མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིག་སྒྲིལ། སྐྱིད་སྡུག་མཉམ་མྱོང་།

བོད་ཀྱི་དུས་བབ།
༢༠༡༦/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས་བརྩམས།

གཞིས་ཆགས་བུས་བོད་སྒྱུར་བྱས།

passport-picདེ་ཡང་སྔོན་ཕྱི་ལོ་ ༡༩༩༤ ཟླ་བ་ ༦ ནང་ཆར་ཞོད་ཆེ་ཞིང་མུན་པ་འཐིབ་པའི་ཉིན་ཞིག་ལ་། ང་དང་ངའི་འཛིན་རིམ་བརྒྱད་པའི་འཛིན་གྲོགས་རྣམས་ཀྱིས་ང་ཚོའི་བོད་ཡིག་རྒན་ལགས་ནས་བོད་ནང་གི་དེང་རབས་འཚོ་བའི་སྐོར་གྱི་དངོས་བྱུང་གློག་བརྙན་ཞིག་ཡོད་པ་དེ་ལྟ་རུ་འཁྲིད་རྒྱུའི་རེ་བ་བཅངས་ནས་ཡོད། ང་ཚོའི་གདུང་བའི་ཐོག་ལ་ཕྱིའི་གནམ་གཤིས་དེ་ཡིས་གནོན་དུས། བསྐྱར་ལྡབ་ཅན་གྱི་ལེགས་བཤད་སློབ་ཚན་དེར་སྐར་མ་ ༤༥ རིང་ལ་ཉན་རྒྱུའི་སྤྲོ་བའང་བརླག ང་ཚོའི་རྒན་ལགས་ནི་རྒྱུན་དུ་སྒྲིག་ཁྲིམས་དམ་པོ་ཞིག་རེད། ཁོང་འཛིན་ཁང་དུ་ཕེབས་མ་ཐག་ཏུ་ང་ཚོ་སློབ་ཕྲུག་ཐུན་མོང་ནས་དེ་རིང་གི་སློབ་ཚན་མི་འཚོགས་རྒྱུའི་ཞུ་བ་འཐེན། འོན་ཀྱང་རྒན་ལགས་ནས་ང་ཚོའི་ཞུ་འབོད་དང་ལེན་མི་བྱེད་པའི་སྔོན་དུ་ཆ་རྐྱེན་ཞིག་བཏོན་བྱུང་། ཆ་རྐྱེན་དེ་ནི་རྒན་ལགས་ཁོང་ནས་དྲི་བ་ཞིག་འདོན་རྒྱུ་བྱེད་ཅིང་། དྲི་བ་དེར་སློབ་ཕྲུག་སུས་ཀྱང་ལན་འདེབས་མི་ཐུབ་ཚེ་སློབ་ཚན་མུ་མཐུད་ནས་འཚོགས་རྒྱུ་བྱས་སོང་། ཆ་རྐྱེན་དེ་ནི་ང་ཚོ་སློབ་ཕྲུག་ཚོར་ཉེན་ཁ་ཞིག་ཡིན་ནའང་། ཚང་མས་ལན་གདབ་མི་ཐུབ་པ་ཞིག་མི་ཡོང་བའི་སྨོན་ལམ་འདེབས་བཞིན་པའི་སྐབས་ཤིག་ལ་གློ་བུར་དུ་རྒན་ལགས་ཀྱིས་ངའི་མིང་ནས་འབོད་པ་ཐོས་སོང་། དེ་འདྲ་ཞིག་ཡོང་རྒྱུ་ནི་ངའི་བློ་ཡུལ་དུའང་མེད། འོན་ཀྱང་ང་རང་ཞེད་སྣང་དང་དངངས་འཚབ་ཀྱི་སྒོ་ནས་རྒན་ལགས་ཀྱི་དྲི་བ་ “༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ཚོར་ཐུགས་རེ་ཆེ་ཤོས་དེ་གང་རེད་དམ་” ཞེས་པ་དེ་ཐོས་བྱུང་། དེ་ནས་ང་རང་དངངས་འཚབ་ཀྱིས་ལུས་པོ་འདར་མགོ་ཚུགས་སོང་། ཡིན་ནའང་ངས་བསམ་བློ་གང་ཡང་མི་གཏོང་བའི་སྒོ་ནས་ “ཆོལ་ཁ་གསུམ་རྡོག་རྩ་ཆིག་སྒྲིལ་ (བྱེད་དགོས་རྒྱུ་)” ཞེས་ལན་བཏབས། བསམ་ཡུལ་ལས་འདས་པ་ཞིག་ལ་རྒན་ལགས་ནས་ངའི་ལན་དེ་ཏག་ཏག་ཡིན་པ་ལ་འཚམས་འདྲི་ཞུས་པ་དང་། མཉམ་དུ་འཛིན་ཁང་ནང་གི་སློབ་གྲོགས་ཚང་མ་ཡར་ལངས་ནས་དགའ་བསུའི་ཐལ་སྒྲ་བསྒྲགས་སོང་། ད་ལྟ་དུས་སྐབས་དེར་བསམ་བློ་ཞིག་གཏོང་དུས་ངས་བསམ་བློ་གང་ཡང་མི་གཏོང་བའི་སྒོ་ནས་ལན་བཏབས་པ་དེ་རླུང་རྟ་རྒྱུགས་ནས་ཏག་ཏག་ཐིག་པ་ཞིག་རེད། དེ་དུས་ང་རང་ལོ་ ༡༣ ཡིན་པར་བརྟེན་ “རྡོག་རྩ་ཆིག་སྒྲིལ་” ཞེས་པ་དེ་ང་དང་བོད་མི་གཞན་ཚང་མ་ལ་གལ་གནད་ཆེན་པོ་ག་ཚོད་ཅིག་ཡིན་པ་ངོས་འཛིན་ཐུབ་ཀྱི་མེད།

Photo_11

ད་ནི་ཕྱི་ལོ་ ༢༠༡༦ ཟླ་བ་ ༣ མགོ་སྟོད་དུ་མདུན་མཆོངས་ཤིག་བྱེད་རྒྱུ་ཡིན། དེང་སྐབས་སྤྱི་ཚོགས་དྲ་བ་དག་གིས་གསར་འགྱུར་བརྒྱུད་ལམ་གྱི་ངོ་བོ་གཞན་རྣམས་ལས་ལྷག་པར་དར་ཁྱབ་ཆེ་བའི་དུས་ཚོད་ཧ་ཅང་མྱུར་པོ་ཞིག་རེད། དེ་ཡང་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུ་ཆེན་པོ་ཉིན་ནས་གཟའ་འཁོར་གསུམ་ཙམ་གྱི་སྔོན་དུ། གཞུང་པ་ཚེ་དབང་ཕུན་ཚོགས་ཟེར་བ་ཞིག་གིས་ང་ལ་གཞི་མེད་ཀྱི་སྐྱོན་བརྗོད་གཅིག་འཇུག་གཉིས་མཐུད་བྱས་དང་བྱེད་བཞིན་ཡོད་པ་ངས་ཤེས་རྟོགས་བྱུང་། མ་ཟད་ཁོང་གིས་ང་རང་དབུས་གཙང་སྤྱི་འཐུས་ཀྱི་འོས་མིར་འོས་འཚམས་ཤིག་མིན་པར་བསྒྲགས་ནས་དབུས་གཙང་མི་དམངས་ཀྱིས་ང་ལ་འོས་བླུག་རྒྱུ་མེད་ཅེས་སྐད་འཕྲིན་ཁག་ཏུ་ཡོངས་གྲགས་ཀྱི་ཞུ་ཡིག་ཀྱང་སྤེལ་འདུག ཁོང་གིས་ང་ལ་གཞི་མེད་སྐྱོན་བརྗོད་འགའ་ཞིག་བྱས་འདུག་པའི་ཁྲོད་ནས་ཧ་ཅང་ཡ་མཚར་དགོས་པའི་སྐྱོན་བརྗོད་གཅིག་ནི། ང་རང་དབུས་གཙང་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་དབུས་གཙང་ལ་ཞེན་ཁོག་མི་འདུག་ཅེས་སྐྱོན་བརྗོད་བྱས་འདུག

ཕྱི་ལོ་ ༢༠༡༡ ལོར་ང་རང་སྐབས་བཅོ་ལྔ་པའི་བོད་མི་དམངས་སྤྱི་འཐུས་སུ་གསར་དུ་འདེམས་ཐོན་བྱུང་བ་དང་། སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་གྱི་ཉིན་ནི་ངའི་མི་ཚེ་ནང་གི་ཆེས་དངངས་འཚབ་ཅན་གྱི་དུས་དེ་ཡིན། ང་རང་ཚོའི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལྟར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་གྱི་མདུན་དུ་ཕྱག་གསུམ་ཕུལ་ནས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་བགྲེས་ཤོས་ཤིག་གིས་སྣེ་འཁྲིད་པའི་འོག་ཏུ་མནའ་སྐྱེལ་དམ་བཅའ་དེ་ཕུལ་བ་ཡིན། ངས་གསལ་པོར་དྲན་གསོས་པ་ཞིག་ནི། སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའི་ནང་དུ་ “ང་རང་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་རང་དོན་ཕྱོགས་ལྷུང་གི་ལས་གང་འདྲ་ཞིག་གི་ནང་དུ་བཞུགས་ཀྱི་མིན་ཞེས་མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་ཕུལ་རྒྱུ་ཡིན་” ཞེས་འཁོད་འདུག

སྤྱིར་ན་ངས་གཞུང་པ་ཚེ་དབང་ཕུན་ཚོགས་ཀྱིས་ ‘ཆོལ་ཁའི་ཞེན་ཁོག་མི་འདུག’ ཅེས་པའི་གོ་དོན་དེ་ཁ་གསལ་གཏིང་གསལ་ཞིག་རྟོགས་ཐུབ་མེད་ཀྱང་། ང་རང་ལུང་ཚན་དང་ཆོལ་ཁའི་འཐེན་འཁྱེར་མེད་པ་ཞིག་ཏུ་ངོས་འཛིན་བྱུང་བ་དེར་དོན་དངོས་ཐོག་སྤོབས་པ་ཆེན་པོ་ཞིག་སྐྱེས་བྱུང་། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ལོར་ངས་སྤྱི་འཐུས་ཀྱི་ལས་འཁུར་གྱི་དམ་བཅའ་ཕུལ་བ་ལྟར་ཆོལ་ཁ་དང་ལུང་ཚན་གྱི་འཐེན་འཁྱེར་ལས་བྱེད་མི་འདུག་བསམ་པའི་ཚོར་བ་དྲག་པོ་ཞིག་ཀྱང་སྐྱེས་བྱུང་།

ཆིག་སྒྲིལ་ཞེས་བརྗོད་སྐབས། རྟག་ཏུ་ང་ཚོའི་སེམས་ངོས་ན་གཞིས་ལུས་བོད་མི་ཚོས་རྒྱ་གཞུང་གི་གདུག་རྩུབ་གཉའ་གནོན་གྱི་འོག་ཏུ་ཞུམ་པ་མེད་པར་ཆིག་སྒྲིལ་གྱི་ནུས་པ་མ་ཉམས་པར་རྒྱུན་འཛིན་བྱེད་བཞིན་ཡོད་པ་དེ་ལྷང་ངེར་དྲན་ནས་སྐུལ་མ་བྱས། ཕྱི་ལོ་ ༢༠༠༨ གྱི་ས་བྱི་ཞི་རྒོལ་ཆེན་མོ་དེ་ཡིས་བོད་ས་ཡོངས་ཀྱི་ཆབ་སྲིད་ལས་འགུལ་གྱི་རྣམ་པ་ཡོངས་སུ་བསྒྱུར་ཡོད་པ་དང་། དེ་ནི་གཙོ་བོ་གཞིས་ལུས་བོད་མིའི་ཚོའི་བར་གྱི་ཉམས་མེད་ཀྱི་ཆིག་སྒྲིལ་གྱི་འདུ་ཤེས་མཚོན་པའི་བདེན་དཔང་ཞིག་རེད། ཁོང་ཚོས་ཁ་ཞེ་གཉིས་མེད་ཀྱི་༸གོང་ས་མཆོག་ལ་དད་གུས་དང་། རྒྱ་ནག་གི་གདུག་རྩུབ་མནར་གཅོད་ལ་ཁ་གཏད་དུ་ཁོང་ཚོས་མུ་མཐུད་ནས་ཞི་བའི་སྒོ་ནས་ངོ་རྒོལ་ལས་འགུལ་སྤེལ་དང་སྤེལ་མུས་ཀྱིས་བོད་མིའི་འཐབ་རྩོད་དེ་མདུན་བསྐྱོད་ཐུབ་པ་ལ་སྐུལ་འདེད་བྱས་ཡོད། ཁོང་ཚོར་འཛིན་བཟུང་མནར་གཅོད་དང་གཅེས་པའི་སྲོག་ལའང་ཉེན་ཁ་ཡོད་ཀྱང་། དུས་ནས་དུས་སུ་ཁོང་ཚོའི་ཆིག་སྒྲིལ་གྱི་ནུས་པ་ནི་ཕམ་ཉེས་མི་ཐུབ་ཅིང་འགྲན་དུ་མེད་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།

དེ་བཞིན་ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་ནས་ ‘བོད་མིའི་སྐྱིད་སྡུག་མཉམ་མྱོང་’ ཞེས་པའི་ཚོར་ཤུགས་ཅན་གྱི་འབོད་སྒྲ་ཞིག་ཐོན་ཡོད་ལ། འབོད་སྒྲ་འདི་ཡིས་གཞིས་ལུས་བོད་མིའི་ཆིག་སྒྲིལ་འདུ་ཤེས་ཀྱི་ཚད་དེ་གང་དུ་བསླེབས་ཡོད་པ་གསལ་སྟོན་བྱས་ཡོད། (ཕྱི་ལོ་ ༢༠༠༨ ལོར་)བོད་ས་ཡོངས་རྫོགས་སུ་ཞི་རྒོལ་ཆེན་མོ་དེ་བྱུང་སྐབས། པེ་ཅིན་དུ་ཡོད་པའི་བོད་རིགས་སློབ་མ་རྣམས་ཀྱིས་ཀྱང་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བའི་འདྲ་པར་རྣམས་ང་ཚོས་དངོས་སུ་མཐོང་ཡོད།

བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་ཀྱི་རྒྱལ་དར་། དེ་བཞིན་དུ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གླུ་གར་ཁག་བཅས་ཀྱི་ནང་དུ་ཆིག་སྒྲིལ་གྱི་གོ་དོན་བཀྲལ་ནས་ཡོད་པ་ཚང་མས་ཤེས། ལྷག་དོན་དུ་ཡོངས་གྲགས་ལ་ ‘གོར་གཞས་’ ཞེས་འབོད་པ་འདི་ཡང་ཆིག་སྒྲིལ་དང་འབྲེལ་ནས་ཡོད་པའི་དྲན་སྐུལ་རྣལ་མ་ཞིག་ཀྱང་རེད།

འོན་ཀྱང་ང་ཚོའི་མིག་ལམ་དུ་མཐོང་བའི་འདས་ཟིན་པའི་ཟླ་ཤས་ནི། བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་སྲོལ་ལ་ཉམས་ཉེས་འགྲོ་རྒྱུའི་གོད་ཆགས་ཆེན་པོ་ཞིག་རེད། ང་རང་ཚོ་བཙན་བྱོལ་བོད་མིའི་འོས་བསྡུའི་བརྒྱུད་རིམ་ཡོངས་སུ་རྫོགས་པ་དེ་ཆོལ་ཁ་དང་ལུང་ཚན་འཐེན་འཁྱེར་གྱི་རླབས་ཤུགས་དྲག་པོའི་འོག་ཏུ་ཕྱིན་ཡོད་པ་ནི་གསང་བའི་གནས་ཤིག་མིན། འདི་ནི་(དེ་སྔོན་ང་ཚོའི་སྤྱི་ཚོགས་ནང་གི་)རང་བཙན་དང་དབུ་མའི་ལམ་བར་གྱི་འགལ་ཟླས་བཟོས་པའི་རྨ་ཁ་དེར་ཚྭ་བྱུག་པ་ཞིག་དང་མཚུངས། ནང་གྱེས་(སམ་ནང་འགལ་) དེ་དག་གིས་བོད་མིའི་སྤྱི་ཚོགས་དང་ཆབ་སྲིད་ལས་འགུལ་གྱི་སྒྲོམ་གཞི་དངོས་དེ་ཉམས་ཉེས་སུ་བཏང་། ད་དུང་ཐབས་ཟད་པའི་ལས་དེ་དག་ཐམས་ཅད་ནི་༸གོང་ས་མཆོག་ཨ་རིའི་མེ་ཡོ་སྨན་ཁང་དུ་བཞུགས་པའི་སྐབས་སུ་ཐོན་པ་རེད།

འོས་བསྡུའི་ལས་རིམ་ཚར་རྗེས་༸གོང་ས་མཆོག་ནས་ཐོག་མར་སྲིད་སྐྱོང་གི་འོས་མི་གཉིས་ཀར་ ‘ད་ནི་འོས་བསྡུ་ཚར་ཟིན་པས་ཆོལ་གསུམ་བོད་མི་རྣམས་ཆིག་སྒྲིལ་ཡོང་རྒྱུར་ཁྱེད་རང་གཉིས་ཀར་འགན་འཁྲི་ཡོད་’ ཅེས་བཀའ་བསྩལ་གནང་ཡོད། དེ་ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་གྱི་སྟེང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་བཟང་སྤྱོད་དེ་ཉམས་ཉེས་འགྲོ་བཞིན་པའི་ཐོག་ལ་བཀའ་སློབ་བསྩལ་བ་དེ་མཇལ་སྐབས་ངའི་སེམས་ལ་ན་ཟུག་སྦྱིན་སོང་།

(ཕྱི་ལོ་ ༢༠༡༦) ཟླ་བ་ ༤ དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་སུ་ཧ་ལས་དགོས་པ་དང་དངངས་འཚབ་བྱེད་དགོས་པའི་དོན་རྐྱེན་མང་པོ་བྱུང་ཡོད།  དེ་ཡང་ཟླ་བ་ ༤ ཚེས་ ༡ ཉིན་གཞུང་བསྟེན་ལྷ་སྲུང་གིས་ཀྱང་སྲིད་སྐྱོང་འོས་མི་གཉིས་ཀྱིས་འོས་བསྡུའི་ལས་རིམ་ནང་དུ་ཆོལ་ཁའི་འཐེན་འཁྱེར་གྱི་དཀའ་ངལ་དེ་སེལ་དགོས་པའི་སྐུལ་ལྕག་དང་། བོད་མི་རྣམས་ཆིག་སྒྲིལ་དགོས་པའི་ཞུ་འབོད་གནང་། དེའི་རྗེས་ཟླ་བ་ ༤ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་དུ་ཞབས་ཞུ་ལོ་མང་བསྒྲུབ་མྱོང་ཞིང་། ལས་དོན་བྱེད་ཕྱོགས་ལ་མཚན་སྙན་ཆེ་བའི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་༸གོང་ས་མཆོག་གི་ཐུགས་དགོངས་ལྟར་ལས་དོན་བསྒྲུབ་མ་ཐུབ་པར་བརྟེན་ནས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་ཞུ་གནང་། དེ་ནས་ཕྱི་ལོ་ ༢༠༡༦ ཟླ་བ་ ༤ ཚེས་ ༧ ཉིན་སྲིད་སྐྱོང་གི་འོས་མི་གཉིས་ནས་གསར་འགོད་ལྷན་ཚོགས་བསྐོངས་ཏེ། ༸གོང་ས་མཆོག་ལ་བཟོད་གསོལ་ཞུ་རྒྱུ་དང་སྦྲགས་བོད་མི་རྣམས་ཆིག་སྒྲིལ་གནང་རོགས་ཞེས་འབོད་སྐུལ་གནང་།

Photo_2

གང་ལྟར་ཡང་ང་ཚོའི་ཤོད་སྲོལ་ནང་ལྟར། སྤྲིན་ནག་རེ་རེའི་རྒྱབ་ཏུ་དངུལ་ཐིག་ཅིག་ཡོད། དོན་དངོས་ཐོག་ང་ཚོའི་བཙན་བྱོལ་གྱི་ལོ་རྒྱུས་ནང་དུ་ནང་གྱེས་ཡང་ཡང་བྱུང་བ་དེ་ཡིས་འདས་པའི་ནོར་འཁྲུལ་ཡོ་བསྲང་དང་འབྱུང་སླར་གསོ་ཐུབ་རྒྱུར་ང་ཚོར་གོ་སྐབས་མང་པོ་ཞིག་བྱུང་ཡོད། ད་ནི་རླུང་འཚུབ་ངན་པ་དེ་ཡོལ་ཟིན་པས། ང་ཚོ་ལྷིང་འཇགས་ཀྱི་ནང་དུ་སེམས་རྣལ་དུ་ཕབ་ནས་མ་འོངས་པའི་ཕྱོགས་སུ་གོམ་ཁ་མདུན་སྤོས་ཐོག་ནས་དོན་དམ་གྱི་འགྱུར་ལྡོག་ཅིག་བསྐྲུན་ཐུབ་རྒྱུ་དང་ཡིད་ཆེས་ཀྱི་འདུ་ཤེས་དེ་བསྐྱར་བཟོ་ཐུབ་རྒྱུར་བསམ་བློ་ཞིག་གཏོང་དགོས། བོད་མི་ཞིག་ཡིན་པའི་ཆ་ནས་ང་རང་ཚོའི་ཐུན་མིན་གྱི་རིག་གཞུང་གི་ངོ་བོ་དེར་བློ་སྤོབས་སྐྱེས་ནས་བོད་མི་རྩམ་གཟན་ཞིག་ཡིན་པའི་དགའ་སྤོབས་ཤིག་བྱེད་དགོས། དུས་སྐབས་འདི་ནི་ང་ཚོའི་ལོ་རྒྱུས་ནང་དུ་ལོ་རྒྱུས་ཅན་གྱི་དུས་(གལ་ཆེན་)ཤིག་ཏུ་བརྩིས་ནས་། སྔར་བྱས་ཀྱི་ལས་དག་ལ་བསམ་གཞིགས་དང་བསམ་བློ་བསྐྱར་གཏོང་གི་སྒོ་ནས་ལེགས་ཉེས་བླང་དོར་གྱི་ཚུལ་དེ་ཤེས་པར་བྱེད་དགོས།

ང་ཚོར་ཁ་སྙན་པོའི་ཆིག་སྒྲིལ་ཞིག་མིན་པར་དོན་དམ་གྱི་ཆིག་སྒྲིལ་ཞིག་དགོས། ཆིག་སྒྲིལ་གྱི་དོན་ནི། བོད་མི་ཚང་མ་གཅིག་མཚུངས་སུ་བརྩི་རྒྱུ་དེ་ལ་ཟེར་ཞིང་། ཆིག་སྒྲིལ་ནི་ཁྱོད་ཀྱིས་ལུང་ཚན་དང་། ཆོལ་ཁ། དད་པ། ཡིད་ཆེས་བཅས་ཀྱི་ཐོག་ནས་དབྱེ་འབྱེད་དང་འཐེན་འཁྱེར་གྱི་བསམ་བློ་དེ་རྩ་བ་ནས་དོར་ཐུབ་ན་ཡོང་ཐུབ། ཆིག་སྒྲིལ་ནི་ང་ཚོའི་ཐུན་མོང་གི་བསྒྲུབ་བྱའི་དམ་བཅའ་དང་(ཚང་མ་)གཅིག་ཡིན་པའི་འདུ་ཤེས་ལ་འགེགས་བྱེད་མཁན་གྱི་མི་སྒེར་གྱི་ང་རྒྱལ་དང་། ཆབ་སྲིད་དབང་ཆ་འཐབ་རྩོད་དེ་སླེབས་སུ་མི་བཅུག་པ་ལ་ཟེར། ང་ཚོས་ངེས་པར་དུ་བོད་མིའི་(འཐབ་རྩོད་དམ་)ཆབ་སྲིད་ཀྱི་ལས་འགུལ་གསོན་པོར་བཟུང་མཁན། སྙིང་སྟོབས་དང་། ལར་ཞེན། ཆོད་སེམས་ཅན་གྱི་གཞིས་ལུས་བོད་མི་ཚོའི་མངོན་འདོད་བསྒྲུབ་རྒྱུ་དེ་ནི་ང་ཚོའི་བསྒྲུབ་བྱ་གཙོ་བོ་དང་ཐུན་མོང་གི་ཕུགས་བསམ་ཡིན་པ་ཤེས་དགོས།

ང་ཚོས་ཆིག་སྒྲིལ་གྱི་བསམ་བློ་དེ་བསྒྲུབ་ཕྱོགས་ཤིག་དང་། སྔོན་ཐོན་ཅན། དངོས་ཡོད་གནས་ཚུལ་གྱི་གཞི་རྩའི་ཐོག་ནས་དང་ལེན་བྱེད་ནས་(བོད་མི་རྣམས་)སྐྱིད་སྡུག་མཉམ་མྱོང་བྱེད་དགོས། (བོད་མིའི་)ཆིག་སྒྲིལ་གཏོར་མཁན་རྣམས་ནི་མི་དགོས་པ་ཙམ་ཞིག་མིན་པར། ད་དུང་དེ་ནི་ང་ཚོའི་སྤྱི་ཚོགས་དང་འཐབ་རྩོད། དེ་བཞིན་བོད་ནང་གི་བོད་མི་ཚོའི་བློས་གཏོང་། ལྷག་པར་དུ་ང་རང་ཚོའི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བཅས་ལ་ཧ་ཅང་གནོད་འཚབ་ཆེ་བའི་ལས་གཅིག་པོ་དེ་ཡིན་པས། དེ་ཚོའི་རིགས་ལ་ང་ཚོས་རྟག་ཏུ་ཡིད་གཟབ་བྱེད་དགོས། མ་ཟད་འདི་ནི་ང་ཚོ་བོད་མི་སུ་གཅིག་གིས་ཀྱང་འདོད་པ་ཞིག་མ་རེད།

ང་ཚོ་བོད་མི་རྣམས་ནས་ཆིག་སྒྲིལ་གྱི་ལྟ་ཚུལ་དེ་གལ་ཆེན་ཞིག་དང་ངེས་པར་དུ་མི་ཉམས་རྒྱུན་འཛིན་དགོས་པ་ནི་གླུ་གཞས་ཀྱི་ནང་དུའང་ཐོན་བཞིན་ཡོད་པ་ལྟར། གཞིས་བཞུགས་གླུ་བ་གྲགས་ཅན་ཤེར་བསྟན་གྱིས་ཀྱང་སེམས་ཚོར་ཆེན་པོའི་ཐོག་ནས་ “མཐུན་སྒྲིལ་ (ཆིག་སྒྲིལ་) ” ཞེས་པ་གླུ་གཞས་བཏང་ཡོད། གླུ་གཞས་དེའི་གཞས་ཚིག་རྣམས་རི་མཐོ་ས་གཙང་དྲྭ་ཚིགས་ནས་དབྱིན་སྒྱུར་བྱས་ནས་འདོན་སྤེལ་བྱས་ཡོད། གླུ་གཞས་དེའི་སྔོན་འགྲོའི་ནང་དུ་ཆོལ་ཁ་གསུམ་གྱི་བོད་མི་རྒན་གཞོན་དར་གསུམ་ཚང་མས་ལྷན་གཅིག་ཏུ་སྐད་ཤུགས་ཆེན་པོའི་ཐོག་ནས།

མདོ་དབུས་གསུམ་ཁྱིམ་རྒྱུད་གཅིག་རེད། །

ང་ཚོ་ཚང་མའི་ལས་དབང་གཅིག་རེད། །

མཛའ་བརྩེ་མེ་ཏོག་མཉམ་བཞད། །

མཐུན་པའི་ལག་རྡང་མཉམ་སྦྲེལ། །

མཐུན་པའི་ལག་རྡང་སྦྲེལ། །

གོམ་ཁ་ཡར་ལ་ཕྱོགས། །

མི་རིགས་ཤིག་གི་མདུན་ལམ་བསམ་ན། །

ཆོལ་ཁ་གསུམ་པོ་མཐུན་སྒྲིལ་བྱེད་དགོས། །

མདོ་དབུས་ཁམས་གསུམ་ཁྱིམ་རྒྱུད་གཅིག་རེད། །

ང་ཚོ་ཚང་མའི་ལས་དབང་གཅིག་རེད། །

ཁ་བ་བོད་པ་ཚོ། །

རྡོག་རྩ་གཅིག་སྒྲིལ་བྱོས། །

མདོ་དབུས་ཁམས་གསུམ་ཁྱིམ་རྒྱུད་གཅིག་རེད། །

ང་ཚོ་ཚང་མའི་ལས་དབང་གཅིག་རེད། །

མཐུན་པའི་ལག་རྡང་སྦྲེལ་ནས། །

གོམ་ཁ་ཡར་ལ་ཕྱོགས་ནས་འགྲོ། །

ཞེས་གསུངས་འདུག

༼རྩོམ་པ་པོ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ནི་བོད་མི་མངས་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་དང་། རྒྱལ་སྤྱིའི་བོད་ཀྱི་དྲ་གནས་ལས་ཁང་གི་འགན་འཛིན་། དེ་བཞིན་རྒྱ་བོད་པེན་མཐུན་ཚོགས་ཀྱི་དྲུང་ཆེ་རེད།༽

མ་རྩོམ་འབྲེལ་ཐག http://www.tibetanreview.net/unity-standing-together-in-joy-and-sorrow/

 

 

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. ཤར་མདའ། says:
    ལོ་ 10 སྔོན།

    གང་ལྟར་བོད་ཀྱི་བུད་མེད་ཚོའི་ནང་ནས་གང་ཙམ་འགྲིག་འདུག་ཡིན་ཡང་རང་ནུས་གང་ཡོད་ཀྱིས་རང་ཉིད་ཀྱིས་རྒན་པ་ཚོས་བྱས་རྗེས་ནག་གསུབས་སུ་མ་བཏང་བར་དྲང་བདེན་ཐོག་འབད་བརྩོན་གནང་ཐུབ་ན་དེ་ལས་རེ་བ་མེད། དེང་དུས་ཤེས་ཡོན་ཡོད་ཟེར་མཁན་ཚོས་ཡབ་མེས་དག་གི་ཞབས་རྗེས་ནག་གསུབ་གཏོང་གི་ཡོད་པ་མཁྱེན་གསལ་རེད། ཁ་ཕོད་ཆེ་ན་ཡང་འབྲས་བུ་དེ་འདྲ་མེད་པ་གསལ་བོ་རེད་ད་གང་ལྟར་གོང་ཞུས་ལྟར་ཁྱེད་ཀྱི་ཡབ་མེས་ཚོའི་ཞབས་རྗེས་ནག་གསུབ་མ་བཏང་བར་དྲང་བདེན་སྐྱོང་མཁན་ཞིག་བྱུང་ན་དགོས་པ་འགྲུབ་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese