ཐེ་ཝན་གྱི་སྲིད་འཛིན་གསར་པ་ལྕམ་ ལྕམ་ཚེ་ཡཱན་ཝུནམཆོག་གིས་ཟླ་འདིའི་ཚེས་ ༢༠ ཉིན། རྒྱལ་ས་ཐེ་པེ་རུ་སྲིད་འཛིན་ལས་འཁུར་དམ་འབུལ་ཞུས་རྗེས་མི་མང་ལ་ལོ་རྒྱུས་རང་བཞིན་གྱི་གཏམ་བཤད་ཐེངས་དང་པོ་གནང་བའི་ནང་དོན་བོད་བསྒྱུར་བྱས་ཡོད།
མཐུན་གྲོགས་རྒྱལ་ཁབ་སོ་སོའི་དབུ་ཁྲིད་དང་མགྲོན་པོ། ཐེ་ཝན་དུ་བཅའ་སྡོད་རྒྱལ་ཁབ་ཁག་གི་དོན་གཅོད་དང་སྐུ་ཚབ། དེ་བཞིན། འདིར་བཞུགས་གྲོགས་པོ་དང་རྒྱལ་དམངས་སྤུན་ཟླ་ཚང་མར། ཁམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ཐུགས་རྗེ་ལེགས་གསོལ་དང་འགན་ལེན།
ད་སྔོན་ཏག་ཏག་ལ། སྲིད་འཛིན་ཕོ་བྲང་དུ་ང་དང་ཁྲིན་ཅན་རན་གྱིས། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུར་དམ་འབུལ་དངོས་སུ་ཡོངས་བསྒྲགས་བྱས་ཟིན། ཕ་ཡུལ་གྱི་ས་གཞིས་ང་ཚོ་གསོ་སྐྱོང་གནང་པར་ཐུགས་རྗེ་ཆེ། ཕ་ཡུལ་མི་དམངས་ཀྱིས་ང་ཚོར་བློ་གཏད་གནང་བར་ཐུགས་རྗེ་ཆེ། དེ་བཞིན། ཆེས་གལ་ཆེ་བ་ཞིག་ནི་རྒྱལ་ཁབ་འདིའི་དམངས་གཙོའི་སྒྲིག་འཛུགས་ལ་སྙིང་ནས་ཡི་རངས་དང་ཐུགས་རྗེ་ཆེ་ཞུ། འདི་ལ་བརྟེན་ནས་ང་ཚོས་ཞི་བདེའི་འོས་འདེམས་གོ་རིམ་བརྒྱུད་ནས་གཞུང་འཛིན་ཚོགས་པ་བརྗེ་ལེན་ཐེངས་གསུམ་པ་ལེགས་གྲུབ་བྱུང་བར་མ་ཟད། ངེས་གཏན་མེད་པའི་དཀའ་རྙོག་གི་རྒྱུ་རྐྱེན་མང་པོར་གདོང་ལེན་ཐོག ཟླ་བཞིའི་རིང་གི་བར་བརྒལ་དུས་ཡུན་བདེ་བླག་ངང་མཇུག་སྒྲིལ་ཏེ་ཞི་བདེ་ལྷིང་འཇགས་ངང་སྲིད་དབང་བརྗེ་ལེན་ལེགས་གྲུབ་བྱུང་པ་རེད།
དམངས་གཙོ་དང་རང་དབང་ཅན་གྱི་མིའི་ཚོགས་སྡེ་ཞིག་ཡིན་པའི་ངོས་ནས། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་ལྡན་པའི་སྒོ་ནས་རང་དབང་དམངས་གཙོའི་འཚོ་སྟངས་སྲུང་སྐྱོང་བྱེད་བཞིན་པ་དེ། ཐེ་ཝན་གྱིས་ཡང་བསྐྱར་ལག་ལེན་དངོས་ཀྱི་ཐོག་ནས་འཛམ་གླིང་ལ་གསལ་སྟོན་བྱ་དགོས་ལ། བརྒྱུད་རིམ་དེར་ང་ཚོ་ཚང་མས་མཉམ་ཞུགས་བྱ་དགོས་ཀྱི་ཡོད་པ་རེད། མཛའ་ཞིང་བརྩེ་བའི་ཐེ་ཝན་མི་དམངས་རྣམ་པ། ང་ཚོས་དེ་ཉིད་དངོས་སུ་སྒྲུབ་ཐུབ་སོང་བ་རེད།
ངས་ཚང་མར་གསལ་བརྗོད་ཞུ་རྒྱུར། ཕྱི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་འོས་བསྡུའི་མཇུག་འབྲས་ཐད། ང་ལ་འགྲེལ་བརྗོད་ཞུ་སྟངས་གཞན་གང་ཡང་མེད། མི་དམངས་ཀྱིས་སྲིད་འཛིན་གསར་པ་བདམས་པ་རེད། སྲིད་གཞུང་གསར་པ་བདམས་པ་རེད། ཁོང་ཚོས་རེ་སྙེགས་བྱེད་ཀྱིན་པ་ནི་ཡིག་འབྲུ་བཞི་སྟེ། “གནས་དོན་ཐག་གཅོད” རེད། དེང་སྐབས་ཐེ་ཝན་ནི་ཧ་ཅང་དཀའ་ཁག་ལྡན་པའི་གནས་བབ་ཞིག་ན་ཡོད། གཞུང་འཛིན་པས་ཕྱི་བཤོལ་མེད་པའི་སྒོ་ནས་འགན་འཁུར་རྒྱུ་ནི་ཁ་ཚ་དགོས་གཏུག་ཆགས་ཡོད། དེ་ནི་ངས་ནམ་ཡང་བརྗེད་མི་སྲིད།
ངས་ད་དུང་ཚང་མར་གསལ་བརྗོད་ཞུ་རྒྱུ་ཞིག་ལ། མིག་མདུན་གྱི་དཀའ་ཁག་སྣ་ཚོགས་ལ་ང་ཚོས་གཡོ་སྲོལ་མེད་པར་གདུང་ལེན་དང་ང་ཚོ་ཐུན་མོང་གིས་འགན་འཁུར་དགོས། དེར་བརྟེན། ཐེངས་འདིའི་གཏམ་བཤད་ནི་གདན་ཞུ་ཞིག་ཡིན། རྒྱལ་ཡོངས་སྤུན་ཟླ་མི་དམངས་ཚང་མས་མཉམ་གཅིག་ཏུ་རྒྱལ་ཁབ་འདིའི་མ་འོངས་པ་ཕྲག་ཏུ་ལེན་རྒྱུར་ངས་གདན་ཞུ་བྱེད་ཀྱིན་ཡོད།
རྒྱལ་ཁབ་ནི་མགོ་ཁྲིད་ཁོ་ནའི་དབང་གིས་རླབས་ཆེན་དུ་འགྱུར་མི་སྲིད། རྒྱལ་ཡོངས་མི་དམངས་ཐུན་མོང་གི་འབད་འབུང་ལ་བརྟེན་ན་ད་གཟོད་རྒྱལ་ཁབ་རླབས་ཆེན་འཆག་ཐུབ། སྲིད་འཛིན་གྱིས་མཐུན་སྒྲིལ་བྱ་ཡུལ་ནི་རྒྱབ་སྐྱོར་བ་ཁོ་ན་མ་ཡིན་པར། སྲིད་འཛིན་གྱིས་རྒྱལ་ཁབ་ཧྲིལ་པོར་མཐུན་སྒྲིལ་བྱ་དགོས། མཐུན་སྒྲིལ་ནི་བཅོས་བསྒྱུར་གྱི་ཆེད་དུ་རེད། དེ་ནི་ངས་རྒྱལ་ཁབ་འདིར་འཆང་བཞིན་པའི་སེམས་གཏིང་གི་རེ་འདུན་ཡིན། དེ་རིང་ངས་འདིར་ལྷག་བསམ་རྣམ་གིས་འབོད་སྐུལ་ཞུ་རྒྱུར། ཁྱེད་ཅག་གིས་རྒྱལ་ཁབ་འདིར་གོ་སྐབས་ཐེངས་གཅིག་སྩོལ་རོགས། ང་ཚོས་ཕན་ཚུན་ལྟ་ཕྱོགས་མི་མཐུན་པ་དང་འདས་པའི་དུས་ཀྱི་ཕན་ཚུན་ཁ་གཏད་ཀྱི་རྣམ་པ་བསྐྱུར་ནས། ང་ཚོས་རྡོག་རྩ་ཆིག་སྒྲིལ་གྱིས་དུས་རབས་གསར་པའི་ང་ཚོར་སྤྲད་པའི་ལས་འགན་རྣམས་མངོན་འགྱུར་བྱའོ།
ང་ཚོ་ཐུན་མོང་ཐོག་འབད་འབུང་བྱེད་པའི་གོ་རིམ་ཁྲོད། ང་རང་སྲིད་འཛིན་ཡིན་པའི་ངོས་ནས་རྒྱལ་ཡོངས་མི་དམངས་ལ་གསལ་བསྒྲགས་ཞུ་རྒྱུར། མ་འོངས་པར་ང་དང་སྲིད་གཞུང་གསར་པས་རྒྱལ་ཁབ་འདིའི་བཅོས་བསྒྱུར་ལ་སྣེ་ཁྲིད་དེ། ཆོད་སེམས་གསལ་འདོན་གྱིས་ནམ་ཡང་ཕྱི་ནུར་བྱ་རྒྱུ་མིན།
གཞོན་ནུ་ཚོའི་ཆེད་སྔར་ལས་ལེགས་པའི་རྒྱལ་ཁབ་ཅིག་བསྐྲུན་དགོས།
འབྱུང་འགྱུར་གྱི་ལམ་ནི་ཧ་ཅང་འགྲོ་བདེ་བོ་ཞིག་ཡོད་པ་མ་རེད། ཐེ་ཝན་ལ་དཀའ་ངལ་ཚང་མར་དྲང་ཕྱོགས་ནས་གདོང་ལེན་བྱ་མཁན་གྱི་སྲིད་གཞུང་གསར་པ་ཞིག་དགོས། ངའི་འོས་འགན་ནི་སྲིད་གཞུང་གསར་པ་དེར་སྣེ་ཁྲིད་བྱ་རྒྱུ་དེ་རེད།
ང་ཚོའི་ལོ་འཁོར་དངུལ་རྩིས་ལམ་ལུགས་བཅོས་བསྒྱུར་མ་བྱས་ཚེ་སྦོ་ལུག་རྒྱུ་རེད། ང་ཚོའི་མཁྲེགས་འཛིན་གྱི་སློབ་གསོའི་ལམ་ལུགས་དེ་རིམ་པས་སྤྱི་ཚོགས་ཀྱི་གཙོ་རྒྱུགས་དང་ཁ་བྲལ་ཟིན། ང་ཚོའི་ནུས་ཁུངས་དང་ཐོན་ཁུངས་ཀྱི་ཚད་ཧ་ཅང་ཉུང་པ་དང་། ང་ཚོའི་དཔལ་འབྱོར་ལ་སྒུལ་ཤུགས་ཞན་པ། བཟོ་ཚབ་མ་དཔེ་རྙིང་པ་དེར་དཀའ་ཁག་འཕྲད་བཞིན་ཡོད་སྟབས། རྒྱལ་ཁབ་སྤྱི་ཡོངས་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་ཞིག་དགོས་ཀྱི་ཡོད། ང་ཚོའི་མི་འབོར་གྲུབ་ཆ་མགྱོགས་མྱུར་ངང་རྒས་འཁོགས་ཅན་དུ་འགྱུར་བཞིན་པ་དང་། རྒས་སྙོར་སྒྲིག་འཛུགས་ད་དུང་འཐུས་ཚང་ཆགས་མེད། ང་ཚོའི་བྱིས་པ་སྐྱེས་འཕེལ་ཚད་མུ་མཐུད་ཉུང་དུ་འགྲོ་བཞིན་པ་དང་། བྱིས་སྐྱོང་སློབ་གསོའི་ལམ་ལུགས་མཐུས་ཚང་ཡོང་རྒྱུར་ད་དུང་རྒྱང་ཐག་རིང་པོ་འདུག ང་ཚོའི་ཁོར་ཡུག་འབག་བཙོག་གནད་དོན་སྔར་བཞིན་ཛ་དྲག་ཆགས་ཡོད། ང་ཚོའི་རྒྱལ་ཁབ་ཀྱི་ནོར་སྲིད་དེ་འདྲའི་ཡག་པོ་མི་འདུག ང་ཚོའི་ཁྲིམས་ལུགས་འཛིན་སྐྱོང་ལ་མི་དམངས་ཀྱིས་ཡིད་ཆེས་བརླགས་ཟིན། ང་ཚོའི་ཟས་རིགས་ཐོན་དངོས་ཀྱི་བདེ་འཇགས་གནད་དོན་གྱིས་ཁྱིམ་ཚང་ཡོངས་རྫོགས་བློ་མི་བདེ་པ་བཟོས་ཡོད། ང་ཚོའི་དབུལ་ཕྱུག་ཧེ་བག་སྔར་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད། ང་ཚོའི་སྤྱི་ཚོགས་བདེ་འཇགས་དྲ་བར་ད་དུང་ཆད་ལྷག་མང་པོ་ཡོད། དེ་བས་ཀྱང་ཆེས་གལ་ཆེ་བ་ཞིག་ནི། ངས་འདིར་དམིགས་བསལ་ནན་བརྗོད་ཞུ་རྒྱུར། ང་ཚོའི་ན་གཞོན་རྣམས་ཀྱི་ཕོགས་ཐོབ་ནི་དམའ་རིམ་གནས་བབ་ཏུ་ལྷག་ཡོད་ལ། ཁོང་ཚོའི་མི་ཚེ་ནི་འགུལ་དཀྱོག་དཀའ་བ་ཞིག་དང་། ཁོང་ཚོའི་འབྱུང་འགྱུར་ནི་མོག་མོག་དང་ཪེ་ཐག་བྲལ་བ་ཞིག་འཆག་ཉེན་ཡོད།
ན་གཞོན་ཚོའི་འབྱུང་འགྱུར་ནི་སྲིད་གཞུང་གི་འོས་འགན་ཆགས་ཡོད། གལ་སྲིད་མཐུན་ལམ་མི་ལྡན་པའི་སྒྲིག་གཞི་དེར་བཅོས་བསྒྱུར་མ་བྱས་ཚེ། ཐེ་ཝན་ལ་བསྐྱར་དུ་ཁྱད་འཕགས་ཀྱི་མགོ་ཁྲིད་གཅིག་མང་དུ་བྱུང་ཡང་། དེ་ནི་ན་གཞོན་སྤྱི་ཡོངས་ཀྱི་གནས་བབ་ལེགས་བསྒྱུར་དང་གཤིབ་བསྡུར་བྱ་ཐབས་བྲལ། དེར་བརྟེན། མ་འོངས་པའི་སྲིད་འཛིན་ལས་ཡུན་ནང་གོམ་པ་རིམ་སྤོས་ཀྱི་སྒོ་ནས། གཞི་རྩའི་སྒྲོམ་གཞིའི་ངོས་ཐད་ནས་རྒྱལ་ཁབ་འདིའི་གནད་དོན་ཐག་གཅོད་ཐུབ་རྒྱུར་ངས་རང་ཉིད་ལ་རེ་བ་འདོན་གྱིན་ཡོད།
འདི་ནི་ངས་ཐེ་ཝན་གྱི་ན་གཞོན་ཚོའི་ཆེད་དུ་བསྒྲུབ་འདོད་པའི་ལས་དོན་ཡིན། ང་ལ་ན་གཞོན་ཚང་མའི་ཕོགས་དངུལ་འཕྲལ་དུ་སྤར་རྒྱུའི་ཐབས་ཤེས་བྲལ་ནའང་། སྲིད་གཞུང་གསར་པས་འཕྲལ་དུ་ལས་དོན་མགོ་རྩོམ་རྒྱུ་ཡིན་པ་ངས་ཁས་ལེན་བྱ་རྒྱུ་ཡིན། ང་ཚོར་དུས་ཚོད་ཏོག་ཙམ་སྤྲོད་རོགས། དེ་བཞིན། ང་ཚོ་དང་མཉམ་དུ་བཅོས་བསྒྱུར་གྱི་ལམ་བུ་འདིར་ཞུགས་རོགས།
ན་གཞོན་ཚོའི་གནས་བབ་བཅོས་བསྒྱུར་ནི་མདོར་དེད་ན་རྒྱལ་ཁབ་ཀྱི་གནས་བབ་བཅོས་བསྒྱུར་བྱེད་པ་ཡིན། རྒྱལ་ཁབ་ཅིག་གི་ན་གཞོན་ཚོར་འབྱུང་འགྱུར་མེད་ཚེ་རྒྱལ་ཁབ་དེར་འབྱུང་འགྱུར་ཡོད་མི་སྲིད། ན་གཞོན་ཚོ་དཀའ་ངལ་ལས་བརྒལ་རྒྱུར་རོགས་འདེགས་དང་མི་རབས་འདིའི་དྲང་བདེན་མངོན་འགྱུར་བཅས་བྱས་ཏེ། སྔར་ལས་ལེགས་པའི་རྒྱལ་ཁབ་ཅིག་མི་རབས་རྗེས་མའི་ལག་ཏུ་འཇོག་རྒྱུ་ནི་སྲིད་གཞུང་གསར་པའི་འོས་འགན་གལ་ཆེ་ཤོས་དེ་ཆགས་ཡོད།
དཔལ་འབྱོར་སྒྲོམ་གཞི་བཅོས་བསྒྱུར།
སྔར་ལས་ལེགས་པའི་རྒྱལ་ཁབ་ཅིག་འཛུགས་བསྐྲུན་བྱ་རྒྱུར། སྲིད་གཞུང་གསར་པས་མ་འོངས་པར་གཤམ་གསལ་ལས་དོན་ཁག་བསྒྲུབ་ཐུབ་པ་བྱ་རྒྱུ་ཡིན།
ཐོག་མར་ཐེ་ཝན་གྱི་དཔལ་འབྱོར་སྒྲོམ་གཞི་བཅོས་བསྒྱུར་བྱ་དགོས། འདི་ནི་སྲིད་གཞུང་གསར་པས་ངེས་པར་དུ་ཕྲག་ཏུ་ལེན་དགོས་པའི་ཆེས་དཀའ་ཚེགས་ལྡན་པའི་ལས་འགན་ཞིག་ཡིན། ང་ཚོས་རང་མཐོང་རང་གཅོག་བྱ་མི་རུང་ལ། སེམས་ཤུགས་དེ་བས་ཀྱང་བརླག་མི་རུང་། ཐེ་ཝན་ལ་རྒྱལ་ཁབ་གཞན་མང་པོར་མེད་པའི་ལེགས་ཆ་ཡོད་པ་རེད། ང་ཚོར་རྒྱ་མཚོ་དཔལ་འབྱོར་ཀྱི་གསོན་ཤུགས་དང་ཐབས་ཤེས་ཡོད་ལ། རྒྱུ་སྤུས་ཚད་མཐོན་པོ་ཅན་གྱི་མིའི་ཐོན་ཁུངས་དང་། དངོས་དོན་སྒྲུབ་པར་ཡིད་རྟོན་འཕེར་བའི་བཟོ་བསྐྲུན་པའི་ཤེས་རིག འཐུས་སྒོ་ཚང་བའི་ཐོན་ལས་འབྲེལ་ཐག བབ་བསྟུན་ནུས་ལྡན་གྱི་ཐོན་ལས་ཆུང་འབྲིང་། དེ་བཞིན། ནམ་ཡང་ཉམས་པ་མེད་པའི་ལས་རིགས་གསལ་སྤེལ་གྱི་སྙིང་སྟོབས་སོགས་ཡོད།
ང་ཚོས་ཐེ་ཝན་དཔལ་འབྱོར་ལ་གཞི་རྩའི་བཅོས་བསྒྱུར་བྱ་རྒྱུར། ངེས་པར་དུ་ད་ལྟ་ནས་བློ་ཐག་གཙང་བཅད་ཀྱིས་ལམ་གཞན་པ་ཞིག་ལ་དཔའ་ངར་ལྡན་པའི་སྒོ་ནས་བསྐྱོད་དགོས། ལམ་དེ་ནི་ཐེ་ཝན་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་བསྐྲུན་དགོས་པ་དེ་རེད།
སྲིད་གཞུང་གསར་པའི་ངོས་ནས་གསར་སྤེལ་དང་། ལས་གཏོད། ཁེ་བོག་བཅས་རིན་ཐང་ལྟ་བའི་སྲོག་སྙིང་ཡིན་པ་དང་། རྒྱུན་མ་ཆད་པར་འཕེལ་རྒྱས་འགྲོ་རྒྱུ་བརྩོན་ལེན་བྱེད་པའི་དཔལ་འབྱོར་མ་དཔེ་གསར་པ་ཞིག་བསྐྲུན་རྒྱུ་ཡིན། བཅོས་བསྒྱུར་གྱི་གོམ་པ་དང་པོ་ནི་དཔལ་འབྱོར་གྱི་གསོན་ཤུགས་དང་རང་བདག་ངོ་བོ་ཇེ་དྲག་དང་། འཛམ་གླིང་དང་ས་ཁུལ་གྱི་འབྲེལ་བར་ཤུགས་སྣོན། ཞི་བདེ་རྒྱ་མཚོ་བརྒལ་བའི་དཔལ་འབྱོར་མཐུན་གྲོགས་གྲོས་ཆོད་(TPP)དང་། ཤར་ལྷོ་ཨེ་ཤ་ཡ་མངའ་ཁུལ་གྱི་དཔལ་འབྱོར་མཐུན་གྲོགས་གྲོས་ཆོད་(RCEP)བཅས་ཀྱིས་མཚོན་པའི་ཕན་ཚུན་ཕྱོགས་མང་དང་ཕན་ཚུན་གཅིག་རྐྱང་གི་དཔལ་འབྱོར་མཉམ་ལས་དང་ཚོང་ལས་རང་དབང་གི་གྲོས་བསྡུར་ཁྲོད་མཉམ་ཞུགས་བྱ་རྒྱུ་ཡིན། དེར་མ་ཟད། “ལྷོ་རུ་ཁ་ཕྱོགས་པའི་སྲིད་ཇུས” ལག་བསྟར་གྱིས་ཕྱི་ཕྱོགས་དཔལ་འབྱོར་གྱི་རྣམ་པ་དང་སྣ་མང་རང་བཞིན་མཐོ་ཐུ་བཏང་སྟེ། ཁྲོམ་ར་གཅིག་ཁོ་ནར་བརྟེན་པའི་སྔོན་ཆད་ཀྱི་སྣང་ཚུལ་དེ་མཚམས་འཇོག་བྱ་རྒྱུ་ཡིན། དེར་མ་ཟད་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་སྐུལ་འདེད་བྱེད་ཐུབ་པ་ཡིན་ན། མདུན་སྐྱོད་མེད་པའི་སོར་གནས་ཀྱི་ད་ལྟའི་དཔལ་འབྱོར་གནས་བབ་ལས་ང་ཚོ་བརྒལ་ཐུབ་རྒྱུར་སྲིད་གཞུང་གསར་པར་ཡིད་ཆེས་ཡོད། ང་ཚོས་ཕྱིར་གཏོང་དང་ནང་མཁོ་གཉིས་ནི་འཐབ་ཇུས་ཀྱི་ལག་ཟུང་དང་། ཁེ་ལས་ཐོན་སྐྱེལ་དང་མི་དམངས་འཚོ་བ་ཕན་ཚུན་ལྟོས་གྲུབ། ཕྱི་ཕྱོགས་ཉོ་ཚོང་དང་ས་གནས་དཔལ་འབྱོར་ཕན་ཚུན་དམ་སྦྲེལ་བཅས་བྱ་རྒྱུ་ཡིན།
ང་ཚོས་སྔོན་ལ་གསར་སྤེལ་ཆེན་པོ་ལྔའི་ཞིབ་འཇུག་འཆར་འགོད་སྐུལ་འདེད་བྱ་རྒྱུ་ཡིན། ཐོན་ལས་དེ་དག་བརྒྱུད་ནས་འཛམ་གླིང་སྟེང་ཐེ་ཝན་གྱི་འགྲན་རྩོད་ནུས་པ་བསྐྱར་བསྐྲུན་བྱ་རྒྱུ་ཡིན། ང་ཚོས་ད་དུང་ངལ་རྩོལ་ཐོན་སྐྱེལ་ནུས་ཤུགས་མཐོར་འདེགས་ལ་ཤུགས་སྣོན་དང་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བཅས་བྱས་ཏེ། ལས་ཕོགས་དང་དཔལ་འབྱོར་ཡར་རྒྱས་དུས་མཉམ་དུ་གཏོང་ཐབས་བྱ་རྒྱུ་ཡིན།
འདི་ནི་ཐེ་ཝན་དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། ང་ཚོར་ཆོད་སེམས་དང་འབྲེལ་འདྲིས་བྱེད་པའི་ནུས་པ་ཡོད་པ་རེད། མ་འོངས་པར་སྡེ་ཁག་སོ་སོའི་ཁྱབ་ཁོངས་བརྒལ་བའི་མཉམ་འབྲེལ་གྱི་མ་དཔེ་སྤྱོད་དགོས། རྒྱལ་ཁབ་ཀྱི་སྤྱིའི་ནུས་སྟོབས་ཕྱོགས་གཅིག་ཏུ་བསྒྲིལ་ཏེ། མཉམ་རུབ་ཀྱིས་མ་དཔེ་གསར་པ་འདི་ཉིད་བསྐྲུན་ཐུབ་པ་བྱ་རྒྱུར། ང་ཚོར་མ་ལག་རང་བཞིན་གྱི་འཆར་འགོད་ཡོད།
དཔལ་འབྱོར་འཕེལ་རྒྱས་དང་བསྟུན་ཏེ། ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་ཡང་བརྗེད་མི་རུང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མ་དཔེ་གསར་པས་རྒྱལ་ཁབ་ཀྱི་ས་ཆ་འཆར་འགོད་དང་། ས་ཁུལ་གྱི་འཕེལ་རྒྱས་དང་ཁོར་ཡུག་རྒྱུན་འཁྱོངས་བཅས་ཕན་ཚུན་མཉམ་འབྲེལ་བྱ་རྒྱུ་ཡིན། ཐོན་ལས་སྒྲིག་འགོད་དང་རྒྱལ་ཁབ་ཀྱི་ས་ཆ་བེད་སྤྱོད་ཐད། འཐུས་སྒོ་མི་ཚང་བའི་འཆར་འགོད་དང་ཕུགས་རྒྱང་མི་རིང་བའི་དམིགས་ཡུལ་དག་འདོར་དགོས། ང་ཚོས་ངེས་པར་དུ་ས་ཁུལ་གྱི་འཕེལ་རྒྱས་སྙོམས་པོ་ཡོང་རྒྱུ་བརྩོན་ལེན་བྱ་དགོས། དེའི་ཐད་དབུས་གཞུང་གིས་འཆར་འགོད་དང་སྡེབ་སྒྲིག་བྱེད་པ་དང་། ས་གནས་སྲིད་གཞུང་གིས་ས་ཁུལ་མཉམ་འབྲེལ་བཅོས་སྒྲིག་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས། ང་ཚོས་སྔོན་མ་ལྟར་གང་བྱུང་སྣང་མེད་ངང་རྒྱལ་དམངས་བདེ་འཇགས་དང་རང་བྱུང་ཐོན་ཁུངས་ཆུད་ཟོས་སུ་གཏོང་མི་རུང་། དེར་བརྟེན། ང་ཚོས་འབག་བཙོག་སྣ་ཚོགས་བཀག་སྡོམ་སྟངས་འཛིན་ནན་མོ་བྱ་དགོས། ལྷག་པར་དུ་ཐེ་ཝན་འཁོར་རྒྱུག་དཔལ་འབྱོར་ཀྱི་དུས་རབས་སུ་བསྐྱོད་དགོས། གད་སྙིགས་རྣམས་བསྐྱར་དུ་ཐོན་ཁུངས་སུ་བསྒྱུར་དགོས། ང་ཚོས་ནུས་ཁུངས་ཀྱི་བདམས་ཀའི་ཕྱོགས་ནས་རྒྱུན་མཐུད་ཐུབ་པའི་འདུ་ཤེས་ཀྱི་སྒོ་ནས་རིམ་པས་ལེགས་སྒྲིག་བྱ་དགོས། དེ་བཞིན། སྲིད་གཞུང་གསར་པས་མཁའ་དབུགས་འགྱུར་ལྡོག་དང་རྒྱལ་ཁབ་ཀྱི་ས་གཤིས་སྲུང་སྐྱོབ། རང་བྱུང་གནོད་འཚེ་སྔོན་འགོག་བཅས་ཀྱི་གནད་དོན་ཁག་ལ་དམ་དོན་བྱ་རྒྱུ་ཡིན། རྒྱུ་མཚན་ནི་ང་ཚོར་སའི་གོ་ལ་གཅིག་མ་གཏོགས་མེད། ང་ཚོར་ཐེ་ཝན་གཅིག་མ་གཏོགས་མེད།
སྤྱི་ཚོགས་བདེ་འཇགས་དྲ་བར་ཤུགས་སྣོན།
སྲིད་གཞུང་གསར་པའི་ངེས་པར་དུ་བསྒྲུབ་དགོས་པའི་ལས་དོན་གཉིས་པ་ནི། ཐེ་ཝན་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་དྲ་བར་ཤུགས་བསྐྱོན་རྒྱུ་དེ་རེད། ལོ་འདི་དག་གི་རིང་བྱིས་པའི་བདེ་འཇགས་དང་མི་གསོད་དོན་རྐྱེན་ཁག་ཅིག་དང་འབྲེལ་ཏེ། སྤྱི་ཚོགས་ཧྲིལ་པོར་འཇིགས་སྣང་བསླངས་ཡོད། ཡིན་ནའང་། སྲིད་གཞུང་ཞིག་ལ་མཚོན་ན་དུས་རྒྱུན་འཇིགས་དངངས་ཁྲོད་གནས་མི་རུང་། ངེས་པར་དུ་ཕྱོགས་གཉིས་ཆ་ནས་བསམ་བློ་གཏོང་བའི་ནུས་པ་ལྡན་དགོས། མི་སུས་ཀྱང་གནོད་ཐེབས་ཁྱིམ་ཚང་གིས་མྱོང་བཞིན་པའི་སྡུག་བསྔལ་གྱི་ཚབ་མཚོན་མི་ཐུབ། ཡིན་ནའང་། སྲིད་གཞུང་ཞིག་ལ་མཚོན་ན། ལྷག་པར་དུ་དོན་རྐྱེན་བྱུང་ཡུལ་དུ་གནད་དོན་ཐག་གཅོད་བྱེད་མཁན་དག་གི་ངོས་ནས། ཡིད་སྐྱོའི་གནས་ཚུལ་བྱུང་སྐབས་གནོད་ཐེབས་རྣམས་ཀྱི་ཁྱིམ་མིའི་ངོས་ནས་སྲིད་གཞུང་ཁོང་ཚོའི་རྒྱབ་རྩར་ལངས་ཡོད་པ་ངེས་པར་དུ་ཚོར་ཐུབ་པ་ཞིག་བྱ་དགོས།
དེ་བཞིན། གདུང་སེམས་མཉམ་སྐྱེད་ལས་གཞན། སྲིད་གཞུང་གིས་ངེས་པར་དུ་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་འདོན་དགོས། ནུས་ཤུགས་ཡོད་དགུས་ཡིད་སྐྱོའི་གནས་ཚུལ་དེ་རིགས་བསྐྱར་དུ་མི་འབྱུང་བ་བྱ་དགོས། སྐོར་སྲུང་དང་སློབ་གསོ། སེམས་ཁམས་བདེ་ཐང་། སྤྱི་ཚོགས་ལས་དོན་སོགས་ཕྱོགས་སོ་སོའི་ཆད་ལྷག་རྣམས་ཁ་གསབ་གཏོང་རྒྱུར་ཤུགས་སྣོན་དགོས། ལྷག་པར་དུ་སྐོར་སྲུང་དང་། ཉལ་ཐ་འགོག་སྲུང་ལས་དོན་རྣམས་སྲིད་གཞུང་གསར་པའི་ངོས་ནས་གཟབ་ནན་གྱི་རྣམ་འགྱུར་དང་ལག་ལེན་དངོས་ཀྱི་སྒོ་ནས་གདོང་ལེན་བྱ་རྒྱུ་ཡིན། ལོ་འཁོར་དངུལ་རྩིས་བཅོས་བསྒྱུར་ནི་ཐེ་ཝན་འཚོ་གནས་དང་འཕེལ་རྒྱས་ཀྱི་འགག་རྩའི་བཅོས་བསྒྱུར་ཞིག་ཆགས་ཡོད། ང་ཚོས་ཕྱི་སྣུར་བྱ་མི་རུང་ལ་ཧོལ་རྒྱུགས་ཀྱང་བྱ་མི་རུང་། ཁྲིན་ཅན་རན་སྲིད་འཛིན་གཞོན་པས་ལོ་འཁོར་དངུལ་རྩིས་བཅོས་བསྒྱུར་ལྷན་ཚོགས་ཀྱི་མི་སྣ་བསྡུ་རུབ་པའི་འགན་འཁུར་ཏེ་གྲ་སྒྲིག་ཨང་གསར་བྱེད་བཞིན་པའི་སྒང་ཡིན། དེ་སྔའི་སྲིད་གཞུང་གིས་ཀྱང་གནད་དོན་དེའི་ཐད་འབད་རྩོད་ཁག་ཅིག་གནང་མྱོང་ཡོད་པ་རེད། ཡིན་ནའང་། སྤྱི་ཚོགས་ཀྱིས་མཉམ་རུབ་བྱེད་ཐུབ་ཡོད་པ་མ་རེད། སྲིད་གཞུང་གསར་པའི་བྱེད་ཐབས་ནི་ཐུན་མོང་གི་ཐོག་ནས་གྲོས་མོལ་བྱ་རྒྱུ་དེ་ཡིན། རྒྱུ་མཚན་ནི་ལོ་འཁོར་དངུལ་རྩིས་བཅོས་བསྒྱུར་ངེས་པར་གྲོས་མོལ་བརྒྱུད་ནས་མི་ཚང་མས་མཐུན་སྒྲིལ་བྱེད་དགོས་པའི་གོ་རིམ་ཞིག་རེད།
འདི་ནི་ང་ཚོས་ལོ་འཁོར་དངུལ་རྩིས་བཅོས་བསྒྱུར་གྱི་རྒྱལ་དོན་ཚོགས་འདུ་བསྐངས་ཏེ། རིམ་པ་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་འཐུས་ཚབ་རྣམས་ཀྱིས་སྤྱི་ཚོགས་མཐུན་སྒྲིལ་གྱི་རྨང་གཞིའི་སྟེང་ཐུན་མོང་གིས་གྲོས་མོལ་བྱ་དགོས་པའི་རྒྱུ་མཚན་ཡང་ཡིན། ལོ་གཅིག་གི་ནང་ཚུད་དུ་ང་ཚོས་ཡིད་རྟོན་འཕེར་བའི་བཅོས་བསྒྱུར་སྲིད་བྱུས་འདོན་རྒྱུ་ཡིན། ངལ་རྩོལ་པ་དང་གཞུང་ཞབས་པ་གང་ཡིན་ཡང་རུང་། རྒྱལ་དམངས་ཡོངས་ཀྱི་རྒས་ཡོལ་འཚོ་བ་ཆ་ཚང་དྲང་སྙོམས་ཀྱི་འགན་སྲུང་ཐུབ་པ་བྱ་རྒྱུ་ཡིན།
གཞན་ཡང་། རྒས་ཡོལ་གཟིགས་སྐྱོང་བྱ་ཕྱོགས་ཐད། ང་ཚོས་མ་འོངས་པར་རྒྱུ་སྤུས་ལེགས་པོ་དང་རིན་གོང་བདེ་བོ། ཡོངས་ཁྱབ་རང་བཞིན་བཅས་ཀྱི་རྒྱུན་གནས་རྒས་ཡོལ་གཟིགས་སྐྱོང་གི་མ་ལག་འཛུགས་བསྐྲུན་བྱ་རྒྱུ་ཡིན། ལོ་འཁོར་དངུལ་རྩིས་བཅོས་བསྒྱུར་དང་མཚུངས་པར་རྒྱུན་རིང་རྒས་ཡོལ་གཟིགས་སྐྱོང་མ་ལག་ཀྱང་སྤྱི་ཚོགས་ཤིག་གི་སྤྱི་ཡོངས་འཁོར་བསྐྱོད་ཀྱི་གོ་རིམ་རེད། སྲིད་གཞུང་གསར་པས་བྱེད་ཕྱོགས་ནི་སྲིད་གཞུང་གིས་སྣེ་ཁྲིད་དང་འཆར་འགོད་བརྒྱུད། དམངས་ཁྲོད་དུ་གཞི་རིམ་གྲོང་ཁུལ་རང་ལུགས་ཀྱི་སྙིང་སྟོབས་འདོན་ཐུབ་རྒྱུར་སྐུལ་འདེད་དང་། སྤྱི་ཚོགས་ཐུན་མོང་གི་རོགས་རམ་ནུས་པ་བརྒྱུད་ནས་བྱམས་སྐྱོང་ལྡན་ལ་དང་འཐུས་སྒོ་ཚང་བའི་མ་ལག་ཅིག་བསྐྲུན་རྒྱུ་ཡིན། མི་རྒས་འཁོགས་ཚང་མས་རང་ཉིད་གོམས་འདྲིས་ཡོད་སའི་གྲོང་ཁུལ་ནང་སེམས་ལྷོད་པོའི་ངང་རྒས་དུས་ཀྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་དང་། ཁྱིམ་ཚང་རེ་རེའི་ལྟ་སྐྱོང་གི་གནོན་ཤུགས་ཀྱང་ཇེ་ཡངས་སུ་གཏོང་རྒྱུ་ཡིན། རྒན་པར་གཟིགས་སྐྱོང་བྱེད་པའི་ལས་ཀ་དེ་མཐའ་གཅིག་ཏུ་རང་དབང་ཁྲོམ་རར་འགྱུར་མི་རུང་། ང་ཚོས་འོས་འགན་ཕྲག་ཏུ་བླངས་ཏེ་སྡེ་ཁག་ཆེད་འཛུགས་ཀྱིས་འཆར་འགོད་དང་ལག་བསྟར་བྱས་ཏེ། འབྱུང་འགྱུར་གྱི་རྒས་འཁོགས་སྤྱི་ཚོགས་ལ་གྲ་སྒྲིག་ཡག་པོ་བྱ་དགོས།
སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན།
སྲིད་གཞུང་གསར་པའི་འགན་འཁུར་དགོས་པའི་ལས་དོན་གསུམ་པ་ནི། སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡོང་རྒྱུ་དེ་ཡིན། གནད་དོན་འདིའི་ཐད་སྲིད་གཞུང་གསར་པས་མུ་མཐུད་དུ་སྤྱི་དམངས་སྤྱི་ཚོགས་དང་མཉམ་འབྲེལ་བྱས་ཏེ། ཐེ་ཝན་གྱི་སྲིད་ཇུས་སྔར་བས་སྣ་མང་དང་འདྲ་མཉམ། གུ་ཡངས། ཕྱི་གསལ་ནང་གསལ། འགྲོ་བ་མིའི་ཐོབ་ཐང་རིན་ཐང་སོགས་གོང་སྤེལ་ཐོག ཐེ་ཝན་གྱི་དམངས་གཙོའི་སྒྲོམ་གཞི་སྔར་ལྷག་སྲ་བརྟན་དང་ཡར་རྒྱས་གཏོང་རྒྱུ་ཡིན།
དེ་བཞིན། དམངས་གཙོའི་ལམ་ལུགས་གསར་པ་མགོ་རྩོམ་ཐུབ་པ་བྱ་དགོས། ཐོག་མར་ང་ཚོས་ངེས་པར་དུ་འདས་དོན་ལ་གདོང་གཏད་ཕྱོགས་ཀྱི་ཐུན་མོང་ཐབས་ལམ་འཚོལ་དགོས། མ་འོངས་པར་ངས་སྲིད་འཛིན་ཕོ་བྲང་དུ་བདེན་དོན་དང་ཞི་འགྲིག་ལྷན་ཚོགས་ཤིག་འཛུགས་རྒྱུ་ཡིན། ལྷག་བསམ་རྣམ་དག་དང་གཟབ་ནན་གྱི་སྒོ་ནས་འདས་པའི་ལོ་རྒྱུས་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན། དྲང་བདེན་འཚོལ་སྙེགས་ལ་ཕྱོགས་དགོས་པའི་དམིགས་ཡུལ་ནི། ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་སྤྱི་ཚོགས་ཞི་འགྲིག་ཡོང་བར་རེ་སྙེགས་བྱ་ཆེད་ཡིན། ཐེ་ཝན་གྱི་མི་ཚང་མས་འདས་པའི་དུས་ཀྱི་ནོར་འཁྲུལ་རྣམས་ཡིད་ལ་ངེས་དགོས།
མ་འོངས་པར་ང་ཚོས་དོན་དངོས་ལ་ཞིབ་འཇུག་དང་ལེགས་སྒྲིག་བྱ་རྒྱུ་ནས་མགོ་བརྩམས་ཏེ། ལོ་གསུམ་གྱི་ནང་ཚུད་དུ་ཐེ་ཝན་རང་ངོས་ནས་དྲང་བདེན་ལ་ཕྱོགས་པའི་ཞིབ་འཇུག་སྙན་ཐོ་ཞིག་ལེགས་འགྲུབ་ཐུབ་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད། ང་ཚོས་འབྱུང་འགྱུར་ཞིབ་འཇུག་སྙན་ཐོའི་ནང་གསལ་བའི་དོན་དངོས་དཔང་རྟགས་སུ་བཟུང་སྟེ། མུ་མཐུད་དྲང་བདེན་ལ་ཕྱོགས་པའི་ལས་དོན་ལག་བསྟར་བྱ་རྒྱུ་ཡིན། དོན་དངོས་སྔོག་འདོན་དང་འདས་དོན་གྱི་རྨ་ཁ་གསོ་བཅོས། ཉེས་འགན་གཙང་བཟོ་བྱ་རྒྱུ་ཡིན། ད་ནས་བཟུང་འདས་པའི་ལོ་རྒྱུས་ནི་ཐེ་ཝན་ཁ་བྲལ་གྱི་རྒྱུ་རྐྱེན་དུ་མི་འགྱུར་བ་དང་། དེ་ལས་ལྡོག་སྟེ་ཐེ་ཝན་རྡོག་རྩ་ཆིག་སྒྲིག་ཀྱིས་མདུན་བསྐྱོད་ཀྱི་སྒུལ་ཤུགས་སུ་བསྒྱུར་རྒྱུ་ཡིན།
དེ་བཞིན། འདྲ་མཉམ་དྲང་བདེན་གྱི་གནད་དོན་ཐད། ངས་གཅིག་མཚུངས་ཀྱི་རྩ་དོན་ཁུར་ལེན་གྱིས་གདོད་གནས་མི་རིགས་ཀྱི་གནད་དོན་ལ་གདོང་ལེན་བྱ་རྒྱུ་ཡིན། དེ་རིང་ལས་འཁུར་མཛད་སྒོར་གདོད་མའི་མི་རིགས་ཀྱི་གྲོགས་པོ་ཆུང་ཆུང་ཚོས་རྒྱལ་གླུ་མ་བླངས་པའི་སྔོན་དེར། ཐོག་མར་ཁོ་ཚོའི་རིགས་རྒྱུད་ཚོ་ཁག་གི་གནའ་བོའི་གཞས་གདངས་དབྱངས་སུ་གྱེར་ཡོད། དེ་ཡིས་གླིང་ཕྲན་འདིར་སྔོན་གནས་རྗེས་འབྱོར་གྱི་གོ་རིམ་ང་ཚོས་བརྗེད་མི་རུང་བ་མཚོན་ཡོད། སྲིད་གཞུང་གསར་པའི་ངོས་ནས་དགོངས་སེལ་གྱི་རྣམ་འགྱུར་ཐོག་ནས། གདོད་མའི་མི་རིགས་ཀྱི་འབྲེལ་ཡོད་གནད་དོན་ལ་གདོང་ལེན་གྱིས་གདོད་མའི་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་བསྐྱར་འཛུགས་དང་གོམ་པ་རིམ་སྤོས་ཀྱིས་རང་སྐྱོང་ལག་བསྟར་བྱས་ཏེ། ཁོང་ཚོའི་སྐད་ཡིག་རིག་གནས་སླར་གསོ་དང་འཚོ་བར་རོགས་རམ་ལས་དོན་ཚད་མཐོ་རུ་གཏོང་རྒྱུ་ཡིན། འདི་ནི་ངས་སྲིད་གཞུང་གསར་པར་སྣེ་ཁྲིད་དེ་སྐུལ་འདེད་བྱ་རྒྱུའི་བཅོས་བསྒྱུར་དེ་ཡིན།
དེའི་རྗེས་སུ་སྲིད་གཞུང་གསར་པའི་ངོས་ནས་ཁྲིམས་འཛིན་ལམ་ལུགས་བཅོས་བསྒྱུར་ཐད་ཤུགས་རྒྱག་རྒྱུ་ཡིན། འདི་ནི་ད་སྐབས་ཐེ་ཝན་མི་དམངས་ཀྱིས་ཆེས་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཞིག་རེད། ཁྲིམས་ལུགས་འཛིན་སྐྱོང་ནི་མི་དམངས་དང་ཁ་ཐག་རིང་དུ་འགྲོ་བཞིན་པ་དང་མི་དམངས་ཀྱི་ཡིད་ཆེས་ཐོབ་ཐུབ་ཀྱིན་མེད། ཁྲིམས་ལུགས་འཛིན་སྐྱོང་གིས་ནུས་པ་ལྡན་པའི་སྒོ་ནས་ཉེས་སྤྱོད་ཐག་གཅོད་བྱེད་ཐུབ་ཀྱིན་མེད། དེ་བཞིན། དྲང་བདེན་གྱི་ཆེས་མཐའ་མའི་སྟོབས་ཤུགས་ནི་ཁྲིམས་ལུགས་འཛིན་སྐྱོང་ཆགས་དགོས་པའི་ནུས་པ་དེ་འདོན་ཐུབ་ཀྱིན་མེད། གནད་དོན་འདི་རིགས་ཡོངས་ཁྱབ་ཏུ་མི་དམངས་ཀྱིས་ཚོར་གྱིན་ཡོད།
སྲིད་གཞུང་གསར་པའི་ཆོད་སེམས་གསལ་འདོན་ཆེད། ང་ཚོས་ད་ལོའི་ཕྱི་ཟླ་བཅུ་པར་ཁྲིམས་ལུགས་འཛིན་སྐྱོང་ཐད་རྒྱལ་དོན་ཚོགས་འདུ་སྐོང་རྒྱུ་ཡིན། མི་དམངས་ཀྱིས་དངོས་སུ་མཉམ་ཞུགས་བྱས་པ་བརྒྱུད་དེ་སྤྱི་ཚོགས་ཀྱི་ནུས་པ་བསྡུ་རུབ་ཐོག ཚང་མས་མཉམ་རུབ་ཀྱིས་ཁྲིམས་ལུགས་འཛིན་སྐྱོང་བཅོས་བསྒྱུར་ལག་བསྟར་བྱ་རྒྱུ་ཡིན། ཁྲིམས་ལུགས་འཛིན་སྐྱོང་གྱིས་ངེས་པར་དུ་མི་དམངས་ཀྱི་མངོན་འདོད་ཚུར་སྣང་བྱེད་ཐུབ་དགོས། ཁྲིམས་ལུགས་འཛིན་སྐྱོང་ནི་ཁྲིམས་འཛིན་མི་སྣ་ཁོ་ནར་དབང་བ་ཞིག་མ་ཡིན་པར་མི་དམངས་ཡོངས་ལ་དབང་དགོས། ཁྲིམས་ལུགས་འཛིན་སྐྱོང་བཅོས་བསྒྱུར་ཡང་ཁྲིམས་འཛིན་མི་སྣ་ཁོ་ནའི་ཁྱིམ་དོན་ཞིག་མ་ཡིན་པར་དམངས་ཡོངས་མཉམ་ཞུགས་ཀྱི་བཅོས་བསྒྱུར་ཞིག་རེད། འདི་ནི་ངས་ཁྲིམས་ལུགས་འཛིན་སྐྱོང་བཅོས་བསྒྱུར་ཐད་ཀྱི་རེ་འདུན་ཡིན།
ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཡར་རྒྱས་དང་མཚོ་འགག་འབྲེལ་བ།
སྲིད་གཞུང་གསར་པའི་འགན་འཁུར་དགོས་པའི་ལས་དོན་བཞི་པ་ནི། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས། མཚོ་འགག་གཉིས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱ་རྒྱུ་དེ་རེད། འདས་པའི་ལོ་ངོ་སུམ་ཅུའི་རིང་ཨེ་ཤ་ཡ་དང་འཛམ་གླིང་ཧྲིལ་པོ་གང་ལ་མཚོན་ནའང་། འགྱུར་ལྡོག་ཧ་ཅང་ཆེ་བའི་དུས་སྐབས་ཤིག་ཆགས་ཡོད། འཛམ་གླིང་དང་ས་ཁུལ་གྱི་དཔལ་འབྱོར་བརྟན་ལྷིང་དང་ཐུན་མོང་བདེ་འཇགས་ནི། སྔར་ལས་ལྷག་པར་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད།
ས་ཁུལ་གྱི་འཕེལ་རྒྱས་ཁྲོད་ད་ལྟའི་བར་ཐེ་ཝན་ནི་མེད་ཐབས་མེད་པའི་གལ་ཆེའི་གྲུབ་ཆ་ཞིག་ཆགས་ཡོད། ཡིན་ནའང་། ཉེ་བའི་ལོ་འགའི་རིང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཤུགས་ཆེན་པོ་འབྱུང་བཞིན་ཡོད། གལ་སྲིད་ཐེ་ཝན་གྱིས་རང་ཉིད་ཀྱི་ནུས་ཤུགས་དང་འཐབ་ཇུས་ལེགས་པར་བེད་སྤྱོད་དེ་ས་ཁུལ་གྱི་ལས་དོན་ཁྲོད་འཛུལ་ཞུགས་བྱ་རྒྱུར་འབད་འབུང་མ་བྱས་ཚེ། མ་འོངས་པར་ཐེ་ཝན་ནི་ནུས་མེད་མཁོ་མེད་ཞིག་ཏུ་འགྱུར་རྒྱུ་ཡིན་པ་མ་ཟད། ཐ་ན་ཁེར་རྐྱང་དུ་གྱུར་ནས་མ་འོངས་པར་རང་དབང་རང་སྐྱོང་གི་དབང་ཆའང་མེད་པ་འགྱུར་རྒྱུ་རེད།
ང་ཚོར་ཉེན་ཁ་དང་གོ་སྐབས་གཉིས་ཆ་ལྡན་ཡོད། ད་སྐབས་ཐེ་ཝན་གྱི་དཔལ་འབྱོར་འཕེལ་རྒྱས་དེ་ས་ཁུལ་གྱི་རྒྱལ་ཁབ་མང་པོར་འབྲེལ་ལམ་དང་ཕན་ཚུན་རོགས་རེས་ཟབ་མོ་ལྡན་ཡོད། གལ་སྲིད་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་འཛུགས་རྒྱུར་འབད་བརྩོན་བྱས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་རྣམས་ལ་མཉམ་འབྲེལ་དང་། ཐུན་མོང་ཐོག་འབྱུང་འགྱུར་གྱི་འཕེལ་རྒྱས་ཐབས་ཇུས་སྒྲིག་འགོད། ད་དུང་ས་ཁུལ་གྱི་དཔལ་འབྱོར་གསར་སྤེལ་དང་སྒྲོམ་གཞི་ལེགས་སྒྲིག རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་བཅས་ཀྱི་ཐད། ཐེ་ཝན་གྱིས་ཧུར་བརྩོན་ལྡན་པའི་སྒོ་ནས་བྱས་རྗེས་འཇོག་ཆོག དེར་མ་ཟད། ས་ཁུལ་ནང་ཁུལ་གྱི་ཚོགས་མིའི་རྒྱལ་ཁབ་བར་ “དཔལ་འབྱོར་མཐུན་མོང་ཅན” ཀྱི་འདུ་ཤེས་དམ་ཟབ་བསྐྲུན་ཆོག
ང་ཚོས་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཐོན་ཁུངས་དང་འཇོན་མི། ཁྲོམ་ར་བཅས་མཉམ་སྤྱོད་དང་། དཔལ་འབྱོར་གཞི་ཁྱོན་རྒྱ་བསྐྱེད་ཀྱིས་ཐོན་ཁུངས་བེད་སྤྱོད་དོན་འབྲས་ལྡན་པ་ཞིག་བྱེད་ཆོག “ལྷོ་རུ་ཁ་ཕྱོགས་པའི་སྲིད་ཇུས་གསར་པ” ནི་འདི་ལྟ་བུ་དག་གཞི་རྩར་བཟུང་བའི་སྙིང་སྟོབས་ཤིག་ཡིན། ང་ཚོས་ཚན་རྩལ་དང་རིག་གནས། ཚོང་ལས་སོགས་རིམ་པ་སོ་སོ་ནས། ས་ཁུལ་གྱི་ཚོགས་མིའི་རྒྱལ་ཁབ་རྣམས་ལ་འབྲེལ་འདྲིས་དང་མཉམ་ལས་རྒྱ་བསྐྱེད། ལྷག་པར་དུ་ཤར་ཕྱོགས་མཐུན་ཚོགས་རྒྱལ་ཁབ་དང་རྒྱ་གར་བཅས་ལ་སྣ་མང་རང་བཞིན་གྱི་འབྲེལ་བ་ཡར་རྒྱས་གཏོང་དགོས། དེ་བཞིན། ང་རང་ལའང་མཚོ་འགག་གཉིས་ཐུན་མོང་ཐོག་ས་ཁུལ་འཕེལ་རྒྱས་ཀྱི་འབྲེལ་ཡོད་བརྗོད་གཞིའི་ཐད་མཉམ་ཞུགས་ཀྱི་འདུན་པ་ཡོད། ལྷག་བསམ་རྣམ་དག་གིས་བསམ་ཚུལ་བརྗེ་རེས་བྱས་ཏེ། མཉམ་འབྲེལ་དང་མཉམ་རུབ་སྣ་ཚོགས་བརྩོན་ལེན་ཡོང་སྲིད་པ་རེད།
དཔལ་འབྱོར་འཕེལ་རྒྱས་ལ་ཧུར་བརྩོན་བྱས་པ་དང་མཉམ་དུ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་གནས་བབ་ཀྱང་སྔར་ལྷག་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད། མཚོ་འགག་གཉིས་ཀྱི་འབྲེལ་བ་ནི་ས་ཁུལ་ཞི་བདེ་དང་ཐུན་མོང་བདེ་འཇགས་འཛུགས་བསྐྲུན་ཐད་ཀྱི་འགག་རྩ་ཞིག་ཆགས་ཡོད། འཛུགས་བསྐྲུན་དེའི་གོ་རིམ་ཁྲོད་དུ་ཐེ་ཝན་གྱིས་ “བློ་བརྟན་འགྱུར་མེད་ཀྱི་ཞི་བདེ་སྲུང་སྐྱོབ་མཁན” ཞིག་བྱས་ཏེ། ཧུར་བརྩོན་གྱིས་མཉམ་ཞུགས་བྱ་རྒྱུ་ལས་ཕྱི་བཤོལ་ནམ་ཡང་བྱ་རྒྱུ་མིན། མ་འོངས་པར་ང་ཚོས་མཚོ་འགག་གཉིས་ཀྱི་འབྲེལ་བ་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ལྷག་པར་དུ་ང་ཚོས་ཐེ་ཝན་ནང་ཁུལ་ཞི་འགྲིག་དང་དམངས་གཙོའི་སྒྲོམ་གཞིར་ཤུགས་སྣོན། ཐུན་མོང་གི་མངོན་འདོད་བསྡུ་རུབ་ཀྱིས་ཕྱི་ཕྱོགས་སུ་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་བསྐྲུན་རྒྱུ་ཡིན།
གྲོས་མོལ་དང་འབྲེལ་ལམ་འཛུགས་རྒྱུ་ནི་ང་ཚོས་དམིགས་གཞི་ཞིག་བསྐྲུན་ཐབས་ཀྱི་གལ་ཆེའི་འགག་རྩ་ཆགས་ཡོད། ཐེ་ཝན་ནི་ “ཞི་བདེའི་འབྲེལ་ལམ་ལ་ཧུར་བརྩོན་བྱེད་མཁན” ཞིག་བྱ་རྒྱུ་ཡིན། མ་འོངས་པར་ང་ཚོས་འབྲེལ་ཡོད་ཕྱོགས་སོ་སོའི་བར་རྒྱུན་གཏན་དང་དམ་ཟབ་ཀྱི་འབྲེལ་ལམ་འཛུགས་ཏེ། དུས་ཐོག་བསམ་ཚུལ་བརྗེ་རེས་དང་དོགས་སློང་སེལ་ཐབས། ཡིད་ཆེས་བསྐྲུན་ཐབས། ནུས་པ་ལྡན་པའི་སྒོ་ནས་དཀའ་རྙོག་ཐག་གཅོད་ཡོངས་ཐབས་བཅས་བྱ་རྒྱུ་ཡིན། མ་འོངས་པར་ང་ཚོས་ཞི་བདེའི་རྩ་འཛིན་དང་ཐུན་མོང་ཁེ་ཕན་རྩ་འཛིན་སྲུང་སྐྱོབ་ཐོག འབྲེལ་ཡོད་དཀའ་རྙོག་རྣམས་སེལ་ཐབས་བྱ་རྒྱུ་ཡིན།
ང་རང་ནི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་རྩ་འཁྲིམས་གཞིར་བཟུང་སྲིད་འཛིན་དུ་བདམས་པ་རེད། ང་ལ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་སྲུང་སྐྱོབ་ཀྱི་འགན་ཡོད་པ་རེད། ཤར་རྒྱ་མཚོ་དང་ནུབ་རྒྱ་མཚོའི་གནད་དོན་ཐད། ང་ཚོའི་ངོས་ནས་རྩོད་རྙོག་ཟུར་འཇོག་གིས་མཐུན་མོང་ཐོག་ཐོན་ཁུངས་གསར་སྤེལ་བྱ་རྒྱུའི་ལངས་ཕྱོགས་འཛིན་རྒྱུ་ཡིན།
མཚོ་འགག་གཉིས་བར་གྱི་འབྲེལ་ལམ་དང་གྲོས་མོལ་ཐད་ལའང་། ང་ཚོས་ད་ཡོད་ཀྱི་གནས་བབ་རྒྱུན་འཁྱོངས་ཐོག་འབད་བརྩོན་བྱ་ངེས་ཡིན། ༡༩༩༢ ལོར་མཚོ་འགག་མཐུན་ཚོགས་གཉིས་ཀྱིས་ཕན་ཚུན་གུ་ཡངས་དང་འགྲིག་འཇགས་ལ་འབད་བརྩོན་དང་མི་མཐུན་ས་སོར་འཇོག་གི་ཆབ་སྲིད་བསམ་བློ་རྒྱུན་འཁྱོངས་ཐོག ཕན་ཚུན་བར་འབྲེལ་འདྲིས་དང་གྲོས་མོལ་བྱས་ཏེ་ཐུན་མོང་གི་ངོས་འཛིན་དང་གུ་ཡངས་བསམ་ཤེས་འགའ་ཤས་བྱུང་ཡོད་པ་རེད། ངས་ལོ་རྒྱུས་དོན་དངོས་དེ་དག་ལ་བརྩི་འཇོག་བྱ་ངེས་ཡིན། ༡༩༩༢ ལོའི་རྗེས་ཀྱི་འདས་པའི་ལོ་ ༢༠ རིང་ཕན་ཚུན་བར་འབྲེལ་འདྲིས་དང་གྲོས་མོལ་བརྒྱུད་ནས་བྱུང་བའི་ད་ལྟའི་གནས་བབ་དང་གྲུབ་འབྲས་ལ། མཚོ་འགག་ཕྱོགས་གཉིས་ཀའི་ངོས་ནས་གཅེས་སྤྲས་དང་སྲུང་སྐྱོབ་བྱ་དགོས་པ་རེད། དོན་དངོས་དང་ཆབ་སྲིད་རྨང་གཞི་དེའི་སྟེང་ནས་མཚོ་འགག་གཉིས་ཀྱི་ཞི་བདེ་བརྟན་ལྷིང་འབྲེལ་བ་མུ་མཐུད་ཡར་རྒྱས་གཏོང་དགོས། སྲིད་གཞུང་གསར་པའི་ངོས་ནས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཚོ་འགག་མི་དམངས་ཀྱི་འབྲེལ་ལམ་སྲོལ་ཡིག དེ་བཞིན། འབྲེལ་ཡོད་ཀྱི་ཁྲིམས་སྒྲིག་གཞན་དག་གཞིར་བཟུང་ནས་མཚོ་འགག་གཉིས་ཀྱི་ལས་དོན་ཐག་གཅོད་བྱ་རྒྱུ་ཡིན། མཚོ་འགག་གཉིས་ཀྱི་གཞུང་འཛིན་ཚོགས་པ་གཉིས་ཀའི་ངོས་ནས་ལོ་རྒྱུས་ཀྱི་འཁོན་སེམས་བསྐྱུར་ནས། བཟང་སྤྱོད་ཀྱི་གླེང་མོལ་བརྒྱུད་མཚོ་འགག་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
ངས་བརྗོད་ཀྱིན་པའི་སྐད་ཆ་འདི་དག་ལ་གཤམ་གསལ་གནད་འགག་དག་གིས་མཚོན་པའི་ཆབ་སྲིད་རྨང་གཞི་ལྡན་ཡོད། གཅིག ༡༩༩༢ ལོར་མཚོ་འགག་མཐུན་ཚོགས་གཉིས་བར་གྲོས་མོལ་བྱས་པའི་ལོ་རྒྱུས་དངོས་དང་མཐུན་པའི་ཆ་བསྔོག་འདོན་དང་མི་མཐུན་ས་སོར་འཇོག་གི་མཐུན་མོང་ངོས་འཛིན་བཅས་ཀྱི་དོན་དངོས་ལོ་རྒྱུས། གཉིས། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲིམས་སྐྱོང་ལམ་ལུགས། གསུམ། འདས་པའི་ལོ་ ༢༠ ནང་མཚོ་འགག་གཉིས་བར་གྲོས་མོལ་དང་འབྲེལ་འདྲིས་ཀྱི་གྲུབ་འབྲས། བཞི། ཐེ་ཝན་གྱི་དམངས་གཙོའི་རྩ་དོན་དང་མི་དམངས་ཀྱི་ཡོངས་ཁྱབ་མངོན་འདོད།
ཕྱི་འབྲེལ་དང་འཛམ་གླིང་གནད་དོན།
སྲིད་གཞུང་གསར་པའི་འགན་འཁུར་དགོས་པའི་ལས་དོན་ལྔ་པ་ནི། འཛམ་གླིང་སྤྱི་དམངས་ཀྱི་འོས་འགན་ལེགས་པོ་སྒྲུབ་དགོས། ཕྱི་འབྲེལ་དང་འཛམ་གླིང་རང་བཞིན་གྱི་བརྗོད་གཞིའི་ཐད་ལག་རྗེས་འབུལ་དགོས། ཐེ་ཝན་འཛམ་གླིང་གི་ཕྱོགས་སུ་གོམ་པ་རྒྱག་དགོས་ལ། འཛམ་གླིང་ཡང་ཐེ་ཝན་གྱི་ཉེ་སར་བཅར་འཇུག་དགོས།
དེ་རིང་འདིར་རྒྱལ་ཁབ་སོ་སོ་ནས་འོངས་པའི་དབུ་ཁྲིད་དང་དོན་གཞུང་ཚབ་ཁག་མང་པོ་འདུག ངས་ཁོང་ཚོར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་ཡུན་རིང་པོའི་ནང་ཐེ་ཝན་ལ་མུ་མཐུད་རྒྱབ་སྐྱོར་གནང་སྟེ། ང་ཚོ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་མཉམ་ཞུགས་ཀྱི་གོ་སྐབས་གནང་ཡོད། འབྱུང་འགྱུར་ང་ཚོས་མུ་མཐུད་དུ་གཞུང་ཕྱོགས་ཀྱི་འབྲེལ་ལམ་དང་། ཁེ་ལས་ཀྱི་མ་འཇོག དམངས་ཁྲོད་ཀྱི་མཉམ་ལས་སོགས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས། ཐེ་ཝན་གྱི་འཕེལ་རྒྱས་ཉམས་མྱོང་རྣམས་ཚང་མར་མཉམ་རོལ་དང་། མཐུན་གྲོགས་རྒྱལ་ཁབ་རྣམས་ལ་རྒྱུན་མཐུད་ནས་མཛའ་མཐུན་འབྲེལ་བ་དམ་འཛིན་བྱ་རྒྱུ་ཡིན།
ཐེ་ཝན་ནི་འཛམ་གླིང་སྤྱི་དམངས་སྤྱི་ཚོགས་ཀྱི་མ་དཔེ་ཞིག་ཡིན། དམངས་གཙོ་ཅན་དུ་བསྒྱུར་པ་ནས་བཟུང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་རང་དབང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་འཛམ་གླིང་ཡོངས་ཁྱབ་རིན་ཐང་རྒྱུན་འཁྱོངས་བྱས་ཡོད། ང་ཚོས་སྙིང་སྟོབས་འདི་ཉིན་མུ་མཐུད་རྒྱུན་འཁྱོངས་ཐོག རིན་ཐང་ལྟ་བའི་མནའ་མཐུན་གྱི་འཛམ་གླིང་བརྗོད་གཞིའི་ཁྲོད་མཉམ་ཞུགས་བྱ་རྒྱུ་ཡིན། ང་ཚོས་མུ་མཐུད་དུ་ཨ་རི་དང་ཉི་ཧོང་། ཡུ་རོབ་ཚུད་པའི་མཛའ་མཐུན་དམངས་གཙོའི་རྒྱལ་ཁབ་བར་གྱི་འབྲེལ་བ་གཏིང་ཟབ་དུ་བཏང་སྟེ། ཐུན་མོང་གི་རིན་ཐང་ལྟ་བའི་གཞི་རྩའི་ཐོག་ནས་ཕྱོགས་ཡོངས་ཀྱི་མཉམ་འབྲེལ་ལ་སྐུལ་འདེད་བྱ་རྒྱུ་ཡིན།
ང་ཚོས་རྒྱལ་སྤྱིའི་ཚོང་ལས་ཀྱི་མཉམ་འབྲེལ་དང་སྒྲིག་གཞི་གཏན་འབེབས་ཁྲོད་ཧུར་རྩོན་གྱིས་མཉམ་ཞུགས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞིར་སྲུང་སྐྱོབ་དང་། དེར་མ་ཟད་ས་ཁུལ་རང་བཞིན་གྱི་གལ་ཆེའི་ཚོང་ལས་མ་ལག་ཁྲོད་མཐུན་འཇུག་བྱ་རྒྱུ་ཡིན། དེ་བཞིན། ང་ཚོས་འཛམ་གླིང་ཚ་དྲོད་དང་མཁའ་དབུགས་འགྱུར་ལྡོག་གྱི་བརྗོད་གཞིའི་ཐད་ཆད་ལུས་ཤོར་འཇུག་རྒྱུ་མིན། ང་ཚོས་མ་འོངས་པར་སྲིད་འཛིན་སྡེ་ཁག་ནང་ནུས་ཁུངས་དང་ཐཱན་ཉུང་འཕྲིར་འགན་ལེན་བྱེད་མཁན་ལས་ཁུངས་ཤིག་ཆེད་འཛུགས་བྱ་རྒྱུ་ཡིན་པ་མ་ཟད། ཕ་རི་སིར་སྐོང་འཚོགས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲིག་གཞིའི་སྤྱི་ཆིངས་ཀྱི་ཆིངས་གནས་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་(COO 21)གྲོས་དོན་གཞིར་བཟུང་། དུས་བཀག་ནང་དྲོད་ཁང་དབུགས་གཏོང་ཉུང་འཕྲིའི་དམིགས་ཚད་ཐད་སྐྱོན་འདོན་ལེགས་སྤེལ་དང་། མཐུན་གྲོགས་རྒྱལ་ཁབ་ཁག་དང་དཔུང་བ་མཉམ་སྡེབ་ཀྱིས་ཐུན་མོང་ཐོག་སའི་གོ་ལ་རྒྱུན་གནས་ཐུབ་པ་སྲུང་སྐྱོབ་བྱ་རྒྱུ་ཡིན།
འདི་དང་མཉམ་དུ་སྲིད་གཞུང་གསར་པའི་ངོས་ནས་མི་ཆོས་རང་ལུགས་ཀྱི་རོགས་སྐྱོར་དང་སྨན་བཅོས་རོགས་སྐྱོར། ནད་རིགས་འགོག་བཅོས་དང་ཞིབ་འཇུག འཇིགས་སྐུལ་ལ་ངོ་རྒོལ་གྱི་མཉམ་ལས། དེ་བཞིན། རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་ལ་རྡུང་རྡེག་སོགས་ཀྱིས་མཚོན་པའི་འཛམ་གླིང་རང་བཞིན་གྱི་བརྗོད་གཞི་གསར་པའི་སྤྱིའི་མཉམ་འབྲེལ་མཐའ་དག་ལ་རྒྱབ་སྐྱོར་དང་མཉམ་ཞུགས་བྱས་ཏེ། ཐེ་ཝན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་མེད་ཐབས་མེད་པའི་གྲོགས་པོ་ཞིག་ཏུ་བཟོ་རྒྱུ་ཡིན།
མཇུག་སྡོམ།
༡༩༩༦ ལོར་ཐེ་ཝན་གྱིས་ཐོག་དང་པོར་སྲིད་འཛིན་ཐད་ཀར་འོས་འདེམས་བྱས་པ་རེད། ད་ལྟའི་བར་ལོ་ ༢༠ ཏག་ཏག་འཁོར་ཟིན། འདས་པའི་ལོ་ ༢༠ ནང་སྲིད་གཞུང་རིམ་པ་ཁག་དང་སྤྱི་དམངས་སྤྱི་ཚོགས་ཀྱི་འབད་བརྩོན་འོག ང་ཚོས་དམངས་གཙོའི་རྒྱལ་ཁབ་གསར་པ་དག་གིས་གདོང་ལེན་དགོས་པའི་དཀའ་ཁག་མང་པོ་བདེ་ལེགས་ངང་བརྒལ་ཏེ་རྒྱལ་ཁ་བླངས་ཡོད། བརྒྱུད་རིམ་འདིའི་ཁྲོད་ང་ཚོར་མི་སེམས་སྒུལ་ཐུབ་པའི་གཏམ་རྒྱུད་མང་པོ་བྱུང་མྱོང་ཡོད་ལ། དེ་བཞིན། འཛམ་གླིང་སྟེང་གི་རྒྱལ་ཁབ་གཞན་དག་ལྟར། སྔོན་ཆད་ང་ཚོའི་ནང་ཁུལ་དུ་བློ་འཚབ་དང་རྙོག་ཟིང་། འགལ་བ། དགྲ་འཛིན་སོགས་ཀྱང་བྱུང་མྱོང་ཡོད་པ་རེད།
ང་ཚོས་སྤྱི་ཚོགས་ཁྲོད་ཀྱི་དགྲ་འཛིན་སྣང་ཚུལ་མཐོང་ཐུབ་ཀྱི་འདུག ཡར་རྒྱས་དང་མཁྲེགས་འཛིན་བར་གྱི་དགྲ་འཛིན། ཁོར་ཡུག་དང་གསར་སྤེལ་བར་གྱི་དགྲ་འཛིན། དེ་བཞིན། ཆབ་སྲིད་འདུ་ཤེས་བར་གྱི་དགྲ་འཛིན། དགྲར་འཛིན་གྱི་སྣང་ཚུལ་འདི་དག་ལ་བརྟེན་ནས། དེ་སྔོན་འོས་བསྡུའི་སྐབས་སུ་མང་ཚོགས་ལ་མཉམ་ཞུགས་ཚོར་རྐྱེན་སློང་བའི་ནུས་པ་ཐོན་ཡོད། ཡིན་ནའང་དགྲར་འཛིན་གྱི་སྣང་ཚུལ་དེ་དག་གི་རྐྱེན་པས། ང་ཚོའི་དམངས་གཙོར་གནད་དོན་དངོས་ལ་རྒྱུས་ལོན་བྱེད་པའི་ནུས་པ་ཉམས་དམས་སུ་གྱུར་ཡོད།
དམངས་གཙོ་ནི་བརྒྱུད་རིམ་ཞིག་རེད། དུས་རབས་སོ་སོའི་ཆབ་སྲིད་ལས་གཉེར་པ་དག་གིས། སོ་སོའི་ཕྲག་སྟེང་གི་འོས་འགན་དེར་ངོས་འཛིན་གསལ་པོ་འཐོབ་དགོས། དམངས་གཙོ་མདུན་དུ་བསྐྱོད་སྲིད་ལ། དམངས་གཙོས་ལྡོག་འགྲོས་ཀྱང་བྱེད་སྲིད། དེ་རིང་། ང་འདིར་ལངས་ཏེ་ཚང་མར་གསལ་བརྗོད་ཞུ་རྒྱུར། ལྡོག་འགྲོས་ནི་ང་ཚོའི་བདམས་ཀ་ཡིན་མི་སྲིད། སྲིད་གཞུང་གསར་པའི་འོས་འགན་ནི་ཐེ་ཝན་གྱི་དམངས་གཙོ་དེ་འཕེལ་རིམ་གསར་པ་ཞིག་ཏུ་མདུན་བསྐྱོད་བྱ་རྒྱུ་དེའོ། དེ་སྔ་དམངས་གཙོ་ནི་འོས་བསྡུའི་རྒྱལ་ཕམ་ཙམ་རེད། ད་ལྟ་དམངས་གཙོ་ནི་མི་དམངས་ཀྱི་བདེ་སྐྱིད་དོན་དུ་ཡིན། དེ་སྔ་དམངས་གཙོ་ནི་རིན་ཐང་ལྟ་བ་གཉིས་བར་གྱི་དགྲ་འཛིན་རེད། ད་ལྟ་དམངས་གཙོ་ནི་རིན་ཐང་ལྟ་བ་སྣ་ཚོགས་ཀྱི་གྲོས་མོལ་ཡིན།
འདུ་ཤེས་ག་གེ་མོ་ཞིག་གིས་སྒྲོག་ཏུ་བཅུག་པ་མ་ཡིན་པའི་ “མཐུན་སྒྲིལ་གྱི་དམངས་གཙོ” ཞིག་བསྐྲུན་དགོས། སྤྱི་ཚོགས་དང་དཔལ་འབྱོར་གྱི་གནད་དོན་སེལ་ཐུབ་པའི་ “གོ་ཆོད་པའི་དམངས་གཙོ” ཞིག་བསྐྲུན་དགོས། དོན་དངོས་ཀྱི་ཐོག་ནས་མི་དམངས་ལ་གཟིགས་སྐྱོང་ཐུབ་པའི་ “དངོས་དོན་གྱི་དམངས་གཙོ” ཞིག་བསྐྲུན་དགོས། འདི་ནི་དུས་རབས་གསར་པའི་དོན་སྙིང་རེད།
ང་ཚོ་རང་ཉིད་ལ་ཡིད་ཆེས་དང་ལྡན་ཚེ། དུས་རབས་གསར་པ་མངོན་འགྱུར་བྱ་ཐུབ། རྒྱལ་ཁབ་འདིའི་བདག་པོར་འགྱུར་མེད་ཀྱི་ཡིད་ཆེས་དང་ལྡན་ཚེ། དུས་རབས་གསར་པ་ནི་ང་ཚོ་མི་རབས་འདིའི་ལག་ནས་མགོ་འཛུགས་ཐུབ་ངེས་ཡིན།
མཛའ་ཞིང་བརྩེ་བའི་ཐེ་ཝན་མི་དམངས་རྣམ་པ། གཏམ་བཤད་མཇུག་སྒྲིལ་རྒྱུ་ཡིན། བཅོས་བསྒྱུར་མགོ་རྩོམ་རྒྱུ་ཡིན། དུས་དེ་རིང་ནས་བཟུང་རྒྱལ་ཁབ་འདིའི་འགན་སྲིད་གཞུང་གསར་པའི་ཕྲག་པར་བླངས་ཡོད། ངས་རྣམ་པ་ཚང་མས་རྒྱལ་ཁབ་འདིའི་བཅོས་བསྒྱུར་མཐོང་ཐུབ་པ་བྱ་རྒྱུ་ཡིན།
ལོ་རྒྱུས་ཀྱིས་དཔའ་སྙིང་ལྡན་པའི་ང་ཚོའི་མི་རབས་འདི་བརྗེད་མི་སྲིད་ལ། ང་ཚོས་རྒྱལ་ཁབ་འདིའི་དར་རྒྱས་དང་ལ་རྒྱ། མཐུན་སྒྲིལ། བརྩི་མཐོང་། རྒྱུ་འབྲས་དྲང་སྙོམས་བཅས་ཀྱི་ཐད་ཧུར་རྩོན་གྱིས་ཤུལ་རྗེས་བཞག་ཡོད་པ་དེའང་བརྗེད་མི་སྲིད། ལོ་རྒྱུས་ཀྱིས་ང་ཚོའི་སྙིང་སྟོབས་བརྗེད་མི་སྲིད་ལ། ༢༠༡༦ ལོར་ང་ཚོས་མཉམ་རུབ་ཀྱིས་རྒྱལ་ཁབ་འདི་ལམ་ཕྱོགས་གསར་པ་ཞིག་ཏུ་འཁྲིད་མགོ་བརྩམས་པའང་བརྗེད་མི་སྲིད། ཕ་ཡུལ་ས་གཞིའི་སྟེང་གི་མི་ཚང་མས་ཐེ་ཝན་ཀྱི་བཅོས་བསྒྱུར་ཆེད་མཉམ་ཞུགས་བྱས་པ་དེ་གཟི་བརྗིད་དུ་ཚོར་ཐུབ་ངེས་ཡིན།
ད་ཅི་འཁྲབ་སྟོན་ལེ་ཚན་ཁྲོད་ཀྱི་གླུ་གཞས་ཤིག་གི་ནང་། ང་རང་སེམས་འགུལ་ཐེབས་པའི་གཞས་ཚིག་དུམ་བུ་ཞིག་ཡོད་པ་ནི། “ད་ལྟ་ནི་རེ་བའི་ཉིན་མོ་དེ་རེད། དཔའ་ངར་ལྡན་པའི་ཐེ་ཝན་པ།” (ཐེ་ཝན་གདོད་མིའི་སྐད་ཀྱིས་བཤད།)
སྤུན་ཟླ་ཐེ་ཝན་པ་དང་། ཐེ་ཝན་མི་དམངས་ས་ཡ་བཅུ་གསུམ་ཡོངས་ལ་ཞུ་རྒྱུར། ད་ལྟ་ནི་ངང་སྒུག་དུས་ཡུན་མཇུག་སྒྲིལ་བའི་ཉིན་མོ་དེ་རེད། དེ་རིང་དང་སང་ཉིན། འབྱུང་འགྱུར་གྱི་ཉི་མ་རེ་རེ་བཞིན། ང་ཚོ་ནི་དམངས་གཙོ་སྲུང་སྐྱོབ་དང་རང་དབང་སྲུང་སྐྱོབ། རྒྱལ་ཁབ་འདི་སྲུང་སྐྱོབ་བྱེད་མཁན་གྱི་ཐེ་ཝན་པ་ཞིག་བྱ་དགོས། ཚང་མར་ཐུགས་རྗེ་ཆེ་ཞུ།
ཚེ་རིང་རྒྱལ་གྱིས་བོད་བསྒྱུར་བྱས།