ་ཞིབ་ཚོགས་ཆུང་ཞིག་སྐོ་བཞག་བྱེད་སྲོལ་བཟོས་ཡོད་ཅིང་། དཔེར་ན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་གཉིས་རྒྱ་གཞུང་གིས་བསྐོས་པའི་འཚོལ་ཞིབ་ཆོགས་ཆུང་གིས་ངོས་འཛིན་བྱས་ཤིང་གཞུང་གི་མཛད་སྒོ་གཟབ་རྒྱས་ཐོག་གསེར་ཁྲིར་མངའ་གསོལ་ཞུས་པ་རེད། སྤྲུལ་སྐུ་འཚོལ་ཞིབ་ཚོགས་ཆུང་ནང་ཡོད་པའི་བོད་ཀྱི་ཚོགས་མི་ཏཱ་ལའི་བླ་མར་དད་ཞེན་ཡོད་མཁན་ཚོས་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་ངོ་མར་ངོས་འཛིན་བྱས་ཡོད་ཀྱང་། ད་ཆ་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་གསེར་ཁྲིང་མངའ་གསོལ་བྱས་པའི་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཡང་ཕྱི་ལོ་ ༢༠༠༠ ལོའི་ལོ་གསར་མ་ཤར་གྱི་དགོང་མོར་རྒྱ་གར་དུ་ཕེབས་ཡོད་པ་རེད། ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༣ ཉིན་རྒྱ་ནག་གཞུང་གི་ཆོས་ལུག་ལས་དོན་ལྷན་ཁང་གིས་ “ཆོས་ལུགས་ལས་དོན་ཅུས་ཀྱི་བཀའ་ཡིག་ཨང་ ༥ པ་” ཞེས་པའི་བཀའ་རྒྱ་ཞིག་གསལ་བསྒྲགས་བྱས་དོན། བོད་ནང་ནང་པའི་སྤྲུལ་སྐུ་ངོས་འཛིན་བྱ་རྒྱུར་གཞུང་ནས་ཆོག་མཆན་ཞུ་དགོས། གཞུང་གི་ཆོག་མཆན་མེད་པར་སྤྲུལ་སྐུ་ངོས་འཛིན་བྱས་པ་རྣམས་ཁྲིམས་ལྡན་དང་ངོ་མར་བརྩི་རྒྱུ་མིན་ཞེས་བརྗོད་ཡོད། ཁྲིམས་གཞི་དེས་རྒྱ་ནག་གཞུང་གི་ཆོག་མཆན་ཡི་གེ་མེད་པར་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་མི་ཆོག་པ་བཟོས་ཡོད་ཅིང་། དེ་ནས་བཟུང་རྒྱ་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཐོག་མཐའ་མའི་ཐག་གཅོད་དེ་རྒྱ་ནག་གཞུང་ལ་ཡོད་ཅེས་ཡང་ཡང་བརྗོད་ཀྱི་ཡོད།

རྒྱ་ནག་གི་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་་ཡག་ཤོས།

འཛམ་གླིང་ཡོངས་ལ་རྒྱ་ནག་ནི་ནང་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པར་སྟོན་རྒྱུར་ཕྱི་ལོ་ ༢༠༠༦ ལོར་རྒྱལ་སྤྱིའི་ནང་བསྟན་ཚོགས་ཆེན་ (Word Buddhist Forum) ཞེས་པ་ཞིག་གསར་འཛུགས་བྱས་ཏེ་ད་བར་ཚོགས་ཆེན་ཐེངས་གསུམ་གོ་སྒྲིག་བྱས་ཡོད་ཀྱང་ཏཱ་ལའི་བླ་མ་མགྲོན་འབོད་མ་བྱས་པར་ཟུར་འབུད་བྱས་ཡོད་པ་རེད། ཚོགས་ཆེན་དེར་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྒྱལ་མཚན་ནོར་བུ་རྒྱལ་སྤྱིའི་ནང་བསྟན་ཡོངས་ཀྱི་ཆེས་མཐོའི་མགོ་ཁྲིད་དུ་བསྐོ་བཞག་བྱས་ཡོད་པ་རེད། ཏཱ་ལའི་བླ་མས་སྐུ་ཚེ་ཧྲིལ་པོར་སྐུ་ལས་བཀྱོན་ཏེ་འཛམ་གླིང་ནང་ནང་ཆོས་དར་སྤེལ་གནང་གི་ཡོད་ཀྱང་རྒྱ་ནག་གིས་ནང་བསྟན་དང་བོད་ཀྱི་བཟོ་རིག་གི་དངོས་ཆས་འདྲ་མིན་བཟོ་སྐྲུན་གྱིས་འགྲེམས་ཚོང་བྱས་ཏེ་འཛམ་གླིང་ཐོག་ནང་བསྟན་ཚོང་ཟོག་ཐོན་ཁུངས་ཨང་དང་པོ་ཆགས་ཡོད་ཅིང་། རྒྱ་གཞུང་གིས་ལོ་ལྟར་ཕྱི་ཟླ་ ༡༠ པའི་ནང་ཤ་མན་ (Xiamen) དུ་རྒྱལ་སྤྱིའི་ནང་བསྟན་དངོས་རྫས་དང་བཟོ་རིག་དངོས་ཆས་འགྲེམས་སྟོན་ཚོང་ཚོགས་ཐེངས་དགུ་ཙམ་གོ་སྒྲིག་བྱས་ཡོད་པ་རེད། ཏཱ་ལའི་བླ་མ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཡོད་པའི་ཁོང་གི་རྗེས་འཇུག་པ་ཚོས་གསར་འཛུགས་བྱས་པའི་དགོན་སྡེ་ཚོར་མཁོ་བའི་དངོས་ཆས་ཁྲོད་དུ་རྒྱ་ནག་ནས་ཐོན་པའི་དངོས་ཟོག་ཚུད་ཡོད། རྒྱ་ནག་གིས་བཟོས་པའི་དངོས་རྫས་རྣམས་བཙན་བྱོལ་བོད་མི་ཚོའི་ལག་བཟོའི་དངོས་རྫས་ལ་རིན་གོང་ཆུང་བ་ཡོད་པར་བརྟེན། བལ་ཡུལ་དང་རྒྱ་གར་སོགས་འཛམ་གླིང་ཡུལ་གྲུ་གཞན་དུ་བོད་པས་འཚོང་བཞིན་པའི་དངོས་རྫས་མང་ཆེ་བ་རྒྱ་ནག་ནས་ཐོན་པ་ཤ་སྟག་ཡིན་པ་རེད།

བོད་ནི་རྒྱ་ནག་གི་ནང་བསྟན་འགྲེམས་སྟོན་ཁང་ཆགས་ཡོད།

དུས་རབས་གསར་པ་འདི་མགོ་ཚུགས་ཙམ་ནས་རྒྱ་ནག་གིས་བོད་ས་ཁུལ་གང་སར་གཏོར་སྐྱོན་ཕོག་ཡོད་པའི་ནང་པའི་དགོན་པ་དང་ལྷ་ཁང་ཕལ་ཆེ་བསྐྱར་གསོ་བྱས་ཤིང་ཡུལ་སྐོར་བ་བཀུག་རྒྱུའི་ཆེད་དུ་དེ་དག་གི་ཁོར་ཡུག་ཡར་རྒྱས་རྒྱ་ཆེ་བཏང་ཡོད་པ་རེད། དགོན་སྡེ་ལྷ་ཁང་དེ་དག་ལ་ལོ་སྟར་རྒྱ་ནག་དང་། ཐའེ་ཝན། ཧོང་ཀོང་། སིང་ག་པུར། ཉི་ཧོང་། ཀོ་རི་ཡེ་སོགས་ནང་པའི་རྒྱལ་ཁབ་མང་པོ་ནས་ཡུལ་སྐོར་བ་ས་ཡ་མང་པོ་ཡོང་གི་ཡོད་པ་རེད། ཕྱོགས་གཅིག་ནས་རྒྱ་མིའི་སྤྱི་བདེ་ལས་ཁུངས་དང་བཅིངས་བཀྲོལ་དམག་གིས་བོད་ཡུལ་སྤྱི་དང་ནང་པའི་བསྟི་གནས་རྣམས་ལ་དམ་བསྒྲགས་ཆེན་པོས་སྟངས་འཛིན་བྱེད་པ་དང་། ཕྱོགས་གཞན་ནས་ནང་བསྟན་བསྟི་གནས་དེ་དག་ལ་ཕྱི་ཚུལ་ཡར་རྒྱས་རྒྱ་ཆེ་བཏང་བ་དེས་རྒྱ་ནག་གཞུང་ལ་ཆོས་ལུགས་དམ་བསྒྲགས་བྱེད་པའི་སྐྱོན་བརྗོད་ལས་ཐར་ཐབས་དང་རྒྱ་ནག་གཞུང་དེ་ནང་བསྟན་ལ་རྒྱབ་གཉེར་བྱེད་མཁན་གྱི་སྲིད་གཞུང་ཡིན་པའི་རྣམ་པ་སྟོན་རྒྱུར་ཕན་ཐོགས་བྱུང་ཡོད།

དེང་སྐབས་རྒྱ་ནག་ཐོག་རྒྱལ་སྤྱིའི་ལྟ་ཚུལ་དེ་ཡང་ག་ལེར་ཡར་རྒྱས་འགྲོ་བཞིན་ཡོད། དེས་ན་གལ་སྲིད་རྒྱ་ནག་མགོ་ཁྲིད་ཚོས་ད་ལྟའི་ཏཱ་ལའི་བླ་མ་སྐུ་ཕྲེང་འདི་མཉམ་དུ་གཉིས་མོས་གྲོས་མཐུན་ལེགས་པོ་ཞིག་བྱུང་ཚེ། རྒྱ་གཞུང་ལ་མ་འོངས་པར་ཏཱ་ལའི་བླ་མ་སྐུ་གཤེགས་རྗེས་སྐུ་ཕྲེང་རྗེས་མ་དེ་རང་འདོད་ལྟར་འདེམས་རྒྱུའི་གོ་སྐབས་ཐོབ་སླ་བ་ཆགས་ངེས། འདི་ནི་རྒྱ་ནག་གིས་བོད་ཀྱི་དཀའ་རྙོག་སེལ་རྒྱུུར་ཐབས་ལམ་བཟང་ཤོས་དང་བརྟན་ཤོས་དེ་རེད། དེའི་ཕྱིར་མི་སྒེར་དང་ཚོགས་པ་ཁག་ཅིག་གིས་རྒྱུ་མཚན་ཇི་ཡིན་མི་ཤེས་ཀྱང་ཏཱ་ལའི་བླ་མར་ཁོང་སྐུ་མ་གཤེགས་སྔོན་རྒྱ་ནག་གི་མགོ་ཁྲིད་ཚོ་དང་མཉམ་དུ་འགྲིགས་འཇགས་གནང་རྒྱུར་སྐུལ་འདེབས་ཡང་ཡང་བྱེད་བཞིན་ཡོད་པས་བོད་མི་ཚོ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དོགས་གཟབ་བྱེད་དགོས་པ་རེད།

དྷ་རམ་ས་ལས་གོ་སྐབས་འབོར་བ།

ཉེ་བའི་ཆར་ལྷག་པར་དུ་བོད་རྒྱ་འབྲེལ་མོལ་མགོ་ཚུགས་པ་ནས་བཟུང་དྷ་རམ་ས་ལའི་ངོས་ནས་ཕྱི་འབྲེལ་དང་། ཆབ་སྲིད། སྲིད་ཇུས་ཐོག་གང་ས་ནས་ལངས་ཕྱོགས་སྐྱོ་རུ་འགྲོ་བཞིན་ཡོད། ཕྱི་ལོ་ ༡༩༥༡ ལོར་བོད་ཤོར་བ་ནས་བཟུང་ཏཱ་ལའི་བླ་མས་ཆབ་སྲིད་དང་ཕྱི་འབྲེལ་ཐོག་ཕྱག་རྗེས་གཙོ་ཆེ་ཤོས་ནི། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༦ ཉིན་ཏེ་ཁོང་དགུང་ལོ་དྲུག་ཅུ་རེ་ལྔར་ཕེབས་པའི་འཁྲུངས་སྐར་ཉིན་ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་ཐོག་གྲོས་ཆོད་བཞག་དོན། གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་ “བོད་དོན་ཁྲིམས་ཡིག་གསར་པ་” དེའི་ཐོག་ལ་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེ་བརྒྱུད་བཙན་བྱོལ་བོད་གཞུང་དང་མཉམ་དུ་གྲོས་མཐུན་འཇོག་དགོས་པ་དང་། གལ་སྲིད་རྒྱ་ནག་གཞུང་གིས་དེར་མོས་མཐུན་མ་བྱས་ཚེ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚང་མས་བཙན་བྱོལ་བོད་གཞུང་དེ་བོད་མི་དམངས་ཀྱི་ཁྲིམས་མཐུན་ངོ་ཚབ་ཡིན་པར་ངོས་འཛིན་བྱ་རྒྱུར་བསམ་གཞིགས་བྱེད་དགོས་པའི་གྲོས་ཆོད་བཞག་ཡོད་པ་རེད། དེ་ལྟར་ཡང་དེའི་རྗེས་སུ་དྷ་རམ་ས་ལའི་ཕྱི་འབྲེལ་གྱི་གནས་སྟངས་དེ་ཉམས་རྒུད་དུ་ཕྱིན་ཡོད། རྒྱ་ནག་གིས་ཕྱི་ལོ་ ༢༠༠༢ ལོར་ཏཱ་ལའི་བླ་མའི་སྐུ་ཚབ་མཉམ་དུ་འབྲེལ་མོལ་བྱེད་མགོ་བཙུགས་ཀྱང་ཡུ་རོབ་གྲོས་ཚོགས་དང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་གཉིས་དེའི་ནང་འབྲེལ་བ་མེད། དྷ་རམ་ས་ལའི་ཕྱོགས་ནས་འབྲེལ་མོལ་དེར་ “ཏཱ་ལའི་བླ་མ་དང་རྒྱ་ནག་གཞུང་གཉིས་དབར་གྱི་བོད་རྒྱ་འབྲེལ་མོལ་” ཞེས་འབོད་ཀྱི་ཡོད་ཀྱང་། པེ་ཅིན་གཞུང་གིས་དེ་ནི་མ་འོངས་པར་བོད་རྒྱ་འབྲེལ་མོལ་གྱི་སྒྲོམ་གཞི་གཏན་འབེབས་བྱེད་ཆེད་ “ཏཱ་ལའི་བླ་མ་སྐུ་སྒེར་གྱི་སྐུ་ཚབ་” དང་ “རྒྱ་ནག་དབུས་གཞུང་གི་འཐབ་ཕྱོགས་གཅིག་གྱུར་པུའུ་” ཡི་སྐུ་ཚབ་ཀྱི་དབར་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད་ཅེས་མགོ་རྙོག་ཅན་གྱི་འགྲེལ་བཤད་བྱས་ཡོད། གལ་ཆེ་བ་ཞིག་ལ་འཐབ་ཕྱོགས་གཅིག་གྱུར་པུའུ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལྷན་ཁང་ཞིག་ཡིན་པ་ལས་དབུས་གཞུང་གི་ལྷན་ཁང་ཞིག་མ་རེད།

ཕྱི་ལོ་ ༢༠༠༢ ནས་ ༢༠༠༨ བར་བྱུང་བའི་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་དེ་དག་ལ་ཕྱི་མིག་ཅིག་བལྟས་ཚེ། འབྲེལ་མོལ་དངོས་བྱུང་མེད་པ་ནི་ཁ་གསལ་རེད།  ཕྱི་ལོ་ ༢༠༠༨ ཟླ་ ༥ པའི་ནང་བྱུང་བའི་བོད་རྒྱ་འབྲེལ་མོལ་ཐེངས་བདུན་པའི་སྐབས་ (པེ་ཅིན་དུ་ཨོ་རྩེད་འགྲན་ཚོགས་མ་ཚོགས་སྔོན་བོད་རྒྱ་འབྲེལ་མོལ་ཐ་མ་) གཞི་ནས་རྒྱ་ནག་གིས་ཐེངས་དང་པོར་ཏཱ་ལའི་བླ་མའི་ངོས་ནས་དགོས་འདུན་གང་འདྲ་ཞིག་འདོན་གྱི་ཡོད་མེད་ཁ་གསལ་ཡིག་ཐོག་ཏུ་དགོས་ཚུལ་བརྗོད་ཡོད་པ་རེད། ལོ་དེའི་ ཟླ་ ༡༡ ཚེས་ ༣༡ ཉིན་པེ་ཅིང་ཨོ་རྩེད་འགྲན་ཚོགས་མཇུག་སྒྲིལ་རྗེས་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་བྱེད་སྐབས་དྷ་རམ་ས་ལའི་སྐུ་ཚབ་ཚོས་ཏཱ་ལའི་བླ་མའི་དགོངས་གཞི་འཁོད་པའི་ཡིག་ཆ་ཞིག་རྒྱ་ནག་གི་སྐུ་ཚབ་རྣམས་ལ་སྤྲད་ཡོད་ཅིང་། ཡིག་ཆ་དེའི་ནང་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་འདུན་བཏོན་ཏེ་ཁ་གསལ་མིན་པའི་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱས་ཡོད། དེས་མ་ཚད་རྒྱ་ནག་གཞུང་ལ་དབུས་གཞུང་ཞེས་འབོད་ཡོད། དེ་ལྟ་ནའང་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་མིང་དོན་མཚུངས་པའི་རང་སྐྱོང་ལ་ཁ་གཡར་ནས་བོད་རང་བཙན་རྩོད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་ཏེ་ཁོང་གི་བསམ་འཆར་དེ་ངོས་ལེན་བྱས་མེད། མ་ཟད་འགྱེལ་པའི་སྒང་ལ་རྡོག་བརྫིས་ཟེར་བའི་དཔེ་ལྟར། རྒྱ་ནག་གཞུང་གིས་སྐུ་ཚབ་ཚོགས་པའི་འགོ་ཁྲིད་འཐབ་ཕྱོགས་གཅིག་གྱུར་གྱི་པུའུ་ཡི་གཙོ་འཛིན་ཀྲུ་ཝེ་ཆུན་གྱིས་ཏཱ་ལའི་བླ་མས་རང་ཉིད་སྐུ་ཚེ་མ་རྫོགས་པའི་སྔོན་བོད་མི་དམངས་ཀྱི་དོན་དུ་ཕན་ཐོགས་ཡོད་པའི་ཕྱག་ལས་གནང་ན་ལེགས་ཚུལ་བཤད་ཡོད་པ་རེད།

རྒྱ་ནག་གི་འཁྲུག་ཆ་དང་དྷ་རམ་ས་ལའི་སྒྱིད་ལུག

ཕྱོགས་གཅིག་ནས་རྒྱ་ནག་གིས་བོད་རྒྱ་འབྲེལ་མོལ་དེ་དོན་འབྲས་ཅི་ཡང་འཐོན་རྒྱུ་མེད་པར་ནར་འགྱངས་བྱེད་ཐུབ་ཡོད་པ་དང་། ཕྱོགས་གཞན་ནས་དུས་ཡུན་དེའི་རིང་བོད་ཐོག་དབང་སྒྱུར་གྱི་ནུས་པ་ཆེ་རུ་གཏོང་རྒྱུའི་དམིགས་ཡུལ་འགྲུབ་ཐུབ་ཡོད། དེ་བཞིན། ཡུ་རོབ་སྤྱི་མཐུན་ཚོགས་པ། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས། རྒྱལ་ཁབ་ཁག་གི་གཞུང་། ཏཱ་ལའི་བླ་མ་ཁོང་ཉིད་སོགས་སྤྱི་སྒེར་སུ་ཡིན་རུང་རྒྱ་ནག་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་ཚང་མར་རྩིས་མེད་གཏོང་ནུས་པའི་གོ་གནས་ཟིན་ཐུབ་ཡོད། དཔེར་ན། ཕྱི་ལོ ༢༠༠༦ ཟླ་ ༧ པའི་ནང་རྒྱ་ནག་ནས་ལྷ་ས་བར་སྤྱི་ལེ་ ༡༡༤༢ ཡོད་པའི་མེ་འཁོར་གྱི་ལྕགས་ལམ་ལེགས་གྲུབ་ཟིན་ཏེ་མེ་འཁོར་གཏོང་མགོ་བཙུགས་ཤིང་། རྒྱ་ནག་གིས་ལོ་ལྔའི་ནང་འཛམ་གླིང་ནང་ས་ཆ་བཙན་ཤོས་ནང་མེ་འཁོར་ལྕགས་ལམ་ཐད་གཏོང་བྱེད་ཐུབ་པ་དེར་འཛམ་གླིང་ཡོངས་ཧ་ལས་དགོས་བྱུང་ཡོད། ཡང་ཕྱི་ལོ་ ༡༩༨༠ ལོར་མོ་སོ་ཁོ་ (Moscow) ལ་བྱུང་བའི་ཨོ་རྩེད་འགྲན་ཚོགས་ཀྱི་རྙོག་དྲ་ལྟར་མ་ཡིན་པར་རྒྱ་ནག་གིས་ཕྱི་ལོ་ ༢༠༠༨ ལོའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་དེ་ཧ་ཅང་ཚགས་ཚུད་ཐོག་གོ་སྒྲིག་བྱས་ཡོད་པ་རེད།

དུས་ཡུན་དེའི་རིང་བོད་ནང་དཔལ་འབྱོར་དང་འཛུགས་སྐྲུན་སྔར་ལས་ལྷག་པའི་ཡར་རྒྱས་བཏང་སྟེ་བོད་ས་ཁུལ་གང་སར་རྒྱ་ནག་ནས་ཧན་མི་རིགས་གྲངས་འབོར་ཇི་མང་གནས་སྤོས་བྱས་ཡོད་པ་རེད། དེའི་རྐྱེན་ལས་དེང་སྐབས་བོད་ས་ཁུལ་དང་གྲོང་ཁྱེར་ཚང་མར་བོད་མི་ནི་མངོན་གསལ་མེད་པའི་གྲངས་ཉུང་མི་རིགས་སུ་གྱུར་ཡོད་། དེར་མ་ཟད་རྒྱ་ནག་གིས་བོད་ནང་ཁྱོན་བསྡོམས་སྤྱི་ལེ་ ༥༨༠༠༠ ཡོད་པའི་རྒྱ་ལམ་དང་ཞི་དྲག་གཉིས་ཀའི་གནམ་ཐང་བཟོས་ཡོད་པ་དང་། རྡུལ་ཕྲན་འཕུར་མདེལ་གྲངས་ངེས་མེད་དང་། བོད་ས་ཁུལ་གང་ས་ནས་རྒྱ་ནག་དབར་བརྡ་འཕྲིན་རྒྱུད་ལམ་བཟོས་ཡོད་པ་དང་། བལ་ཡུལ་ས་མཚམས་བར་དུ་བོད་ནང་མེ་འཁོར་ལྕགས་ལམ་བཏིངས་ཡོད་པ་སོགས་ལ་བརྟེན། སྔར་ལོ་རབས་དགུ་བཅུ་པའི་སྐབས་སུ་བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་གི་ཉེན་ཁ་ཆེ་བའི་ས་སྲུང་རྒྱས་སྒོ་ཞིག་ཡིན་ཀྱང་ད་ཆ་རྒྱ་ནག་གི་ཆེས་བརྟན་པའི་མཁར་རྫོང་ཞིག་ཏུ་གྱུར་ཡོད་པ་རེད།

དེ་མཚུངས་རྒྱ་ནག་གིས་བལ་ཡུལ་ལ་གནོན་ཤུགས་སྤྲད་དེ་བལ་བོད་ས་མཚམས་བརྒྱུད་བོད་ནས་བོད་མི་རྒྱ་གར་དུ་བྲོས་འགྲོ་མཁན་ཚོར་བཀག་འགོག་བྱེད་བཅུག་ཡོད། དེར་བརྟེན་ཉེ་བའི་ལོ་ཤས་རིང་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཡོང་མཁན་གྱི་བོད་མིའི་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་ཡོད་ཅིང་། སྔར་ཡིན་ན་བོད་མི་སྐྱབས་བཅོལ་ཡོང་མཁན་ལོ་རེར་ཆ་སྙོམས་བྱས་ན་ ༢༥༠༠ ཙམ་ཡིན་ཡང་དེང་སང་ལོ་རེར་བོད་མི་སྐྱབས་བཅོལ་ཡོང་མཁན་གྱི་ཆ་སྙོམ་གྲངས་འབོར་ནི་ ༢༠༠ ཙམ་ཡིན་པ་རེད།

བོད་མིའི་སྤྱི་ཚོགས་ནང་གཅིག་སྒྲིལ་མེད་པ་དང་ཕྱི་རྒྱལ་རྒྱབ་སྐྱོར་བ་ཚོ་མགོ་རྨོངས་བཅུག་པ།

འདས་པའི་ལོ་བརྒྱད་ཀྱི་བོད་རྒྱ་འབྲེལ་མོལ་སྐབས་ཏཱ་ལའི་བླ་མར་བྱུང་བའི་ཕམ་ཉེས་ཆེ་ཤོས་གཅིག་ནི། དྷ་རམ་ས་ལའི་གཞུང་གིས་རྒྱ་ནག་གི་མགོ་ཁྲི་ཚོར་ངོ་དགའ་བསྟུན་མཁས་གང་གཟབ་བྱས་པའི་དབང་གིས་བཙན་བྱོལ་བོད་མིའི་ནང་ཁུལ་དང་བོད་དོན་རྒྱབ་སྐྱོར་བ་ཚོའི་ཁྲོད་དུ་མགོ་རྨོངས་དང་། ཡིད་ཞུམ་པ། ནང་ཁུལ་མི་མཐུན་པ་བཟོས་ཡོད་པ་དེ་རེད། དེ་བཞིན་བཙན་བྱོལ་བོད་གཞུང་གིས་བཙན་བཀའ་བཏང་སྟེ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་རིགས་སྤེལ་མི་ཆོག་པ་དང་བོད་རང་བཙན་གྱི་སྐད་འབོད་སྒྲོག་མི་ཆོག་པ་ཡོངས་གྲགས་བཟོ་ཐབས་བྱས་པ་དེས་འཛམ་གླིང་གི་དེང་རབས་ལོ་རྒྱུས་ནང་མི་རིགས་གཞན་སུ་ལའང་བྱུང་མ་མྱོང་བའི་བོད་མི་ཚོར་རྒྱལ་སྤྱིའི་རྒྱབ་སྐྱོར་བྱེད་མཁན་ཚོའི་སེམས་ཤུགས་རྩ་མེད་བཏང་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གིས་ཏཱ་ལའི་བླ་མའི་དགོངས་འཆར་ “མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་” དེ་ལ་ “དབུ་མའི་ལམ་” ཞེས་ཆོས་ལུགས་ཀྱི་ཐ་སྙད་ཅིག་བཏགས་ཡོད་ཅིང་། “དབུ་མའི་ལམ་” ཞེས་པ་ནི་ནང་པ་སངས་རྒྱས་ཐེག་ཆེན་ཆོས་ནང་རྩ་ཆེན་པོ་ཡིན་པ་དང་སྟོན་པ་བཅོམ་ལྡན་འདས་ཀྱི་ལྟ་གྲུབ་མཚོན་གྱི་ཡོད་པ་རེད། དེས་ན་བཙན་བྱོལ་བོད་གཞུང་གི་གནད་ཡོད་མི་སྣ་ཚོས་གཙོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མས་བོད་རང་བཙན་རྩོད་མཁན་ཚོ་ནི་ཏཱ་ལའི་བླ་མ་དང་ནང་པའི་བསྟན་པ་ལ་ངོ་རྒོལ་བྱེད་མཁན་དུ་ངོས་འཛིན་བྱེད་ཀྱི་ཡོད།  ཆོས་ལུགས་རྩ་བར་བྱས་པའི་བོད་ཀྱི་སྤྱི་ཚོགས་དེ་ འགྱུར་མེད་མཁྲེགས་པོར་གནས་པའི་ཆོས་སྲིད་བཟུང་འབྲེལ་གྱི་སྲིད་གཞུང་འོག་ལོ་ངོ་བརྒྱ་ཕྲག་མང་པོ་གནས་པའི་དབང་གིས་དབུ་མའི་ལམ་ཞེས་པ་ཏཱ་ལའི་བླ་མའི་ཆབ་སྲིད་ལྟ་གྲུབ་ཀྱི་མིང་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། དེས་ཤུགས་ཀྱིས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་བསམ་བློར་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད། དེ་ནི་ཁ་ཆེའི་རྒྱལ་ཁབ་ཚོའི་ནང་ “Fatwa” ཞེས་ཆོས་ལུགས་ཀྱི་ནང་དོན་རྣམས་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་རྩ་བར་འཛིན་སྲོལ་ཡོད་པ་དང་གཅིག་མཚུངས་རེད།

དེར་བརྟེན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ “བོད་རང་བཙན་” སྐད་འབོད་བྱས་ན་སངས་རྒྱས་ཀྱི་བསྟན་པ་ལ་བཀུར་འདེབས་བྱེད་པ་དང་ཏཱ་ལའི་བླ་མར་ངོ་རྒོལ་ལམ་རྒྱབ་འགལ་བྱེད་པའི་ཚད་དུ་འཛིན་གྱི་ཡོད་པ་ནི་ཧ་ལས་དགོས་པའི་གནས་ཚུལ་ཞིག་མ་རེད། ལོ་ངོ་བརྒྱ་ཕྲག་གཅིག་ཙམ་སྔོན་རྒྱ་གར་རང་བཙན་འཐབ་རྩོད་བྱེད་སྐབས་འཚེ་མེད་ཞི་བ་དང་དང་དྲག་པོའི་ཐབས་ལམ་ལ་བརྟེན་མཁན་སྡེ་ཁག་གཉིས་ཀར་མི་མང་གི་ཐོག་ནས་རྩིས་མཐོང་དང་རྒྱབ་སྐྱོར་གཅིག་མཚུངས་ཡོད་པ་རེད། དེ་ལས་སྡོག་སྟེ་བོད་རང་བཙན་རྩོད་མཁན་ཚོ་ནི་སྤྱི་ཚོགས་ནས་ཟུར་འབུད་བྱེད་པ་དང་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་མཁན་དུ་རྩིས་ཀྱི་ཡོད་པ་རེད། ཉེ་བའི་ཆར་གཞི་ནས་མི་མང་པོ་ཞིག་གིས་དེ་ནི་དབུ་མའི་ལམ་ལྟ་བ་འཛིན་མཁན་མི་སྣ་གཙོ་གྲས་ཚོའི་རང་དོན་ཁོག་བཅུག་གི་སྲིད་ཇུས་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་བ་ཚོ་དང་བོད་རང་བཙན་རྩོད་མཁན་ཚོ་ཤོག་ཁག་གཉིས་སུ་གྱུར་ཏེ་ཕན་ཚུན་འགལ་ཟླ་དང་རང་ཕྱོགས་ལྟ་བར་མཁྲེགས་བཟུང་བྱེད་བཞིན་པ་དེས་བོད་ཀྱི་རྩ་དོན་ལ་རྡོ་ཕོགས་ཆེན་པོ་བྱུང་བཞིན་ཡོད། དེ་ཡང་གཞུང་གི་མི་སྣ་དང་སྒེར་པ་ཁག་གཅིག་རང་ཉིད་ཏཱ་ལའི་བླ་མར་དད་ཞེན་ཡོད་ཁུལ་གྱིས་བསམ་ཚུལ་གཅིག་མཚུངས་འཛིན་མཁན་གནས་ཡོད་མི་སྣ་ཚོས་ཏཱ་ལའི་བླ་མའི་སྐུ་འཁྲིས་སུ་གནས་ཏེ། ཕྱི་ནས་ཁོང་ཚོའི་འདོད་མོས་མེད་པའི་བསམ་ཚུལ་དང་ཏཱ་ལའི་བླ་མར་མཇལ་བཅར་ཞུ་བར་ཡོང་མཁན་ཚོར་བཀག་འགོག་གང་ཐུབ་བྱེད་ཀྱི་ཡོད་པ་རེད། བོད་དོན་རྒྱབ་སྐྱོར་བ་རྙིང་པ་མང་པོ་ཞིག་གི་ཁོང་ཚོ་ཏཱ་ལའི་བླ་མར་བཅར་རྒྱུའི་གོ་སྐབས་ཐོབ་ཀྱི་མེད་པའི་དཀའ་ངལ་བརྗོད་ཀྱི་ཡོད།  ཏཱ་ལའི་བླ་མའི་ཕོ་བྲང་གི་རྒྱས་སྒོ་གསར་པ་དེས་བོད་དོན་རྒྱབ་སྐྱོར་བ་ཚོར་བློ་འཕམ་བཅུག་པ་མ་ཟད་ཏཱ་ལའི་བླ་མར་ཕྱི་ནས་མི་སྒེར་ཁག་གཅིག་གི་ལྷག་བསམ་ལྡན་པའི་བསམ་ཚུལ་ཐོབ་རྒྱུར་འགོག་རྐྱེན་ཆེན་པོ་བཟོས་ཡོད་པ་རེད། གནས་སྟངས་འདི་འདྲ་ཡིན་དུས་ཏཱ་ལའི་བླ་མའི་སྙན་དུ་ཁོང་གི་གམ་བཅར་མི་སྣ་ཚོས་བཟོ་སྒྲིག་བྱས་པའི་གནས་ཚུལ་ཙམ་ལས་དངོས་བདེན་གནས་ཚུལ་རིགས་འབྱོར་མི་ཐུབ་པའི་ཉེན་ཁ་ཤིན་ཏུ་ཆེ། ཉེ་བའི་ཆར་ཏཱ་ལའི་བླ་མས་ཡོངས་གྲགས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་བཀའ་སློབ་ཐེངས་གཉིས་ཙམ་གནང་བ་དེས་བོད་པའི་ཆབ་སྲིད་དང་མཐུན་སྒྲིལ་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་རེད།

དེ་ཡང་ཐེངས་དང་པོ་ནི་ཁོང་གིས་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་དང་སྙན་གྲགས་ཆེ་ཤོས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ལོ་ཤས་སྔོན་བསྐྱངས་པའི་ཆོས་ལུགས་ཚོགས་ཆེན་དང་འབྲེལ་བའི་གནས་ཚུལ་ཐོག་གཞོན་ནུའི་ལྷན་ཚོགས་ཀྱི་བྱེད་སྟངས་ལ་ཁོང་ཐུགས་འཕམ་ཡོད་ཚུལ་གསུངས་ཡོད་ཅིང་། ཁོང་གིས་བཀའ་སློབ་དེས་ཚོགས་པ་དེའི་ཆེས་མཐོང་དང་བློ་སྟོབས་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་རང་བཙན་འཐབ་རྩོད་ཀྱི་ཀ་བ་ལྟ་བུ་ཡིན་པ་ལྟ་ཅི་སྨོས། འདས་པའི་མི་རབས་གསུམ་རིང་བོད་མིའི་འགོ་ཁྲིད་གསོ་སྐྱོང་བྱེད་མཁན་ཡིན་པས་སྤྱི་ཚོགས་ནང་རྩིས་མཐོང་ཆེན་ཡོད་པ་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ཁྲོད་དུ་ནང་ཁུལ་སྒེར་དོན་དང་སྤྱི་དོན་གང་རུང་ཐོག་བསམ་ཚུལ་མི་མཐུན་པ་ཡོད་ཀྱང་། ཁོང་ཚོས་གཅིག་མཐུན་དུ་ཏཱ་ལའི་བླ་མའི་བཀའ་སློབ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཁ་བརྡུང་སྐྱོན་བརྗོད་བྱ་རྒྱུར་བེད་སྤྱོད་བྱས་ཤིང་ཚོགས་པ་དེར “ཏཱ་ལའི་བླ་མར་ངོ་རྒོལ་བྱེད་མཁན” ཞེས་མིང་བཏགས་ཡོད་པ་རེད།

ཏཱ་ལའི་བླ་མས་གཞོན་ནུ་ལྷན་ཚོགས་ལ་ཡོངས་གྲགས་སུ་བཀའ་སྐྱོན་གནང་བ་དེས་ཚོགས་པ་དེའི་རྨང་གཞིའི་ཐོག་ལའང་གནོད་སྐྱོན་བྱུང་ཡོད། དེ་ཡང་བོད་པའི་ནང་མི་ཁ་ཤས་ཀྱིས་སོ་སོའི་ཕྲུ་གུ་དང་གཞོན་སྐྱེས་ཚོར་གཞོན་ནུའི་ཚོགས་པའི་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུར་བཀག་འགོག་བྱེད་མགོ་བཙུགས་ཤིང་། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་གྲས་ཁག་ནང་གི་ས་གནས་གཞོན་ནུ་ལྷན་ཚོགས་ནང་ནང་འཁྲུགས་ཤོར་ཏེ་ཤོག་ཁག་གཉིས་སུ་འགྱེས་ཡོད་པ་རེད། དེ་བཞིན་ཨ་རིའི་ནིའུ་ཡོག་ཏུ་ས་གནས་གཞོན་ལྷན་ཚོགས་མི་ནང་ཁུལ་འགལ་ཟླའི་ཤོག་ཁག་གཉིས་བྱུང་སྟེ། སྔ་ལོའི་གསུམ་བཅུའི་དུས་དྲན་ནང་ཁུལ་འཁྲུགས་འཛིང་ཤོར་ཏེ་ཉེན་རྟོག་པ་སྐད་གཏོང་དགོས་བྱུང་ཡོད་པ་རེད། ས་གནས་གཞོན་ནུ་ཁག་ཅིག་ཁ་ཐོར་ཏེ་ཚོགས་པ་མེད་པར་གྱུར་བ་སོགས་ཧ་ལམ་ཐབས་སྐྱོ་བའི་གནས་ཚུལ་བྱུང་ཡོད། དེ་མཚུངས་ཏཱ་ལའི་བླ་མས་ཆབ་སྲིད་གོ་རྟོགས་ཆེ་བའི་བོད་མི་ཁག་གཅིག་ལ་གནང་བའི་བཀའ་སློབ་དེ་ཡང་དབུ་མའི་ལམ་གྱི་རྒྱབ་སྐྱོར་བ་ཚོས་ལོག་འགྲེལ་བྱས་ཏེ་བཙན་བྱོལ་སྤྱི་ཚོགས་ནང་རང་བཙན་ལྟ་བ་ཁྱེར་མཁན་ཚོར་གཉའ་གཅོག་ཐབས་དང་ཅི་བྱ་རྟོལ་མེད་བཟོ་རྒྱུར་བེད་སྤྱོད་ལོག་པ་བྱས་ཡོད། དེའི་རྐྱེན་པས་ད་བར་མཐུན་སྒྲིལ་དང་སྒྲིག་འཛུགས་ཐོག་སྐད་གྲགས་ཡོད་པའི་བོད་མིའི་སྤྱི་ཚོགས་འདི་ད་སྐབས་ནང་ཁུལ་གཅིག་སྒྲིལ་མེད་པ་དང་ཕན་ཚུན་སྐྱོན་འཛུགས་བྱེད་རེས་བྱེད་པའི་གནས་སྟངས་ཤིག་ཆགས་ཡོད།

ཏཱ་ལའི་བླ་མ་རྒྱ་ནག་ལ་ཕེབས་རྒྱུ་དེ་རྒྱ་ནག་གི་ངན་བྱུས་ཤིག་ཡིན་ནམ།

ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕེབས་ན་བཙན་བྱོལ་བོད་གཞུང་ལ་ཆོས་ཕྱོགས་དང་ཆབ་སྲིད་ཐོག་ནས་ཁེ་དབང་ཇི་ཙམ་ཐོབ་ཀྱི་ཡོད་མེད་སུས་ཀྱང་ཚོད་དཔག་བྱེད་དཀའ། འོན་ཀྱང་ང་ཚོས་འདས་པའི་བོད་རྒྱའི་འབྲེལ་ལམ་གྱི་ལོ་རྒྱུས་རིང་པོ་དེར་ཕྱི་མིག་ཅིག་བལྟས་ན། རྒྱ་ནག་གིས་སྐབས་འཕྲལ་གནས་སྟངས་ཇི་འདྲ་ཞིག་ཡིན་རུང་དེའི་གོ་སྐབས་བེད་སྤྱོད་བྱ་རྒྱུ་དང་གནས་ཚུལ་གང་རུང་ཞིག་རང་གི་ཁེ་ཕན་ཆེད་དུ་འགྲེལ་བཤད་བྱ་རྒྱུའི་རྣམ་དཔྱོད་དེར་ཏཱ་ལའི་བླ་མ་དང་བོད་གཞུང་གིས་འགྲན་ཟླ་ནམ་ཡང་བྱེད་ཐུབ་ཀྱི་མེད་པ་མངོན་གསལ་རེད། དཔེར་ན། ཕྱི་ལོ་ ༡༩༥༤ ལོར་ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕེབས་སྐབས་རྒྱ་ནག་གི་མགོ་ཁྲིད་ཚོས་ཁོང་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱ་རྒྱུར་རྒྱབ་སྐྱོར་གནང་བར་ཕེབས་ཡོད་ཚུལ་འཛམ་གླིང་ཡོངས་ཕྱིར་གྲགས་བྱས་ཡོད། དེས་ན་ད་ལྟའི་གནས་སྟངས་འདི་འདྲའི་འོག་ཏཱ་ལའི་བླ་མ་རྒྱ་ནག་ལ་ཕེབས་ཚེ། ཏཱ་ལའི་བླ་མ་རྒྱ་གར་དུ་ཕེབས་པ་ནས་བཟུང་རྒྱ་ནག་ལ་བོད་དབང་སྒྱུར་བྱེད་རྒྱུ་ད་བར་བཟང་སྤྱོད་དང་། ཁྲིམས་ལུགས།  ཆབ་སྲིད། སྲིད་བྱུས་བཅས་ཀྱི་ཕྱོགས་ནས་མ་འདང་བའི་ཆ་རྐྱེན་སྟོང་ཆ་ལྷག་པ་དེ་དག་བཀང་རྒྱུར་ཕན་ཐོགས་རྒྱུ་ཡིན་པ་གོར་མ་ཆག

ཏཱ་ལའི་བླ་མའི་ནུས་པའི་འབྱུང་ཁུངས་གསུམ།

དྷ་རམ་ས་ལའི་འགོ་ཁྲིད་ཚོ་ནི་བཟང་ཕྱོགས་ཁོ་ནར་རེ་སྨོན་བྱེད་མཁན་དང་འཚེ་མེད་ཞི་བར་རྒྱབ་སྐྱོར་བ་ཡིན་པའི་ཆ་ནས་ཁོང་ཚོས་ཏཱ་ལའི་བླ་མ་རྒྱ་ནག་ལ་ཕེབས་ཐུབ་ན་རྒྱལ་སྤྱིའི་སྟེང་བོད་དོན་ཐོག་དྲིལ་བསྒྲགས་ཤུགས་ཆེ་ཐོབ་པའི་རེ་བ་བྱེད་ཀྱི་ཡོད། དེ་བཞིན་བོད་རྒྱ་འབྲེལ་མོལ་ཐོག་ལའང་རྒྱས་སྒོ་གསར་པ་ཞིག་ཕྱེས་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པས་ཁོང་ཚོར་དེའི་རྒྱུ་མཚན་ཡང་ཡོད་སྲིད། ཡང་ཏཱ་ལའི་བླ་མས་རྒྱ་ནག་གི་བོད་ཐོག་འཛིན་པའི་ལྟ་བ་དངོས་དེ་མཁྱེན་ཐུབ་རྒྱུར་ཕན་ཐོགས་འབྱུང་སྲིད་པ་རེད། དྷ་རམ་ས་ལའི་ངོས་ནས་དམིགས་ཡུལ་དང་རེ་བ་རྣམས་ལྷག་བསམ་རྣམ་དག་ཡིན་སྲིད་ཀྱང་། འདས་པའི་ལོ་ངོ་རྒྱ་ཕྲག་ལྷག་རིང་བོད་གཞུང་གིས་རྒྱ་ནག་མཉམ་དུ་འབྲེལ་ལམ་ཐོག་དཀའ་ཚེགས་ཆེན་པོ་བྱུང་བའི་བློ་ཕམ་པའི་ཉམས་མྱོང་ཡོད། དེའི་ཁར་དེང་སྐབས་རྒྱ་ནག་གིས་བོད་ལ་དབང་སྒྱུར་ཐོག་ནུས་ཤུགས་ཆེ་རུ་བཏང་ཡོད་པ་ནི་ལྟ་ཅི་སྨོས། ཆབ་སྲིད། དཔལ་འབྱོར། དམག་ཤུགས་ཐད་ནས་ཀྱང་དབང་ཤུགས་ཇེ་ཆེར་ཕྱིན་ཡོད་པར་བརྟེན། བོད་པས་རྒྱ་ནག་གི་ངོས་ནས་ཁེ་ཕན་ལེན་ཐུབ་ཀྱི་རེད་བསམ་ན་བློ་ཆུང་གི་བསམ་བློ་རེད།

ཏཱ་ལའི་བླ་མར་མཚན་སྙན་གྲགས་ཐོབ་ཐུབ་པ་དང་བོད་དོན་མ་ཤི་བར་འཛམ་གླིང་མི་དམངས་ཀྱི་བསམ་བློའི་ནང་འཚོ་གནས་ཐུབ་པར་ཏཱ་ལའི་བླ་མར་རམ་འདེགས་བྱེད་མཁན་ནམ་ནུས་པའི་འབྱུང་ཁུངས་གསུམ་ཡོད། དེ་རྣམས་ནི།

༡)  ལོ་བཅུ་ཕྲག་དུ་མའི་རིང་བོད་དོན་བདེན་མཐའ་གསལ་རྒྱུར་རྒྱ་ནག་གི་བཙན་དབང་ལ་ངོ་རྒོལ་འཐབ་རྩོད་བྱས་དང་བྱེད་བཞིན་པའི་གཞིས་བྱེས་གཉིས་ཀྱི་བོད་མི་མང་།

༢)        འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་མཚམས་མ་ཆད་པར་ཧུར་ཐག་ཐོག་ནས་བོད་དོན་དེ་རྒྱལ་སྤྱིའི་རྩ་དོན་རང་བཞིན་དུ་འགྱུར་ཐུབ་པ་བྱེད་མཁན་འཛམ་གླིང་ཕྱོགས་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་བྱེད་མཁན་མི་སྒེར་དང་ཚོགས་པ་ཁག

༣)        ཏཱ་ལའི་བླ་མ་དང་བོད་དོན་གཉིས་འབུར་དུ་ཐོན་པའི་གནས་སྟངས་ཆགས་ཐུབ་རྒྱུར་རྒྱབ་སྐྱོར་དང་ནུས་ཤུགས་སྤྲོད་མཁན་རྒྱལ་སྤྱིའི་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་ཡིད་ཆེས་གཏིང་གཟབ་ཡོད་པ་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་ཁག  གཞུང་གི་མགོ་ཁྲིད། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདྲ་མིན། ལས་འགུལ་ཚོགས་པ་ཁག་སོགས་བཅས་རེད།

དེས་ན། ད་ལྟ་བོད་རྒྱའི་དཀའ་རྙོག་ཐད་བོད་མིའི་ཕྱོགས་སུ་གནས་སྟངས་ལེགས་པོ་མེད་པའི་སྐབས་འདིར་ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕེབས་ན། ཁོང་གི་རྒྱབ་རྟེན་གསུམ་པོ་ཚང་མར་མགོ་རྨོངས་འཇུག་པ་དང་སེམས་ཤུགས་ཉམས་དམས་སུ་གཏོང་རྒྱུ་མ་ཟད། མཐར་དེ་རྣམས་མངོན་མེད་དུ་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ།

ཏཱ་ལའི་བླ་མ་རྒྱ་ནག་ལ་ཕེབས་ན་ཉེན་ཁ་བདུན།

ད་ཆ་བོད་དང་དྷ་རམ་ས་ལ་གཉིས་རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་ཕྱོགས་དེ་ཉག་ཕྲ་བའི་སྟེང་ལ་གནས་ཡོད་པས། ཏཱ་ལའི་བླ་མ་དང་ཁོང་གི་སློབ་སྟོན་ཚོས་ཁོང་རྒྱ་ནག་ཏུ་ཕེབས་རྒྱུའི་འཆར་གཞི་དེའི་ཐད་དགེ་སྐྱོན་གྱི་དཔྱད་བསྡུར་ལེགས་པོ་བྱེད་དགོས་པ་ནི་བརྗོད་མི་དགོས་པ་རེད། ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕེབས་ན་ཉེན་ཁ་བདུན་ཡོད་པ་དེ་དག་དམིགས་བཀར་དུ་བརྗོད་ན།

གཅིག   ལོ་ངོ་ ༥༧ སྔོན་ཏཱ་ལའི་བླ་མ་རང་གི་ལུང་པར་རྒྱ་དམར་གྱིས་བཙན་འཛུལ་ཐོག་གདུག་རྩུབ་དྲག་པོས་བཙན་དབང་བྱེད་བཞིན་པ་དེར་བཟོད་ཐབས་བྲལ་ཏེ་ཉེན་གཡོལ་དུ་ཕེབས་གནང་ཡང་། ད་ཆ་ཁོང་ལུང་པ་དེར་ཕྱིར་ཕེབས་གནང་བ་ཡིན་ན། ལོ་དེ་དག་གི་རིང་རྒྱ་དམར་གྱིས་བོད་ནང་ལག་བསྟར་བྱས་དང་བྱེད་བཞིན་པ་ཚང་མར་དགག་བྱ་མེད་པའི་ཡིག་ཆ་གནང་བ་དང་གཅིག་མཚུངས་ཆགས་ཡོད། དེའི་གྲུབ་འབྲས་ཉག་ཅིག་ནི་ཁོང་གི་ཆབ་སྲིད་དང་། ཁྲིམས་མཐུན། བཟང་སྤྱོད་བཅས་མཚོན་པའི་ངོ་བོ་དེ་བརླག་རྒྱུ་ནི་ལྟ་ཅི། ཁོང་ཕྱིར་རྒྱ་གར་དུ་ཕེབས་ཚེ་ཁོང་གི་སྐྱབས་བཅོལ་གྱི་ཐོབ་ཐང་དེ་ཡང་མེད་པར་འགྱུར་སྲིད་པ་རེད།

གཉིས།  གལ་སྲིད་ཏཱ་ལའི་བླ་མ་རྒྱ་ནག་ལ་ཕེབས་ན། བོད་མི་དཔའ་བོ་དང་དཔའ་མོ་ས་ཡ་མང་པོས་ད་བར་རྒྱ་ནག་གི་གདུག་རྩུབ་དབང་སྒྱུར་དང་ཁྲིམས་མེད་བྱ་སྤྱོད་ལ་བཟོད་སྒོམ་བྱས་དང་བྱེད་བཞིན་པ་ཚོར། ཁྱེད་རང་ཚོའི་དབུ་ཁྲིད་ནི་རྒྱ་ནག་དང་མཉམ་དུ་དཀའ་ངལ་མེད་ཅིང་། ཁྱེད་རང་ཚོ་ཡང་རྒྱ་དམར་གྱི་དབང་སྒྱུར་ལ་ངོ་རྒོལ་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་གསུངས་པ་དང་འདྲ།  བོད་མི་ཚོས་རྒྱ་གཞུང་གི་བཙན་དབང་ལ་ནང་སེམས་ཀྱི་སྡུག་བསྔལ་ཕྱིར་སྟོན་ཐབས་ཟད་དེ་ད་བར་བོད་མི་༡༥༡ ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བྱས་པ་དེས་ག་རེ་གསལ་བཤད་བྱེད་ཀྱི་ཡོད་ཅེ་ན། དྷ་རམ་ས་ལའི་གནད་ཡོད་མི་སྣ་ཁག་གཅིག་གིས་ཏཱ་ལའི་བླ་མར་བོད་དོན་འཐབ་རྩོད་འདོར་དགོས་པའམ་ཡང་ན་རྒྱ་ནག་མཉམ་དུ་འགྲིགས་འཇགས་གནང་དགོས་པ་སྐུལ་སློང་བྱེད་ཀྱི་ཡོད་རུང་། བོད་ནང་གི་བོད་མི་ཚོས་རྒྱ་གཞུང་ལ་འཐབ་རྩོད་མུ་མཐུད་བྱ་རྒྱུར་རྒྱལ་གཅེས་བསམ་བློ་དང་སེམས་ཤུགས་ནམ་ཡང་འདོར་མེད་པ་ར་སྤྲོད་གསལ་པོ་བྱས་ཡོད། དེས་ན་ཏཱ་ལའི་བླ་མ་རྒྱ་ནག་ལ་ཕེབས་ཏེ་རྒྱ་ནག་གི་དཔོན་རིགས་མཉམ་དུ་ཕྱག་བཏང་བ་དང་དགའ་བསུའི་འཚམས་འདྲི་གནང་བ་ཡིན་ན་བོད་རྒྱ་ཆེ་མི་མང་གི་རྒྱལ་གཅེས་ཀྱི་བསམ་བློ་དང་སེམས་ཤུགས་ཉམས་དམས་སུ་གཏོང་རྒྱུ་ཡིན་པ་ངེས་གཏན་རེད།

གསུམ།  ཉེ་བའི་ལོ་ཤས་ནང་དྷ་རམ་ས་ལའི་གཞུང་གིས་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མི་ཆོག་པའི་བཙན་བཀའ་བཏང་བ་དེས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གི་སེམས་ཤུགས་དང་ནུས་པ་གང་འཚམ་ཉམས་བཅུག་ཡོད།  དེར་མ་ཟད་ད་བར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་ངོ་རྒོལ་བྱེད་སའི་མི་ངན་དེ་ཚོར་བོད་མིའི་དབུ་ཁྲིད་ཀྱིས་ཕྱག་བཏང་བ་དང་འཚམས་འདྲི་ཞུས་པ་ཡིན་ན།  བོད་དོན་རྒྱབ་སྐྱོར་བ་ཚོའི་སེམས་ཤུགས་ཆག་སྟེ་ཁོང་ཚོས་སླར་ཡང་སེམས་ཤུགས་བསྐྱེད་དེ་བོད་དོན་ཐོག་རྒྱབ་སྐྱོར་ཕལ་ཆེར་བྱེད་མི་སྲིད། བོད་དོན་རྒྱབ་སྐྱོར་ལས་འགུལ་དེ་ཉམས་ཕྱིན། གལ་སྲིད་མ་འོངས་པར་ཏཱ་ལའི་བླ་མ་དང་ཁོང་གི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དགོས་གལ་བྱུང་ཡང་སླར་གསོ་བྱ་རྒྱུར་ཚེ་རབས་གཅིག་འགོར་ངེས་རེད།

བཞི། རྒྱ་གཞུང་གི་གདན་འདྲེན་འོག་ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕེབས་ན་རྒྱལ་སྤྱིའི་གསར་འགྱུར་ཁག་ནང་གནས་ཚུལ་ཁྱབ་བསྒྲགས་ཧ་ཅང་ཆེན་པོ་འགྲོ་རྒྱུ་རེད། དེས་ཏཱ་ལའི་བླ་མ་དང་རྒྱ་ནག་གཉིས་དབར་གྱི་གནད་དོན་ཚང་མ་ཐག་གཅོད་ཟིན་ཅེས་འཛམ་གླིང་ཡོངས་ལ་གསལ་བཤད་བྱེད་པ་རེད། དེ་བཞིན། འཛམ་གླིང་ནང་མི་སྒེར་དང་སྒྲིག་འཛུགས། ལས་གུལ་ཚོགས་པ་མང་པོས་ཏཱ་ལའི་བླ་མ་ནི་བཙན་རྒྱལ་རིང་ལུགས་པ་དང་། དམར་ཤོག་རིང་ལུགས་པ། མང་གཙོ་མ་ཡིན་པའི་སྲིད་གཞུང་གི་བཙན་དབང་ལ་འཐབ་རྒོལ་བྱེད་མཁན་དཔའ་བོ་དང་གཟི་བརྗིད་ལྡན་པའི་མཚོན་དོན་ལྟ་བུར་བརྩིས་ཏེ་དད་གུས་དང་། བསྔགས་བརྗོད། རྒྱབ་སྐྱོར་བྱེད་མཁན་ཚོས། ད་ནི་ཏཱ་ལའི་བླ་མར་ཁོང་ཚོའི་རྒྱབ་སྐྱོར་དགོས་གལ་མེད་པ་བསམ་སྲིད།

ལྔ། ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕེབས་ན། བོད་མི་མང་གི་བླ་ན་མེད་པའི་དབུ་འཁྲིད་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་དང་ཆོག་མཆན་གནང་ཚུལ་རྒྱ་གཞུང་གིས་འགྲེལ་བརྗོད་དང་རྣམ་འགྱུར་སྟོན་རྒྱུ་ཐག་ཆོད། དེར་བརྟེན། རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པའི་ངན་སྤྱོད་ཀྱི་རྐྱེན་ལས་ཁོང་ཚོའི་ཆེ་མཐོང་དང་། ཡིད་ཆེས། གཟི་བརྗིད་རྣམས་བརླགས་པ་རྣམས་བསྐྱར་གསོ་བྱེད་ཐབས་བྱེད་ཀྱི་རེད། དེར་མ་ཟད་གལ་སྲིད་ཏཱ་ལའི་བླ་མས་རྒྱ་ནག་དེ་ནང་པའི་གནས་ཆེན་དུ་བརྩིས་གནང་ན། ནང་པའི་ཆེས་མཐོའི་དབུ་ཁྲིད་ཀྱིས་རྒྱ་ནག་ནི་ནང་པའི་སྟོབས་ཆེན་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་དང་རྒྱལ་སྤྱིའི་ཚད་ལྡན་ངོས་འཛིན་ཚོགས་པ་ (International Standards Organization) ཡིས་རྒྱབ་གཉེར་ཡིག་ཆ་གནང་བར་ལོག་འགྲེལ་བྱེད་ཀྱི་རེད།  གལ་ཆེ་བ་ཞིག་ལ། ཏཱ་ལའིི་བླ་མ་དང་ཁོང་གི་བཙན་བྱོལ་སྒྲིག་འཛུགས་ཀྱིས་མི་ཚེ་ཧྲིལ་པོ་རྒྱ་དམར་རྣམས་ནི་ཆོས་དད་མེད་མཁན་དང་། བསྟན་དགྲ། བསྟན་པ་སྣུབ་མཁན་ཞེས་ངོ་རྒོལ་བྱས་དང་བྱེད་བཞིན་ཡོད་པས།  གོང་གི་གནས་ཚུལ་གོ་ལྡོག་གཉིས་དེ་ཁོང་དང་བཙན་བྱོལ་བོད་གཞུང་གིས་ཐག་གཅོད་ཇི་ལྟར་བྱེད་དམ།

དྲུག རྒྱ་ནག་རང་ཉིད་ནང་པའི་སྟོབས་ཆེན་རྒྱལ་ཁབ་ཡིན་པའི་གདེང་སྤོབས་ཡོད་ཅིང་ཏཱ་ལའི་བླ་མའི་རྒྱབ་སྐྱོར་ཐོབ་ཡོད་པ་བཅས་ལ་བརྟེན་ཏཱ་ལའི་བླ་མའི་ཡང་སྲིད་རང་འདོད་ལྟར་འདེམས་རྒྱུའི་ལམ་ལུགས་དང་ཆབ་སྲིད་ཐོག་ནས་དམིགས་བསལ་དབང་ཆ་ཐོབ་ཀྱི་རེད།  ལྷག་པར་དུ་ཉེ་ཆར་རྒྱ་ནག་གཞུང་གིས་མ་འོངས་པར་ཏཱ་ལའི་བླ་མ་གཙོས་བོད་ཀྱི་བླ་ཆེན་ཚང་མའི་ཡང་སྲིད་རྩད་གཅོད་དང་ངོས་འཛིན་བྱ་རྒྱུའི་ཐོབ་དབང་རྒྱ་གཞུང་ལ་ཡོད་ཅེས་ཁྲིམས་ཡིག་གཏན་འབེབས་ཟིན་ཅིང་། ཁྲིམས་ཡིག་དེས་རྒྱ་ནག་དམར་ཤོག་ཚོགས་པར་བོད་ཀྱི་སྤྲུལ་སྐུ་ཚོར་གཞུང་གིས་ངོས་ལེན་ཡོད་མེད་ལག་ཁྱེར་སྤྲོད་པའི་དབང་ཆ་སྤྲད་ཡོད་པ་རེད།  དེས་ན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བཙན་བྱོལ་དུའམ་རྒྱ་ནག་གི་མངའ་འོག་ཏུ་སྐུ་གཤེགས་པ་གང་རུང་རྗེས་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་འདོད་པ་བཞིན་མཇུག་བསྡུ་རྒྱུ་ཡིན་པ་ངེས་གཏན་རེད།

བདུན།  མཐའ་དོན་གལ་ཆེ་བ་ཞིག་ལ། པེ་ཅིང་དང་ཏཱ་ལའི་བླ་མ་གཉིས་དབར་གྱི་མཛའ་བརྩེའི་འབྲེལ་བ་དེའི་རྒྱབ་ན་ཉེན་ཁ་ཆེན་པོ་ཞིག་ཡོད་པ་དེ་ནི་མ་འོངས་པར་དུས་ནམ་ཞིག་འབྲེལ་བ་དེར་བར་ཆད་ཅིག་འབྱུང་ངེས་པ་རེད། རྒྱ་ནག་གི་མགོ་ཁྲིད་ཚོས་རང་ཉིད་ཀྱིས་བཀོད་སྒྲིག་བྱས་པའི་གྲོས་མཐུན་དང་ཁས་ལེན་བྱས་པ་གང་ལའང་ཁ་དན་ཚིག་ལ་གནས་རྒྱུའི་དྲང་བདེན་དང་ལྷག་བསམ་མེད་པ་ནི། མི་ཚེ་ཧྲིལ་པོར་རྒྱ་ནག་ལ་འཐབ་རྒོལ་བྱེད་མཁན་ཏཱ་ལའི་བླ་མ་དང་ཁོང་གི་མི་མང་ཚོ་ལས་ལྷག་པ་གཞན་སུས་ཤེས་ཐུབ། དེར་བརྟེན། ཏཱ་ལའི་བླ་མ་དང་རྒྱ་གཞུང་དབར་འབྲེལ་བ་ཉམས་པའི་དུས་ཚོད་ཅིག་ཤར་ཚེ་བོད་མི་ཚོས་རང་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་སུ་ཡང་མེད་པ་ད་གཟོད་ཤེས་པ་དང་། སྐབས་དེར་ཧང་སངས་ཅི་བྱ་རྟོལ་མེད་དུ་གནས་རྒྱུ་ལས་ཐབས་ཅི་ཡོད། གང་ལ་ཞེ་ན། སྐབས་དེར་བོད་མིར་རྒྱབ་སྐྱོར་བྱེད་མཁན་ཚོ་ཁུ་སིམ་མངོན་མེད་དུ་གྱུར་ཟིན་ཅིང་བོད་དོན་རྒྱབ་སྐྱོར་ལས་འགུལ་རིགས་ཚང་མ་མཇུག་རྫོགས་ཟིན་པ་རེད། དེ་ནས་རྒྱ་ནག་གིས་སྔར་ལྟར་བོད་ནང་ཆབ་སྲིད་ཀྱི་གཡོ་སྒྱུའི་ཁྲབ་སྟོན་མུ་མཐུད་བྱེད་ཀྱི་རེད།  སྐབས་དེར་འཛམ་གླིང་མི་མང་གིས་ཡང་བསྐྱར་ཏཱ་ལའི་བླ་མ་དང་བོད་མི་ཚོར་རྒྱབ་སྐྱོར་བྱ་རྒྱུའི་སེམས་ཤུགས་དང་ལྷག་བསམ་དེ་ཇི་ཙམ་ལྷག་ཀྱི་རེད། བོད་མི་མང་ཚོགས་དང་རྒྱལ་སྤྱིའི་མི་མང་གི་ངོས་ནས་ཏཱ་ལའི་བླ་མར་ཡིད་ཆེས་བློས་འགེལ་དང་དད་གུས་ཇི་ཙམ་བྱེད་མིན་ཚང་མས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།

དེས་ན། དྷ་རམ་ས་ལའི་གཞུང་ངོས་ནས་ཆབ་སྲིད་ཐོག་ནས་རང་ས་གང་འཚམ་བརླགས་ཟིན་པ་དང་། ད་ལྟའི་སྐབས་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གི་ཁ་གཏད་ལངས་ཕྱོགས་དེ་ཡང་གཉན་འཕྲང་ཞིག་ལ་གནས་ཡོད་པ་ནི་བོད་དོན་རྒྱབ་སྐྱོར་བ་ཚང་མས་ཤེས་དགོས་པ་དང་ཁས་ལེན་བྱེད་དགོས་པ་ཞིག་རེད། ཏཱ་ལའི་བླ་མ་རྒྱ་ནག་ལ་གནས་མཇལ་དུ་ཕེབས་ན་གསར་འགྱུར་བརྒྱུད་ལམ་ཁག་ནང་ཁྱབ་བསྒྲགས་ཆེན་པོ་ཡོང་རྒྱུ་དང་། ཁོང་ཆོས་པ་ཞིག་ཡིན་པའི་ཆ་ནས་ཚོགས་གསོག་སྒྲིབ་སྦྱང་ཐུབ་རྒྱུ་ཞིག་ལས་བོད་རྩ་དོན་ཐོག་ལ་ཁེ་ཕན་གང་ཡང་ཐོབ་རྒྱུ་མེད་པ་ནི་ཏཱ་ལའི་བླ་མར་རེ་བ་ཤིན་ཏུ་ཆེན་པོ་བྱེད་མཁན་རྒྱབ་སྐྱོར་བ་ཚོས་ཤེས་དགོས་སྙམ། ཏཱ་ལའི་བླ་མ་ནི་འཛམ་གླིང་ནང་སྙན་གྲགས་ཆེན་པོ་ཆགས་ཟིན་པ་དང་ཚང་མས་ཁོང་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་པར་འདུ་ཤེས་འཛིན་གྱི་ཡོད་པས། ཁོང་གི་གནས་མཇལ་དེར་གསར་འགྱུར་ཐོག་སྐད་གྲགས་ཆེན་པོ་དང་ཆོས་ཕྱོགས་ཀྱི་ཁེ་ཕན་ཙམ་ནི་གལ་གནད་དེ་ཙམ་མིན་པ་ཁོང་ཉིད་ཀྱིས་མ་གཏོགས་གཞན་སུས་ཤེས།

ཏཱ་ལའི་བླ་མར་བཅང་བའི་རེ་བ།

བཙན་བྱོལ་བོད་མིའི་འགོ་ཁྲིད་གནད་ཡོད་ཁག་གཅིག་འུ་ཐུག་ཐབས་ཟད་ཆགས་ཏེ་རྒྱ་ནག་གཞུང་དང་མཉམ་དུ་ཆ་རྐྱེན་གང་རུང་ཐོག་གྲོས་མོལ་བྱེད་འདོད་ཡོད་པ་རེད་ཅེས་མི་མང་པོ་ཞིག་གིས་སེམས་འཚབ་བྱེད་ཀྱི་ཡོད། རྒྱལ་རབས་དང་ཕྱི་འབྲེལ་སློབ་སྦྱོང་བྱེད་མཁན་དམའ་རིམ་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན་ནའང་ལོ་རྒྱུས་སྤྱི་དང་དམིགས་བསལ་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་ནི་རྟག་ཏུ་འགྱུར་ལྡོག་འགྲོ་ཡི་ཡོད་པ་དང་། འཛམ་གླིང་ནང་སྲིད་གཞུང་སྟོབས་ཤུགས་ཅན་ཇི་འདྲ་ཞིག་ཡིན་རུང་དེ་དུས་ནམ་ཞིག་ཁུ་སིམ་སིམ་འགྱུར་བ་འགྲོ་བའི་ལོ་རྒྱུས་མང་པོ་བྱུང་ཡོད་པ་རེད་ཅེས་གདེང་ཚོད་ཆེན་པོས་འགྲེལ་རྗོད་བྱེད་ཐུབ།

རྒྱ་གར་དང་ཨི་སི་རལ་སོགས་དཔེ་མཚོན་གྲངས་མེད་ལས་ཏཱ་ལའི་བླ་མས་བསླབ་བྱ་ལེན་དགོས་པ་ནི། རྒྱལ་ཁབ་ག་གེ་མོ་ཞིག་གི་དཀའ་རྙོག་གང་ཡང་ཐབས་ལམ་སྟབས་བདེ་ཤོས་ཐོག་སེལ་ཐབས་བྱེད་པ་ནི་རྒྱལ་ཁབ་དེའི་སྟོབས་ཤུགས་མཚོན་གྱི་མེད་ཅིང་། དེ་ལས་ལྡོག་སྟེ་ངང་རིང་བྱས་པའི་བརྒྱུད་དཀའ་ཚེགས་ཁྱད་དུ་བསད་ནས་དུས་ཡུན་ཇི་ཙམ་འགོར་ཡང་ནམ་ཞིག་རང་གི་ལོ་རྒྱུས་ལྡན་པའི་ཐོབ་ཐང་དེ་འཐོབ་ཚེ་དེ་རྩིས་ལེན་ཐུབ་པར་གསོན་གནས་བྱེད་དགོས། ཁོང་གིས་ཐུགས་བསམ་གཏིང་ཟབ་གནང་ནས་ཁོང་ལ་ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱིས་ཕུལ་བའི་ལོ་རྒྱུས་ལྡན་པའི་འགན་ཁྲིད་དེ་དང་། ད་ཆ་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་ཁོང་གི་སློབ་སྟོན་པ་གཙོ་བོ་ཁག་གཅིག་ཡིད་ཞུམ་ཡོད་པ་དེ་གཉིས་དབར་ལ་ཁྱད་པར་དབྱེ་འབྱེད་གནང་དགོས་པ་གལ་ཆེ། ཁོང་གི་སློབ་སྟོན་པ་ཚོར་མཚོན་ན། ཏཱ་ལའི་བླ་མའི་ཆོས་སྲིད་གཉིས་ཀྱི་མཁྱེན་རྒྱར་ཡིད་ཆེས་བློས་འགེལ་བརླག་མི་རུང་བ་ཡིན། ཁོང་གིས་ཆབ་སྲིད་དབང་ཆ་ཡོངས་རྫོགས་མང་གཙོའི་ལམ་ལུགས་གཞིར་བཟུང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་བ་དེ་ནི། ཁོང་གིས་རང་གི་མི་མང་ཚོར་ཁོང་མ་བཞུགས་པའི་རྗེས་སུའང་བོད་ཀྱི་རྩ་དོན་ཐོག་འཐབ་རྩོད་མུ་མཐུད་བྱེད་དགོས་པའི་འགན་དང་རང་དབང་གནང་བའི་དོན་རེད། ད་དུང་མ་འོངས་པར་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་པར་བརྟེན་དགོས་བྱུང་ཡང་བརྟེན་དགོས་པའི་དོན་ཡིན། དེས་ག་རེ་གསལ་བཤད་བྱས་ཡོད་ཅེ་ན། ཏཱ་ལའི་བླ་མ་སྐུ་ཕྲེང་རྗེས་མ་ཚོས་བོད་མིའི་དབུ་ཁྲིད་གནང་དང་མ་གནང་ཇི་ལྟར་རུང་བོད་མི་ཚོས་བོད་དོན་འཐབ་རྩོད་དེ་མི་རབས་མང་པོའི་བར་དུ་རྒྱུན་སྲིང་བྱེད་ཐུབ་པའི་ནུས་པ་ཡོད་པ་ཁོང་གིས་གསལ་པོ་མཁྱེན་གྱི་ཡོད་པ་གསལ་སྟོན་གནང་ཡོད།

ཁོང་ནི་སེམས་དཔའ་ཆེན་པོ་གཱན་དྷཱིའི་རྗེས་འཇུག་ཡིན་པའི་ཆ་ནས་གཱན་དྷཱིའི་ལྟ་བ་དང་ལང་ཕྱོགས་ལ་ནུས་པ་དཔག་མེད་ཡོད་པ་མཁྱེན་གྱི་ཡོད་མོད། དེས་ན་སྔར་གཱན་དྷཱི་ཡིས་ཨིན་ཇིའི་བཙན་རྒྱལ་དབང་ཤུགས་ལ་ཁ་གཏད་གཅོག་སྐབས་ལག་ལེན་བསྟར་བའི་ཐབས་ལམ་ཁ་ཤས་ཁོང་གིས་ཕྱག་བསྟར་གནང་འོས་པ་ཞིག་རེད། དཔེར་ན། ད་དབར་བོད་མི་ ༡༥༡ གིས་རྒྱ་ནག་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་ཡོད་པར་ཁོང་ཚོར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཁོང་གིས་ཟད་བཅད་ངོ་རྒོལ་གནང་ན་མ་འགྲིགས་པ་མེད། འདི་ལྟར་གནང་བ་ཡིན་ན་ཁོང་རི་བོ་རྩེ་ལྔར་ཕེབས་པ་ལས་ལྷག་པ་དང་སོ་སོའི་རྒྱལ་ཁབ་བཙན་བཟུང་བྱེད་མཁན་ཚོར་ཕྱག་བཏང་བའི་སྐུ་པར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ན་ཐོན་པ་ལས་ལྷག་པ་རྒྱལ་སྤྱིའི་མང་ཚོགས་ནང་སེམས་འགུལ་ཆེན་པོ་ཐེབས་ཐུབ། །

མ་རྩོམ་འབྲེལ་ཐག http://www.phayul.com/news/article.aspx?id=35886

 

 

 

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༣ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༤ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 7

  1. གངས་ཅན་ཕོ་ཉ། says:
    ལོ་ 10 སྔོན།

    སྲིད་དོན་རྐྱང་པའི་ཐོག་ནས་བོད་དོན་འགྲེལ་བཤད་བྱེད་ན་མིག་ཡ་ཅིག་བཙུམ་པ་དང་ཁྱད་མེད།

    Reply
  2. ཁབ says:
    ལོ་ 10 སྔོན།

    རྩོམ་རིང་པོ་ཞེ་དྲག་འདུག་སྟེ་མདོར་དེད་ན་བཤད་འདོད་པ་སྐད་ཆ་གཅིག་རང་རེད། དེ་ནི། ཏཱ་ལའི་བླ་མ་རྒྱ་ནག་དུ་མཆོད་མཇལ་དུ་ཕེབས་ཚེ། རྒྱ་གར་གིས་ཁོང་གི་སྐྱབས་བཅོལ་ཐོབ་ཐང་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་པ་འདི་ཙམ་རེད། ཡིག་འབྲུ་གཞན་ཚང་མ་ནི་སྐད་ཆ་དེ་ཐད་ཀར་མ་ཡིན་པར་འཛམ་གླིང་གཡས་སྐོར་གཡོན་སྐོར་བརྒྱབ་ནས་བཤད་ཐབས་ཀྱི་ཚིག་ཉོག་རིང་ཁོ་ནའོ།

    Reply
  3. བཀྲ་ཤིས་ཆོས་འཕེལ། says:
    ལོ་ 10 སྔོན།

    ཧ་ཧ་ཧ། ཡ་ཡ་དེ་འདྲ་ཞིག་བྲིས་འདུག ཞེད་སྣང་ཚ་པོ་འདྲ་ཞིག་བྲིས་འདུག་ཀ ང་ཚོའི་བོད་དོན་འདི་འགྲིག་འཇགས་མི་ཡོང་བར་ཐབས་ཤེས་བྱེད་མཁན་ཧ་ཅང་མང་གི། རྒྱལ་ཁབ་རེ་ཟུང་དང་། སྤྱི་སྒེར་རེ་ཟུང་ལ་བོད་དོན་འདི་ཐག་མ་ཆོད་པར་མུ་མཐུད་གནས་དགོས་ངེས་ཡོད་རེད། དེ་ནི་ཁོང་ཚོའི་བོད་ལ་ཤ་ཚས་དབང་གིས་མིན་པར། ཁོང་ཚོ་རང་ཉིད་ཀྱིས་བོད་དོན་འདི་ཚོང་རྫས་ཡག་ཤོས་ཤིག་ལ་བེད་སྤྱོད་འདོད་པས་རེད། དེ་ང་ཚོས་ཤེས་དགོས་པ་རེད། མི་འདྲ་མིན་གྱིས་བཤད་ཚད་ལ་ང་ཚོས་ཡིད་ཆེས་བྱས་ན། དེ་ནས་ང་ཚོས་མྱང་རན་པ་རེད་ཏོ།

    Reply
  4. སྟོབས་ལྡན་རྒྱ། says:
    ལོ་ 10 སྔོན།

    རྒྱ་གར་གཞུང་ལ་སེམས་འཚབ་ཞིག་ཡོད་པ་ནི་བོད་རྒྱ་ཞི་མོལ་བྱུང་བ་ཡིན་ན་རྒྱ་གར་ལ་ཐོབ་པའི་བོད་ཀྱི་ས་ཆ་མང་པོ་ཞིག་རྒྱ་ནག་ལ་ཤོར་རྒྱུ་ཡིན་པ་དེ་རེད།ལ་དྭགས་དང་ཨ་རོ་ནལ་ཅལ་ད་དུང་སྒང་ཐོག་བཅས་ས་ཆ་མང་པོ་བོད་ཀྱི་ཡིན་པ་རྒྱལ་རབས་ལོ་རྒྱུས་ནང་གསལ་ཡོད།བོད་ལ་དེ་ལེན་བྱེད་ཀྱི་ནུས་པ་མེད་པར་ས་ཆ་དེ་དག་རྒྱ་གར་གྱིས་བདག་བཟུང་བྱེད་བཞིན་པ་རེད།ནམ་ཞིག་བོད་ལ་རང་དབང་གི་ཉི་མ་ཤར་ནས་རྒྱ་ནག་གི་འོག་ནས་རང་སྐྱོང་ཐོབ་པའི་ཉིན་མོ་དེ་ནས་བཟུང་རྒྱ་དཀར་ནག་གི་འབྲེལ་བ་སྡིག་ཏུ་འགྲོ་བ་གདོན་མི་ཟ།དེ་འདྲ་ཡིན་ཙང་རྒྱ་གར་གཞུང་ཕྱོགས་ཀྱི་སྐད་ཆ་དེས་ཁོང་ཚོའི་ཁེ་ཕན་གཞི་བཞག་པའི་ཐོག་གླེང་བ་ལས་བོད་ལ་ཁེ་ཕན་ཡོད་པ་ཞིག་བཤད་ཀྱིན་མི་འདུག ད་དུང་བོད་མིའི་མངོན་འདོད་དང་༧གོང་ས་མཆོག་གི་ལངས་ཕྱོགས་བཅས་ལ་ད་དུང་གསལ་ཆ་དེ་ཙམ་མེད་པར་རང་ང་འོད་ཚོད་བྱས་བ་ལས་མ་གདའ།ད་དུང་༧གོང་ས་མཆོག་དང་གཞིས་ལུས་བོད་མིའི་འབྲེལ་བ་དེ་ཙམ་ཤེས་ཀྱི་མེད་པའི་ཚོར་བ་བྱུང་།རྒྱལ་ཁབ་ཁག་ན་བཞུག་པའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་བོད་ལ་རྒྱབ་སྐྱོར་གནང་དུ་ཡོད་པ་ཁ་གསལ་རེད།དེ་འདྲ་ཡིན་ཙང་༧གོང་ས་མཆོག་རྒྱ་ནག་ལ་ཕེབས་པ་ཙམ་གྱིས་བོད་མི་རྣམས་ཀྱི་སེམས་ཤུགས་ཆགས་པ་དང་བོད་དོན་རྒྱབ་སྐྱོར་བརླགས་རྒྱུ་ཡིན་པའི་རྒྱུ་མཚན་དེ་ཡང་དག་ཅིག་མ་མཐོང་།

    Reply
  5. ལྷ་སྒང་ཆོས་གྲགས། says:
    ལོ་ 10 སྔོན།

    རྩོམ་ཡིག་དེའི་རྒྱབ་དང་ལྗོངས་ཀྱི་བློས་སླངས་ནི། བོད་དོན་ཐོག་སྔར་མེད་ཀྱི་ཐབས་ལམ་གསར་པ་ཞིག་འདོན་ཐབས་སུ་མིན་པར། ད་ཡོད་ཀྱི་བོད་མིའི་འཐབ་རྩོད་དང་མཐུན་སྒྲིལ་གཏོར་ཐབས་ཁོ་ནར་དམིགས་པ་ཞིག་ཡིན་པ་ནི། རྩོམ་དེའི་མགོ་མཇུག་གང་སར་སྐྱག་དྲི་ཐུལ་ལེར་ཡོད་པ་དེ་རེད། དེ་ན་བོད་དོན་རྒྱབ་སྐྱོར་བ་ཡིན་མདོག་མདོག་བྱེད་མཁན་དེ་ཚོར་ལག་ཟུང་ཐལ་མོ་སྦྱར་ནས་རེ་བ་ཞུ་རྒྱུར། སྐུ་མཁྱེན། བོད་དོན་ལ་ཕན་མ་ཐོགས་ནའང་གནོད་མ་སྐྱེལ་རོགས་ཞེས་ཞུ་རྒྱུ་ཡིན།

    Reply
  6. ལྡོང་སྲས། says:
    ལོ་ 10 སྔོན།

    རྩོམ་ཧ་ཅང་གི་དོན་སྙིང་ལྡན་པ། དངོས་ཡོད་དང་མཐུན་པ། ལོ་རྒྱུས་ཀྱི་འཕེལ་རིམ་ལ་འགན་འཁུར་བ་ཞིག་རེད། བཙན་བྱོལ་བ་ཚོས་འགན་རང་འཁུར་གྱིས་རྒྱལ་བ་རིན་པོ་ཆེར་དགོངས་པ་ཆེར་བཞེས་ཡོང་བར་བསྐུལ་འདེད་གཏོང་བའི་དུས་སུ་བབས་ཡོད།

    Reply
    • ཐུབ་བསྟན་རྒྱ་མཚོ། says:
      ལོ་ 10 སྔོན།

      ཁོང་གི་བཤད་པས་སྐད་ཆ་མང་པོ་ཞིག་ལ་གནས་ལུགས་འདུག དེང་སྐབས་བཙན་བྱོལ་གཞུང་གི་ནུས་པ་ཉམས་ཉེས་སུ་འགྲོ་གི་ཡོད་པ་དེ་མངོན་གསལ་རེད། དེ་མ་ཟད་མང་ཚོགས་ཆབ་སྲིད་ལ་དོ་སྣང་མེད་པ་དེ་དངོས་ནས་བློ་ཕམ་དགོས་པ་ཞིག་རེད། ྋགོང་ས་མཆོག་སྐུ་བཞུགས་བསྡད་བཞག་ན་སྐྱོན་ཡོད་ནི་མ་རེད་བསམ་ནས་མང་ཚོགས་སྒྱུད་ལུགས་ཆག་གི་ཡོད་པ་མཐོང་ཐོས་སུ་གྱུར་ཡོད་དོ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese