མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་དུ་ས་ཡོམ་གྱི་དོན་རྐྱེན་བྱུང་སྟེ་ལོ་གཅིག་རྗེས།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཀ་མལ་དེཝ་བྷ་ཊ་རེའི (Kamal Dev Bhattarai)ཡིས་བརྩམས།
ཡེ་ཤེས་དོན་གྲུབ་ཀྱིས་བོད་གྱུར་བྱས།

thediplomat_2016-04-29_23-56-15-386x257

ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ དང་ཟླ་ ༥ ཚེས་ ༡༢ ཉིན་བལ་ཡུལ་དུ་ས་ཡོམ་ཤུགས་ཆེ་ཐེངས་གཉིས་བརྒྱབ་སྟེ་ལོ་གཅིག་འཁོར་ཟིན། ས་ཡོམ་གྱི་རྐྱེན་པས་མི་གྲངས་ ༨༨༠༠ ཡི་ཚེ་སྲོག་ཤོར་བ་དང་མི་ ༢༢༠༠༠ ལ་རྨས་སྐྱོན་ཕོགས་ཤིང་། མི་ས་ཡ་མང་པོའི་སྡོད་ཁང་མེད་པ་ཆགས་ཡོད། ས་ཡོམ་གྱིས་བུད་མེད་དང་ཕྲུ་གུ་ཐེ་བའི་མི་གྲངས་ས་ཡ་གསུམ་ལྷག་ལ་གནོད་སྐྱོན་བཏང་སྟེ་ད་ཆ་ལོ་གཅིག་འཁོར་ཟིན་ཡང་གོད་ཆག་ཕོགས་མཁན་ཚོའི་ཆེད་དུ་ཉམས་གསོའི་ལས་གཞི་དེར་ད་བར་བོགས་ཐོན་པ་བྱུང་མེད། བལ་ཡུལ་གཞུང་གིས་ས་ཡོམ་གྱིས་གཏོར་སྐྱོན་བཏང་བའི་ཁང་པ་རྣམས་བསྐྱར་གསོའི་ལས་གཞི་ཚགས་ཚུད་ཡོང་རྒྱུར་ཐབས་ཤེས་འཕྲལ་དུ་མ་བྱས་པའི་དབང་གིས་མི་མང་པོ་ཞིག་དཀའ་སྡུག་གིས་མནར་བཞིན་ཡོད་ལ། ལྷག་པར་དུ་ཕྲུ་གུ་དང་། རྒན་ཁོགས། བུད་མེད་སྦྲུམ་མ་ཅན་ཚོར་དམིགས་བསལ་གྱི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

བལ་ཡུལ་གཞུང་གིས་ས་ཡོམ་གྱི་གོད་ཆགས་བྱུང་མཁན་ཚོར་སྡོད་ཁང་གསར་རྒྱག་གི་ཆེད་དུ་རོགས་དངུལ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་དངུལ་དེ་ག་དུས་སྤྲོད་ཀྱི་ཡོད་མེད་ངེས་གཏན་མེད། གཞུང་གིས་ཉེ་འཆར་གཞི་ནས་ཁང་པ་གསར་རྒྱག་ཆེད་དུ་དོ་བདག་རེར་བལ་སྒོར་འབུམ་གཉིས་རེ་སྤྲོད་རྒྱུའི་འཆར་གཞི་བཟོས་ཚར་ཙམ་ཡིན་ཞིང་། གོད་ཆགས་བྱུང་མཁན་ཕལ་ཆེ་བར་ད་བར་དངུལ་དེ་ཐོབ་ཡོད་མ་རེད། བལ་གཞུང་གི་ཁང་པ་གསར་རྒྱག་ལས་གཞིའི་སྲིད་ཇུས་བརྟན་པོ་མེད་སྟབས། ས་ཡོམ་གྱི་གནོད་ཚེ་ཕོགས་མཁན་ཁྲོད་སྒེར་ངོས་ནས་འགྲོ་མགྲོན་བཏང་སྟེ་ཁང་པ་རྒྱག་ཐུབ་མཁན་ཚོས་ཀྱང་ཁང་པ་མ་བརྒྱབ་པར་དེ་མུར་བསྡད་ཡོད་པ་རེད། སྐབས་ཕྲལ་ཚོང་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ས་ཡོམ་གྱི་རྐྱེན་ལས་སྡོད་ཁང་མེད་མཁན་ཚོའི་ཆེད་དུ་འཕྲལ་སེལ་སྡོད་ཁང་བརྒྱབ་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༥ ཉིན་ཀ་ཐ་མན་གྲུར་ཚོགས་པའི་རྒྱལ་སྤྱིའི་རོགས་ཚོགས་ཀྱི་ཚོགས་འདུའི་སྐབས། རོགས་ཚོགས་ཚོས་ས་ཡོམ་གྱིས་གཏོར་སྐྱོན་བྱས་པའི་ཁང་པ་རྣམས་བསྐྱར་གསོའི་ཆེད་ཨ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གཅིག་ (4.1 billion) ཞལ་འདེབས་བསྡུ་རུབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། དེས་བལ་ཡུལ་གཞུང་དང་མི་དམངས་གཉིས་ཀར་སེམས་འགུལ་སྤེལ་བ་དང་། མི་མང་གིས་ཀྱང་རོགས་དངུལ་དེ་དག་གིས་ཁོང་ཚོའི་སྡོད་ཁང་གསར་རྒྱག་དང་དཔལ་འབྱོར་ཉམས་གསོའི་ལས་གཞི་དེ་དངོས་སུ་མགོ་ཚུགས་ཐུབ་པའི་རེ་བ་བྱས་ཡོད། སྟབས་མི་ལེགས་པ་ཞིག་ལ། བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་དང་དབུས་གཞུང་གཉིས་ཀྱིས་རྒྱལ་སྤྱིའི་ཐོག་ནས་རོགས་རམ་སླེབས་པ་དེར་ལམ་སེང་གོ་སྐབས་དམ་འཛིན་བྱེད་མ་ཐུབ་པ་མ་ཟད། གནད་དོན་དེའི་ཐད་སྲིད་དོན་ཚོགས་པ་ནང་ཁུལ་གྲོས་འཆམ་མ་བྱུང་དང་། གཞུང་གི་ལས་ཁུངས་ཁག་གི་ལས་ཀ་བྱེད་སྟངས་ཚགས་ཚུད་མེད་པ། དེའི་རྐྱེན་ལས་ལས་གཞིའི་ཐད་ཁྲིམས་སྒྲིག་གཏན་འབེབས་བྱ་རྒྱུར་གོར་འགྱངས་སོང་བ་བཅས་ལ་བརྟེན་ད་བར་དུ་ཉམས་གསོའི་ལས་གཞི་མདུན་བསྐྱོད་ཅུང་ཙམ་ཡང་ཕྱིན་མེད་པ་རེད། ཕྱི་རྒྱལ་རོགས་ཚོགས་ཁག་གིས་ལས་གཞི་འདི་ཐད་བལ་ཡུལ་གཞུང་ལ་རྒྱབ་སྐྱོར་བྱ་རྒྱུའི་ཧ་ལས་པའི་ལན་བཟང་པོ་སྤྲད་ཡོད། དང་ཐོག་མི་དམངས་ཚོས་ཁོང་ཚོའི་དཀའ་སྡུག་གང་མྱུར་སེལ་ཐུབ་པའི་རེ་བ་ཚོར་ཡོད་ཀྱང་རྗེས་དེ་ལྟར་བྱུང་མེད།

དབུས་གཞུང་གིས་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཡོངས་ཉམས་གསོའི་སྤྱི་ཁྱབ་ལས་ཁུངས་ (National Reconstruction Authority) གི་བརྗོད་དོན་ལ་གཞིགས་ན། བལ་ཡུལ་ཁྱོན་ཡོངས་སུ་ས་ཡོམ་གྱི་གོད་ཆགས་བྱུང་བ་ཉམས་གསོའི་ཆེད་ཨ་སྒོར་འབུམ་ཐེར་དྲུག་དང་དུང་ཕྱུར་ལྔ་ ($ 6.5 billion ) དགོས་ཀྱི་ཡོད་པའི་ཚོད་དཔག་བྱས་ཡོད་པ་དང་། དངུལ་འབོར་དེ་ནི། བལ་ཡུལ་དང་ཚོང་འབྲེལ་རྒྱལ་ཁབ་དང་ཚོགས་པ་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག ས་གནས་སོ་སོའི་ཚོགས་པ་ཁག ས་གནས་སོ་སོའི་འཐུས་མི་ཚོགས་པ། དབུས་གཞུང་བཅས་ཚང་མ་མཉམ་འབྲེལ་ཐོག་ནས་སྟངས་འཛིན་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད། རོགས་ཚོགས་ཁག་གིས་དངུལ་འབོར་ཆེན་པོ་ཞལ་འདེབས་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ད་ལྟ་དངུལ་འབོར་དེའི་རྒྱ་ཆ་ ༢༥ ཙམ་ལ་ཁོང་ཚོས་ངོས་ལེན་མཚན་རྟགས་བཀོད་ཡོད་པ་རེད།

རོགས་རམ་ཚོགས་པའི་ཚོགས་འདུ་ཚར་རྗེས་རོགས་དངུལ་གཏོང་འགྲེམས་བྱེད་ཕྱོགས་ཐད་བལ་ཡུལ་གཞུང་དང་རོགས་རམ་ཚོགས་པའི་བར་གྲོས་ཆམ་མ་བྱུང་བར་རྩོད་གླེང་བྱུང་ཡོད་ཅིང་། བལ་ཡུལ་གཞུང་གིས་ “སྒོ་གཅིག་གི་སྲིད་ཇུས་” གཞིར་བཟུང་རོགས་དངུལ་རྣམས་ཐད་ཀར་དབུས་གཞུང་གི་ཐེབས་རྩའི་ནང་འབྱོར་དགོས་ལུགས་བརྗོད་ཡོད་ཅིང་། རོགས་ཚོགས་ཁག་གིས་དེར་ངོས་ལེན་བྱས་མེད་པ་རེད། དེའི་སྟེང་ཉམས་གསོའི་ལས་ཁུངས་གསར་འཛུགས་མ་ཐུབ་པར་དེ་མུར་ལུས་པར། ཕྱི་རྒྱལ་རོགས་ཚོགས་ཚོར་དོགས་པ་སྐྱེས་ཏེ་ལས་ཁུངས་དེ་གང་མྱུར་བསྐོ་འཛུགས་བྱེད་དགོས་ཚུལ་ནན་བརྗོད་བྱས་ཡོད། འོན་ཀྱང་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་དང་གཞུང་གི་ངོས་ནས་ཉམས་གསོའི་ལས་གཞི་མགོ་འཛུགས་དང་ལག་བསྟར་བྱ་རྒྱུར་སེམས་ཚབས་བྱས་མེད་པར་བརྟེན། ས་ཡོམ་དོན་རྐྱེན་བྱུང་ནས་ཟླ་བ་མང་པོའི་རྗེས་ཏེ་ཕྱི་ལོ་ ༢༠༡༦ ཟླ་ ༡ པའི་ནང་གཞི་ནས་ཉམས་གསོའི་ལས་ཁུངས་གསར་བཙུགས་ཐུབ་ཙམ་བྱུང་ཡོད་པ་རེད།

བལ་ཡུལ་རྒྱལ་ཡོངས་ཉམས་གསོའི་སྤྱི་ཁྱབ་ལས་ཁུངས་ (NRA) ཀྱི་དཀའ་ངལ།

ཕྱི་ལོ་ ༢༠༡༥ ཟླ་ ༨ པའི་ནང་བལ་ཡུལ་བཀའ་ཤག་གིས་བཀའ་རྒྱ་ཞིག་བཏང་སྟེ། གྲོས་ཚོགས་སུ་གྲོས་བསྡུར་མ་བྱས་པར་སུ་ཤིལ་ཀོ་རི་ལཱ་ (Sushil Koirala) ཡིས་མགོ་ཁྲིད་པའི་རྒྱལ་ཡོངས་ཉམས་གསོའི་ཚོགས་ཆུང་ཐོག་མར་བཙུགས་པ་རེད། ཕྱི་ཟླ་ ༨ ཚེས་ ༡༣ ཉིན་སྐབས་དེའི་བཀའ་ཤག་གིས་རྒྱལ་ཡོངས་འཆར་འགོད་ལྷན་ཁང་ (National Planning Council) གི་ཚོགས་གཞོན་གོ་ཝིན་དཱ་རཇ་པོ་ཁ་རེལ་ (Govinda Raj Pokharel) ཚོགས་ཆུང་དེའི་མགོ་གཙོར་བསྐོ་བཞག་བྱས་པ་རེད། འོན་ཀྱང་ཚོགས་ཆུང་དེ་ནི་བཀའ་ཤག་གིས་གྲོས་ཚོགས་ལ་སྙན་སེང་མ་ཞུས་པའི་ཐོག་ནས་བཙུགས་པར་བརྟེན་ཟླ་བ་གཅིག་ཡང་མ་ཟིན་སྔོན་ཕྱི་ཟླ་ ༩ ཚེས་ ༡ ཚོགས་ཆུང་དེ་ནུས་མེད་དུ་ཆགས་པ་རེད། གྲོས་ཚོགས་ཚོགས་མི་ཚོས་གྲོས་ཆར་དེར་བགྲོ་གླེང་བྱ་རྒྱུར་དུས་ཚོད་ཕར་འགྱངས་བྱེད་དགོས་ཚུལ་བརྗོད་ཡོད་པ་རེད། དུས་ཚོད་ནར་འགྱངས་བཏང་བ་དེ་ནི་སྲིད་དོན་ཚོགས་པ་རྣམས་ས་ཡོམ་གྱི་ཛ་དྲག་གི་བཀའ་ངལ་རྣམས་སེལ་འདོད་མེད་པའི་རྣམ་པ་གསལ་པོ་བསྟན་ཡོད། དེ་ནས་དབུས་གཞུང་གིས་ཉམས་གསོའི་ལས་ཁུངས་ (NRA) གསར་འཛུགས་མ་བྱུང་བར་དུ་ཉམས་གསོའི་ལས་གཞིའི་འགན་དེ་རྒྱལ་ཡོངས་འཆར་འགོད་ལྷན་ཁང་ལ་སྤྲད་ཡོད་པ་རེད། འོན་ཀྱང་རོགས་ཚོགས་ཁག་གིས་བལ་གཞུང་གིས་ NRA ལས་ཁུངས་བཙུགས་བར་དུ་རོགས་དངུལ་གཏོང་རྒྱུ་མིན་པའི་ཆ་རྐྱེན་བརྗོད་པར་བརྟེན། གོང་གི་འཕྲལ་སེལ་ལས་ཁུངས་དེ་ཡང་ནུས་མེད་ཆགས་པ་རེད།

ཕྱི་ལོ་ ༢༠༡༥ ཟླ་ ༩ ནང་བལ་ཡུལ་གཞུང་གི་རྩ་ཁྲིམས་གཏན་འབེབས་ཟིན་རྗེས། གཞུང་གསར་པ་སུས་འཛིན་ཐད་སྲིད་དོན་ཚོགས་པ་ནང་ཁུལ་གྲོས་མ་ཆམ་པར་རྩོད་གླེང་བྱུང་ཞིང་། ཕྱི་ཟླ་ ༡༠ པའི་ནང་བལ་ཡུལ་དམར་ཤོག་ཚོགས་པ་ (Unified Marxist-Lenist) ལ་རྒྱལ་ཁ་ཐོབ་སྟེ་གཞུང་འཛིན་མགོ་བཙུགས། དེས་ NRA ལས་ཁུས་གསར་འཛུགས་ཐོག་ལ་འགུལ་ཤུགས་ཤིག་ཐེབས་ཡོད། འོན་ཀྱང་གནད་དོན་དེའི་ཐོག་ལ་སྲིད་དོན་ཚོགས་པ་ནང་ཁུལ་རྩོད་གླེང་བྱུང་སྟེ་ཐག་མ་ཆོད་པར་དུས་འགྱངས་ཕྱིན་པ་རེད། ས་ཡོམ་དོན་རྐྱེན་བྱུང་ནས་ཟླ་བ་ ༨ ཕྱིན་པའི་རྗེས་ཏེ་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༧ ཉིན་བལ་ཡུལ་གྲོས་ཚོགས་ཀྱིས་གཞུང་གིས་རྒྱལ་ཡོངས་ཉམས་གསོའི་གྲོས་འཆར་དེ་ངོས་ལེན་བྱས་ཤིང་། རྒྱལ་ཡོངས་ཉམས་གསོའི་སྤྱི་ཁྱབ་ལས་ཁུངས་གསར་འཛུགས་བྱ་རྒྱུའི་ལམ་ཁ་བསྐྲུན་པ་རེད།

ཕྱི་ཟླ་ ༡༢ ཚེས་ ༥ ཉིན་བལ་ཡུལ་གཞུང་གིས་གྲོང་ཁྱེར་ཡར་རྒྱས་ཐེབས་རྩ་ (Town Development Fund) ཡི་འགན་འཛིན་ཨར་ལས་འཆར་བཀོད་མཁས་པ་སུ་ཤིལ་གྱེ་ཝ་ལི་ (Sushil Gyawali) རྒྱལ་ཡོངས་ཉམས་གསོའི་སྤྱི་ཁྱབ་ལས་ཁུངས་ཀྱི་མགོ་འཛིན་དུ་བསྐོ་བཞག་བྱས་པ་དང་། ཉམས་གསོའི་ལས་གཞི་དེར་ནུས་ཤུགས་ཆེ་རུ་འགྲོ་རྒྱུའི་རེ་བ་གསར་པ་ཞིག་ཤར་བ་རེད།

ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༧ ཉིན་བལ་ཡུལ་གྱི་སྲིད་འཛིན་བཱི་དཱ་ཡ་བྷན་དཱ་རི་ (Bidhya Bhandari) ད་དང་སྲིད་བློན་ཀེ་པི་ཨོ་ལི་ (K.P. Oli) གཉིས་ཀྱི་ཉམས་གསོའི་ལས་གཞི་མགོ་བཙུགས་བྱས་པའི་མཚོན་དོན་ལྟ་བུར་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་རེད།

ལས་གཞི་གོར་འགྱངས་འགྲོ་བཞིན་པ།

ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ས་ཡོམ་དོན་རྐྱེན་བྱུང་ནས་ལོ་གཅིག་འཁོར་གྱི་ཡོད་རུང་། རྒྱལ་ཡོངས་ཉམས་གསོའི་ཚོགས་ཆུང་གིས་ལས་གཞིའི་དུས་ཚོད་གཏན་འབེབས་དང་། རོགས་དངུལ་སྟངས་འཛིན་དང་བགོས་འགྲེམས་བྱེད་ཕྱོགས་སོགས་ཉམས་གསོའི་ལས་གཞིའི་འཆར་གཞི་ད་དུང་ཡང་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། དེ་བཞིན་རྒྱལ་ཡོངས་ཉམས་གསོའི་སྤྱི་ཁྱབ་ལས་ཁུངས་ཀྱིས་ཉམས་གསོའི་ལས་གཞི་མགོ་འཛུགས་བྱ་རྒྱུར་བལ་གཞུང་དང་མཉམ་འབྲེལ་བྱེད་མཁན་རྒྱལ་སྤྱིའི་ཚོགས་པ་ཚོགས་པ་སུ་འདེམས་ཐད་ཐག་གཅོད་བྱེད་ཐུབ་པར་ལུས་པ་དང་། ལྷག་པར་དུ་རྒྱ་གར་གྱིས་བློ་བུར་དུ་བལ་ཡུལ་ལ་ཕྱིར་ཚོང་དམ་དྲག་བྱས་པ་དེས་བལ་ཡུལ་ནང་ཟླ་བ་མང་པོ་རྡོ་སྣུམ་གྱི་དཀའ་ངལ་འཕྲད་རྐྱེན་ཉམས་གསོའི་ལས་གཞི་ལ་བར་ཆད་བྱུང་ཡོད་པ་རེད།

བལ་ཡུལ་གཞུང་གིས་ས་ཡོམ་གྱི་གོད་ཆགས་བྱུང་མཁན་ཚོར་སྡོད་ཁང་གསར་རྒྱག་ཆེད་བལ་སྒོར་འབུམ་གཉིས་རེ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་པ་དང་། དེ་སྔོན་གཞུང་གིས་འཕྲལ་སེལ་སྡོད་ཁང་རྒྱག་རྒྱུའི་ཆེད་དང་དགུན་ཁའི་གོས་ལོག་ཉོ་རྒྱུའི་ཆེད་རོགས་རམ་ཕྲན་བུ་བྱས་ཡོད་པ་རེད། འོན་ཀྱང་མི་དམངས་ཚོར་མཚོན་ན་དངུལ་འབོར་དེ་ནི་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད་དངོས་སུ་ལག་གསོན་བྱ་རྒྱུ་ཡང་དུས་ཡུན་རིང་པོ་འགོར་གྱི་ཡོད་པ་རེད། བལ་ཡུལ་ས་གནས་བྷག་ཏ་པུར་རྫོང་ཁོངས་སུ་གནས་སྡོད་མ་ནོ་ཇི་ཤེར་ས་ཐ་ (Manoj Shrestha) ཡི་ཁང་པ་ས་ཡོམ་སྐབས་གཏོར་སྐྱོན་ཤོར་ཡོད་པར་ཁོས་བརྗོད་དོན། ཁང་པ་གསར་པ་རྒྱག་རྒྱུ་ལ་དངུལ་འབོར་དེས་འདང་གི་མ་རེད། དེར་བརྟེན། ང་ཚོ་ཁང་པ་རྒྱག་དགོས་མིན་ཐེ་ཚོམ་ངང་བསྡད་ཡོད་ཅེས་བརྗོད་ཡོད་འདུག

དབུས་གཞུང་གིས་མི་དམངས་ཚོར་ཁང་པ་གསར་པ་རྒྱག་ཆེད་དུ་སྐྱེད་ཁ་དམའ་བའི་ཐོག་བུ་ལོན་གཡར་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་ད་བར་དུ་དངོས་སུ་ལག་བསྟར་བྱས་མེད། གྲོང་གསེབ་ཁུལ་དུ་སྡོད་མཁན་ཚོར་མཚོན་ན། གཞུང་ནས་བུ་ལོན་ཞུ་སྟངས་ཀྱི་ལམ་ལུགས་མགོ་རྙོག་ཅན་དང་ཆ་རྐྱེན་གང་དགོས་སོགས་མ་ཤེས་པའི་དཀའ་ངལ་འཕྲད་ཀྱི་ཡོད།

ཉམས་གསོའི་ལས་གཞི་དངོས་སུ་མགོ་འཛུགས་བྱ་བར་མི་རྒྱུ་དང་སྲིད་ཇུས་གཉིས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། དཀའ་ངལ་འདི་གཉིས་སེལ་ཐུབ་པ་ཡིན་ནའང་གཞི་རིམ་ས་ཁུལ་སོ་སོར་ལས་གཞི་ལག་སྟར་བྱེད་མཁན་འཇོན་ཐང་དང་འགན་འཁུར་ལེན་ཐུབ་མཁན་འཐུས་མིའི་ཚོགས་པ་མེད་པའི་དཀའ་ངལ་ཕར་མ་འཕྲད་བཞིན་ཡོད་པ་རེད།

དེ་བཞིན་ས་གནས་གཞུང་གི་ལས་ཁུངས་ཁག་ལ་དཀའ་ངལ་འདྲ་མཚུངས་གཉིས་འཕྲད་བཞིན་ཡོད། དེ་ཡང་གཞུང་གི་ལས་བྱེད་འདང་ངེས་མེད་པ་དང་ས་གནས་སོ་སོར་མི་དམངས་ཀྱི་འདེམས་བསྐོ་བྱས་པའི་འཐུས་མི་མེད་པའི་དཀའ་ངལ་ཡོད་པ་རེད། དེར་མ་ཟད་སྲིད་དོན་གྱི་རྙོག་དྲའི་རྐྱེན་པས་ལས་གཞི་ལག་བསྟར་བྱེད་ཁག་པོ་བཟོ་བཞིན་ཡོད། དཔེར་ན། ས་གནས་གཞུང་ཁ་ཤས་ཀྱིས་ཉམས་གསོའི་ལས་གཞིའི་ཆེད་ཁོང་ཚོར་གླ་ཕོགས་ཕར་མ་སྤྲད་ན་ཉམས་གསོའི་ལས་གཞིའི་ནང་མཉམ་བཞུགས་བྱེད་ཀྱི་མིན་ཞེས་རྩོད་ཀྱི་ཡོད་པ་རེད། དེ་བཞིན་ས་གནས་གཞུང་གི་ལས་བྱེད་ཚོ་ས་གནས་མི་མང་གི་འཐུས་མི་མིན་སྟབས། ཁོང་ཚོས་ཉམས་གསོའི་ལས་གཞིའི་འགན་ལེགས་པོ་འཁུར་གྱི་ཡོད་མེད་དང་མ་དངུལ་རྣམས་བེད་སྤྱོད་ཏག་ཏག་གཏོང་གི་ཡོད་མེད་ཐེ་ཚོམ་རེད། དཀའ་ངལ་འདི་ཚོ་སེལ་ཐབས་སུ། གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ལས་གཞིའི་ནང་མཉམ་རུབ་བྱ་རྒྱུའི་འཆར་གཞི་བཟོས་པ་རེད། དེ་ལྟར་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྦྱིན་བདག་རྣམས་སྲིད་དོན་ཚོགས་པ་གང་རུང་ལ་འབྲེལ་བ་དམ་པོ་ཡོད་པར་བརྟེན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདེམས་སྟངས་ཐོག་ལའང་དྲང་བདེན་མི་ཡོང་རྒྱུའི་དོགས་གཞི་ཆགས་ཀྱི་ཡོད་པ་རེད།

དཀའ་ངལ་འདི་དག་ལས་ལྷག་པ་ཞིག་ནི། ཉམས་གསོའི་སྤྱི་ཁྱབ་ལས་ཁུངས་དང་ས་གནས་སོ་སོའི་འཐུས་མིའི་ཚོགས་པའི་ནང་དུ་ལྐོག་ས་རུལ་སུངས་བྱེད་མཁན་མང་པོ་ཡོད་པས་ཕྱི་རྒྱལ་རོགས་ཚོགས་རྣམས་ཀྱིས་སེམས་ཁྲལ་བྱེད་ཀྱིན་ཡོད།   NRA ཡི་མགོ་གཙོ་སུ་ཤིལ་གྱིས་ལྐོག་ཟ་རུལ་སུངས་དང་ལས་ཀ་མ་རབས་བྱས་པའི་ཉེས་འཛུགས་ལ་ཞིབ་བཤེར་ཚོགས་ཆུང་ (Commission for Investigation for Abuse of Authority) གིས་ཞིབ་བཤེར་མགོ་བཙུགས་ཟིན་ཡོད་པ་དང་། ཞིབ་བཤེར་ཚོགས་ཆུང་གིས་ས་གནས་དཔོན་རིགས་ཚོས་ས་ཡོམ་གྱི་གོད་ཆགས་ཐེབས་མཁན་ཁྲོད་དུ་གནས་སྟངས་ཚབས་ཆེ་ཆུང་གི་དབྱེ་ཞིབ་ཡག་པོ་མ་བྱས་པར་སོ་སོའི་དགའ་ཉེ་ཚོར་སྐྱོབ་གསོའི་དངུལ་བགོས་འགྲེམས་བྱས་པའི་སྐྱོན་ཐེར་འདོན་བྱུང་ཡོད།

བལ་ཡུལ་གཞུང་གིས་རྒྱལ་ཡོངས་ཉམས་གསོའི་སྤྱི་ཁྱབ་ལས་ཁུངས་ལ་ལོ་ལྔའི་ནང་ཚུད་ཉམས་གསོའི་ལས་གཞི་ཚར་དགོས་པའི་དཀའ་བཏང་ཡོད་ཀྱང་། ཁོང་ཚོས་ད་ལྟའི་ལས་གཞི་ལག་བསྟར་བྱེད་སྟངས་ཀྱི་འགོར་ཚད་དེ་རང་མུ་མཐུད་བྱས་ན། དུས་ཚོད་དེའི་ནང་ལས་གཞི་ཚར་མི་སྲིད་པ་རེད། ས་ཡོམ་གྱིས་རྐྱེན་ལས་སྡོད་ཁང་གྲངས་ ༦༠༨༡༥༥ རྩ་གཏོར་བྱུང་བ་དང་སྡོད་ཁང་ ༢༩༨༩༩༨ ལ་གས་ཆག་ཤུགས་ཆེན་བྱུང་ཡོད་པ་རེད། དེ་བཞིན་གཞུང་གི་ཁང་པ་(སློབ་གྲྭ་དང་སྨན་ཁང་ཚུད་) ༢༦༨༧ རྩ་མེད་ཆགས་ཡོད་པ་དང་ ༣༧༧༦ ལ་གས་ཆག་ཆེན་པོ་བྱུང་ཡོད་པ་རེད། ས་ཡོམ་གྱི་གནོད་ཚེ་ཤུགས་ཆེ་ཤོས་བྱུང་སའི་ས་ཁུལ་ ༡༤ ལ་སྡོད་ཁང་མེད་མཁན་ཚོ་འཕྲལ་སེལ་ཁང་པའི་ནང་སྡོད་དགོས་པར་བརྟེན་དཀའ་སྡུག་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་དང་། ལྟོ་ཟས་དང་ཆུའི་དཀའ་ངལ་དང་། འཁོར་ཡུག་གཙང་སྦྲ་ཞན་པའི་དབང་གིས་ཁོང་ཚོའི་ཁྲོད་མང་པོ་ཞིག་ནད་མནར་ཡོང་གི་ཡོད་པ་རེད།

སྲིད་བློན་ཀེ་པི་ཨོ་ལི་ཡིས་ “གལ་སྲིད་ཉམས་གསོའི་ཚོགས་ཆུང་གིས་ལས་དོན་བྱེད་ཕྱོགས་ཀྱི་དལ་ལྷོད་དེ་མུ་མཐུད་ནས་གནས་ན་ལས་གཞི་མཇུག་སྐྱེལ་རྒྱུར་ལོ་བཅུ་ཕྲག་ཁ་ཤས་འགོར་སྲིད་པ་རེད།” ཅེས་ཡོངས་ཁྱབ་ཐོག་བརྗོད་ཡོད་པ་རེད། སྐབས་དེར་ལས་གཞི་ཚར་དགོས་པའི་མཐའ་མའི་དུས་ཚོད་གསལ་བསྒྲགས་བྱས་ཀྱང་དེ་ཡང་དོན་ཕན་བྱུང་མེད། ས་ཡོམ་གྱི་རྐྱེན་པས་སྡོད་ཁང་དཀའ་ངལ་འཕྲད་མཁན་ཚོས་ཆར་དུས་མ་བསླེབས་སྔོན་སྡོད་ཁང་ཞིག་གསོ་ཐུབ་པར་གཞུང་གིས་ཁོང་ཚོར་དངུལ་གང་མྱུར་སྤྲོད་དགོས་ཚུལ་རེ་འདུན་འདོན་གྱི་ཡོད། འོན་ཀྱང་ཆར་དུས་མགོ་ཚུགས་པ་ལ་ད་ལྟ་བདུན་ཕྲག་ཁ་ཤས་ལས་ལྷག་མེད་པས། གཞུང་གི་དཔོན་རིགས་ཚོས་མི་དམངས་ཚོས་ཆར་ཤོད་སྔོན་ལ་ཁང་པ་རྒྱབ་ཚར་རྒྱུའི་རེ་བ་མཐོང་གི་མེད། གང་ལྟར་མི་དམངས་ཚོར་མུ་མཐུད་དཀའ་སྡུག་འཕྲད་ཀྱི་རེད།

 

*རྩོམ་པ་པོ་ཀ་མལ་དེཝ་བྷ་ཊ་རེའི་ (Kamal Dev Bhattarai) ནི་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་གནས་པའི་གསར་འགོད་པ་ཡིན་ཞིང་། རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་ཏུ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་སྐོར་རྩོམ་བྲིས་སྤེལ་གྱི་ཡོད་པ་རེད། ཁོང་གིས་ཉེ་འཆར་བལ་ཡུལ་གྱི་ཞི་བདེ་དང་རྩ་ཁྲིམས་ཟིན་བྲིས་བྱེད་ཕྱོགས་དང་འབྲེལ་བའི་ “འཕོ་འགྱུར་། རྩ་ཁྲིམས་ལག་བསྟར་བྱེད་ཕྱོགས་ཐད་གོ་རྟོགས་སད་རྒྱུའི་དོན་ཚན་བཅུ་གཉིས།” ཞེས་པའི་དེབ་ཅིག་བརྩམས་ཡོད་པ་རེད།

* མ་རྩོམ་གྱི་འབྲེལ་ཐག་ http://thediplomat.com/2016/04/the-great-nepal-earthquake-one-year-later/

འབྲེལ་ཡོད་གསར་འགྱུར།

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

སྐར་མ ༢༣ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese