མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནས་ཕེབས་མཁན་ཁོངས་དབྱིན་སྐད་ཤེས་མཁན་ཇེ་མང་དང་། བཙན་བྱོལ་ནས་ཕེབས་མཁན་ཁོངས་དབྱིན་སྐད་མི་ཤེས་མཁན་ཇེ་མང་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༩ ནས་ ༢༤ བར་གྱི་ཉིན་ལྔའི་རིང་ནོར་ཝེ་གྱི་བྷར་གན་དུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཚོགས་ཡོད་སྟབས་བཙན་བྱོལ་ནས་ཕེབས་པའི་ཚོགས་བཅར་བ་ཆུང་ཚེ་རིང་ལགས་སུ་བཅར་འདྲི་ཞུས།

13466461_1748726285406605_1153816364199643025_n

དྲི་བ།  ཟླ་འདིའི་ཚེས་ ༡༩ ཉིན་ནས་བཟུང་། ནོར་ཝེ་རྒྱལ་ས་བྷར་གྷན་ (Bergen) གྲོང་ཁྱེར་དུ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༤ པ་ཚོགས་ཡོད་པ་རེད། ཐེངས་འདིའི་ཉིན་གྲངས་ ༥ རིང་གི་ཚོགས་ཆེན་གོ་སྒྲིག་གནང་སྟངས་དང་ལས་རིམ་བསྒྲིགས་སྟངས་རོབ་ཙམ་ངོ་སྤྲོད་གནང་རོགས།

ལན། ཚོགས་འདུ་འདི་ནོར་ཝེ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་བྷར་གྷན་ཞེས་པ་དེར་བསྐོང་འཚོགས་བྱས་འདུག གྲོང་ཁྱེར་འདི་རིས་བསྐོར་ཡོད་པ་དང་། ཆགས་སྟངས་རྒྱ་གར་གྱི་མཚོ་པདྨ་དང་འདྲ་བོ་འདུག ཚོགས་འདུར་རྩོམ་ཤོག་སྙན་སྒྲོན་གནང་མཁན་གྱི་ཐོ་གཞུང་ནང་མཁས་དབང་དང་ཉམས་ཞིབ་པ་ ༤༥༠ ཙམ་ཡོད་སྐོར་འཁོད་འདུག་ཀྱང་། འགའ་ཞིག་ཕེབས་མ་ཐུབ་པའི་དབང་གིས་རྩོམ་ཤོག་སྙན་སྒྲོན་གནང་མཁན་རང་ཕལ་ཆེར་ ༤༠༠ ཙམ་མེད་དམ་སྙམ།

ཚོགས་འདུ་ཉིན་དང་པོའི་མཛད་སྒོའི་སྐབས་སུ། ནོར་ཝེ་གཞུང་དང་མི་མང་གིས་བོད་མིར་དགའ་ཞེན་དང་རོགས་སྐྱོར་གནང་བ་སྤྱི་དང་། ལྷག་པར་དུ་ད་རེས་ཚོགས་འདུ་གོ་སྒྲིག་གནང་མཁན་བྷར་གྷན་གཙུག་ལག་སློབ་ཆེན་དང་། ཨོ་སོ་ལོ་གཙུག་ལག་སློབ་ཆེན་གཉིས་ཀྱིས་ལོ་རབས་བདུན་ཅུ་བརྒྱད་ཅུ་ནས་བཟུང་ད་བར་བོད་ནང་གི་བོད་ཕྲུག་སློབ་སྦྱོང་ལ་བླངས་ཏེ། ཁྱོན་བསྡོམས་བོད་མི་ ༡༠༠ ཙམ་ལ་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་དང་སློབ་ཡོན་གནང་ཡོད་པ། སློབ་ཕྲུག་དེ་དག་ཁོངས་ནས་ ༡༡ གིས་འབུམ་རམ་པའི་སློབ་གཉེར་གནང་བ་དང་། དེ་ཚོ་ཚང་མ་བོད་རང་ལ་ལོག་ནས་ཞབས་འདེགས་གནང་གི་ཡོད་པ་གསུངས་སོང་། དེ་ང་ལ་མཚོན་ན་སེམས་ཚོར་ཆེན་པོ་བྱུང་།

རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་གཙོ་ཚེ་རིང་ཤཱཀྱ་ལགས་ཀྱིས་དབུ་འབྱེད་མཛད་སྒོར་གནད་ལ་ཕིག་པའི་གསུང་བཤད་གནང་སོང་། ཁོང་གིས་ད་རེས་ཀྱི་ཚོགས་ཆེན་འདི་ནི་ནོར་ཝེ་ལ་ཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གཉིས་པ་ཡིན་པ་དང་། དེ་སྐབས་བོད་ནང་ནས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཕེབས་ཡོད། དེ་ལ་བརྟེན་ནས་བོད་ནང་དང་འདི་གའི་སློབ་ཆེན་འབྲེལ་བ་ཟབ་མོ་ཚུགས་ཏེ་བོད་རང་སྐྱོང་ལྗོངས་ནས་བོད་ཕྲུག་མང་པོ་སློབ་སྦྱོང་དུ་ལེན་ཐུབ་ཡོད། དེ་བཞིན་ནོར་ཝེ་ཡི་ངོས་ནས་བོད་ཀྱི་རིག་གཞུང་ཞིབ་འཇུག་ཐད་ལེགས་སྐྱེས་ཕུལ་ཡོད་པས་དེ་ལ་ཐུགས་རྗེ་ཆེ་ཞུས་སོང་།

དེ་བཞིན་ཁོང་གིས་དེང་སང་རྒྱལ་སྤྱིའི་ནང་བོད་ཀྱི་རིག་གཞུང་ལོ་རྒྱུས་དང་འབྲེལ་བའི་དོན་གནད་ཀུན་ལ་ཞིབ་འཇུག་བྱེད་མཁན་ཧ་ཅང་མང་དུ་སོང་ཡོད་པ་མ་ཟད། ཞིབ་འཇུག་གི་སྤུས་ཚད་ཀྱང་མཐོ་རུ་སོང་ཡོད། དེས་བོད་ཙམ་མ་ཟད་མིའི་རིགས་སྤྱི་ལ་ཕན་ཐོགས་བསྐྲུན་བཞིན་ཡོད་ལུགས་དང་། འོན་ཀྱང་ཉེ་ཆར་ཁོ་ཧྥན་ཧེ་གྷན་གཙུག་ལག་སློབ་ཆེན་དང་། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་ཆེན་གཉིས་ཀྱི་ནང་ཡོད་པའི་བོད་རིག་པའི་སྡེ་ཁག་གི་འགན་འཛིན་ལས་གནས་མེད་པ་བཟོས་པར་བློ་ཕམ་ཡོད་གསུངས་སོང་། ཁོང་གིས་ད་དུང་བོད་རིག་པའི་ཞིབ་འཇུག་གི་ལས་དོན་ནི་སྲིད་དོན་དང་གུ་དོགས་མི་རིགས་རིང་ལུགས་ཀྱི་ཚོར་བ། དེ་བཞིན་ཆོས་ལུགས་རང་ཆེའི་བསམ་པས་མ་སླད་པར་བློ་གཟུ་བོར་གནས་པ་དང་ཚན་རིག་དང་མཐུན་པ། ཕྱོགས་ལྷུང་བྲལ་བ་དགོས་སྐོར་གསུངས་སོང་།

གནད་འགག་ཅིག་ལ་ཁོང་གི་གསུང་བཤད་ནང་། བོད་རིག་པའི་ཞིབ་འཇུག་པ་ཚོར་བོད་ཁུལ་དུ་རང་དབང་ངང་བསྐྱོད་ནས་རང་རང་གི་ཞིབ་འཇུག་བྱེད་བཞིན་པའི་དོན་གནད་ཐད་རྟོག་ཞིབ་ཀྱི་རང་དབང་དགོས་པ་དང་། དེ་བཞིན་ཞིབ་འཇུག་པ་ཚོ་མཉམ་དུ་འཛོམས་ནས་བགྲོ་གླེང་གིས་བསམ་ཚུལ་སྤེལ་རེས་བྱ་དགོས་ཀྱང་། དེ་ལ་དེང་སང་བཀག་རྒྱ་མང་པོ་ཐེབས་བཞིན་འདུག་ཅེས་གསུངས་སོང་།

དྲི་བ། ཐེངས་འདིའི་ཚོགས་ཆེན་སྟེང་བོད་ཕྱི་ནང་གཉིས་ནས་ཚོགས་ཞུགས་པ་སུ་དང་སུ་བཅར་ཡོད་པ་དང་། དེ་དག་གིས་ཚོགས་ཆེན་སྟེང་སྒྲོགས་སྦྱང་གནང་བར་བསྣམས་ཕེབས་པའི་དཔྱད་རྩོམ་གྱི་བརྗོད་གཞི་གང་དག་རེད་འདུག

ལན། གོང་དུ་ཞུས་པ་བཞིན་ཚོགས་བཅར་བ་ ༤༠༠ ལྷག་གི་ནང་དུ། རྒྱལ་སྤྱིའི་ནང་སྐད་གྲགས་ཡོད་པའི་མཁས་དབང་དེ་འདྲ་འདུག་ལ། དེ་སྔོན་རྩ་བ་ནས་གོ་མྱོང་མེད་པའི་གསར་པ་དེ་འདྲ་ཡང་འདུག བོད་ནང་ནས་མཁས་དབང་རྒྱལ་མོ་འབྲུག་པ་དང་། སྐ་བ་ཤེས་རབ་བཟང་པོ་སོགས་མི་ ༣༠ ལྷག་ཕེབས་འདུག  རྒྱ་གར་ནས་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་དང་། དགེ་བཤེས་བློ་བཟང་སྨོན་ལམ། བེ་རི་འཇིགས་མེད་དབང་རྒྱལ་སོགས་ཕེབས་འདུག ད་རེས་ཚོགས་བཅར་བའི་ནང་བོད་ཕྱི་ནང་གཉིས་ཀ་ནས་གཞོན་སྐྱེས་ཞིབ་འཇུག་པ་མང་པོ་ཕེབས་འདུག

དྲི་བ། སྐུ་ཉིད་དེ་སྔ་ཚོགས་ཆེན་རིམ་པ་ཁ་ཤས་སྟེང་ཞུགས་ཡིན་བསམ་སོང་། དེ་མ་ཡིན་པའི་ནམ་རྒྱུན་འདི་རིགས་ལ་ཐུགས་སྣང་གནང་མཁན་གྲས་རེད། སྤྱི་ཡོངས་ནས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་འགྱུར་བ་ཟེར་ན་འདྲ། ཐེངས་འདིར་སྔོན་མ་དག་དང་མ་འདྲ་བའི་ཆ་གང་དག་མཐོང་སོང་།

ལན། འགྱུར་བ་མངོན་གསལ་དོད་ཤོས་དེ། བོད་ཕྱི་ནང་གཉིས་ཀ་ནས་ཕེབས་མཁན་གསར་པ་ཚོའི་སྤུས་ཚད་སྐྱོ་རུ་འགྲོ་ཡི་འདུག་དྲན་སོང་། སྔོན་མ་ཡིན་ན་ཚོགས་ཆེན་འདི་འདྲར་ཐོག་མར་ཕེབས་དུས། ཉམས་ཞིབ་ཀྱི་རྩོམ་ཤོག་ཁྱད་དུ་འཕགས་པ་དེ་འདྲ་བསྣམས་ཕེབས་ཀྱི་རེད། ཐེངས་འདིར་མཚོན་ན་བོད་མི་མང་པོ་ཞིག་གི་རྩོམ་ཤོག་གི་ནང་དོན་རྙིང་པ་རེད། ལྷག་པར་དུ་དབྱིན་ཡིག་སོགས་ནང་དཔྱད་གླེང་ཞིབ་རྒྱས་ཟིན་ཏེ་མཐའ་སྡོམ་བཞག་ཟིན་པ་དེ་འདྲ་མ་མཁྱེན་པར། གསར་པ་གསར་རྐྱང་ཡིན་རློམ་གྱིས་བསྣམས་ཕེབས་ཀྱི་འདུག རྩོམ་ཤོག་མང་པོ་ཞིག་བསམ་ཚུལ་ཙམ་ལས་ཞིབ་འཇུག་གི་རྩོམ་ཤོག་རེད་མི་འདུག གཉིས་པ་དེ། ཕྱི་གླིང་ཚོགས་བཙར་བ་ཚོའི་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཆེ་རུ་དང་ཞིབ་ཚགས་ཏུ་འགྲོ་གི་འདུག གསུམ་པ་དེ་བོད་ནང་ནས་ཕེབས་མཁན་ཁོངས་ནས་དེང་སང་དབྱིན་སྐད་ཤེས་མཁན་མང་དུ་འགྲོ་གི་འདུག བཙན་བྱོལ་ནས་ཕེབས་མཁན་ཚོའི་ཁོངས་སུ་དབྱིན་སྐད་མི་ཤེས་མཁན་ནམ་ཡག་པོ་མི་ཤེས་མཁན་མང་དུ་འགྲོ་གི་འདུག དེ་གནད་འགག་མ་རེད་དེ་འགྱུར་བ་རེད།

དྲི་བ།  རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་འདི་བོད་ཕྱི་ནང་གཉིས་ཀྱི་མཁས་པ་གདན་འཛོམ་སའི་སྡིངས་ཆ་གལ་ཆེན་ཞིག་རེད། ཚོགས་འདུའི་དུས་ཡུན་རིང་རིང་བོད་ཕྱི་ནང་གཉིས་ཀྱི་ཚོགས་བཅར་བ་ཚོའི་བར་བཀའ་མོལ་ལྷུག་པོ་ཡོང་ཐུབ་ཀྱི་འདུག་གམ།

ལན། སྤྱིར་བཏང་དེང་སང་དྲ་རྒྱའི་དུས་ཚོད་ཡིན་སྟབས། གནས་ཚུལ་མང་པོ་ཞིག་བཤད་མ་བཤད་དང་། ངོས་ལེན་བྱས་མ་བྱས་ཙམ་རེད་མ་གཏོགས་གནས་ཚུལ་རྣམས་སྤྱིར་བཏང་ཕར་ཚུར་གོ་ཐོས་ཡོད་རེད། དེ་བཞིན་དུ་དེང་སང་དབུས་གཙང་གི་མི་མང་པོས་ཁམས་སྐད་དང་ཨམ་སྐད་གོ་ཐུབ་པ་དང་། ཁམས་དང་ཨ་མདོའི་མི་མང་པོས་ཀྱང་དབུས་གཙང་གི་སྐད་གོ་ཐུབ་ཀྱི་འདུག དེར་བརྟེན་སྤྱིར་བཏང་བཤད་ན་ང་ཚོ་ཕན་ཚུན་ཐུག་སྟེ་བསམ་ཚུལ་བརྗེ་རེས་བྱ་རྒྱུར་དཀའ་ངལ་མི་འདུག ཐ་ན་ད་རེས་ང་ཚོས་ཚོགས་འདུ་རང་གི་ནང་དུ་སྲིད་དོན་གྱི་གནད་འགག་དཔེར་ན། ༸གོང་ས་ལྔ་པ་ཆེན་པོས་མཛད་འགན་བཞེས་སྐབས་ཆོས་སྲིད་སྐུ་དབང་གང་འདྲ་ཡོད་མེད་ཐད་རྩོད་གླེང་རྒྱུན་རིང་བྱས་པ་ཡིན། ཡིན་ན་ཡང་བགྲོ་གླེང་གི་ཁོར་ཡུག་དེ་ཕན་ཚུན་གུས་ཞབས་དང་བརྩི་བཀུར་བྱེད་པའི་ཁོར་ཡུག་རང་ལ་གནས་ཐུབ་པ་བྱུང་སོང་།

དྲི་བ། བོད་ཕྱི་ཕྱོགས་ནས་ཕེབས་པའི་ཤེས་ཡོན་པ་དང་། བོད་ནང་ནས་ཕེབས་པའི་ཤེས་ཡོན་པ་གཉིས་བར། དགོངས་པ་བཞེས་ཕྱོགས་དང་ཀུན་སྤྱོད་འཁྱེར་སྟངས་ཐད་མ་འདྲ་བའི་ཆ་གཙོ་བ་གང་དག་མཐོང་སོང་བ་དང་། དེའི་ཡོང་རྐྱེན་གང་ལ་ངོས་འཛིན་གནང་གི་ཡོད།

ལན། དེ་ལ་ངས་དོ་སྣང་དེ་ཙམ་བྱས་མེད། སྤྱིར་བཏང་དེའི་སྐོར་བཤད་བདེ་པོ་ཡང་མི་འདུག ང་རང་གིས་མ་དགའ་ཤོས་ཤིག་ནི། བཙན་བྱོལ་གྱི་ཚོགས་བཅར་བ་གསར་པ་ཁ་ཤས་ཀྱིས་མཁས་པ་གྲགས་ཅན་ཚོའི་མཉམ་དུ་པར་གཅིག་བླངས་ཏེ། ཉམས་དང་བཅས་ཏེ་སྤྱི་ཚོགས་དྲ་ལམ་དུ་འགྲེམས་ཤག་ཤག་བྱེད་པ་ལས་དེ་མིན་གྱི་ཁུར་མི་ལེན་པ་དེ་རེད། དེ་རིགས་མང་པོ་ཞིག་གིས་དངོས་ཡོད་བགྲོ་གླེང་ནང་ཁུར་མི་ལེན་པ་དང་། བར་གསེང་གི་དུས་ཚོད་སོགས་སུ་མི་དང་མི་ཐུག་ནས་ངོ་ཤེས་བཟོ་གི་མི་འདུག ཚོགས་འདུ་རང་གི་ནང་དུ་གཏམ་བཤད་སྐར་མ་ ༢༠ ལས་བྱེད་ས་ཡོད་མ་རེད། དེར་བརྟེན་གོ་སྐབས་ཡག་ཤོས་དེ་སྔ་དགོང་གི་དུས་ཚོད་དང་བར་གསེང་གི་སྐབས་སུ་རེད།  དེ་ཚོར་ཐུགས་སྣང་གནང་དགོས་འདུག་སྙམ།

དྲི་བ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་འདི་སྐད་གྲགས་ཆེན་པོ་རེད། ཡིན་ནའང་ཚོགས་ཐོག་ཏུ་དཔྱད་རྩོམ་སྒྲོགས་སྦྱང་དང་བསམ་བློ་བརྗེ་རེས་ཙམ་ལས། གཞན། ལས་དོན་ཆེད་གྲོས་ཆོད་འཇོག་པ་ལྟ་བུ་དང་། བོད་ཡིག་ནང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྟེང་གི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ཕྲེང་འདོན་པ་ལྟ་བུའི་རིགས་ད་སྔ་མཐོང་ཐོས་མ་བྱུང་། འདིའི་སྐོར་ལ་ཁྱེད་རང་ལ་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། དེ་དངོས་ཡོད་རེད། ཚོགས་ཆེན་འདི་བགྲོ་གླེང་གི་ལྡིངས་ཆ་ཧ་ཅང་ཆེན་པོ་ཞིག་རེད། འདིའི་ནང་གླེང་སློང་བྱུང་བའི་རྩོམ་ཤོག་ ༤༠༠ སྐོར་ཡོང་གི་ཡོད་པ་དེ་ཚོགས་སྡེ་གཅིག་གིས་ཆ་ཚང་པར་སྐྲུན་བྱ་དགོས་ན་དཀའ་ལས་ཀྱང་རེད། འོན་ཀྱང་རྩོམ་སྤུས་ལེགས་དེ་ཚོ་གང་ལྟར་གཅིག་ནས་པར་སྐྲུན་བྱས་ཡོང་གི་འདུག བོད་རིག་པའི་དྲྭ་རྒྱའི་སྒང་ལའང་རྩོམ་ཤོག་དེ་ཚོའི་ཁོངས་ནས་ལེགས་གྲས་ཁ་ཤས་སྤེལ་ཡོང་གི་འདུག  སྤྱིར་བཏང་བོད་ཡིག་གི་རྩོམ་ཤོག་དེ་ཚོ་བོད་པ་རང་གི་སྡེ་ཚན་ཞིག་ནས་ལོགས་སུ་པར་སྐྲུན་ཐུབ་ན་ཡག་པོ་ཡོང་ས་རེད།

དྲི་བ། ཐེངས་འདིའི་ཚོགས་ཆེན་སྟེང་དཔྱད་རྩོམ་བསྣམས་ཕེབས་པ་དག་ལས། ཁྱེད་རང་གིས་གང་དག་གལ་ཆེན་པོར་མཐོང་གི་ཡོད་པ་དང་། དེ་དག་གི་ནང་དོན་གཙོ་བོ་རོབ་ཙམ་འགྲེལ་བཤད་གནང་རོགས།

ལན། ངས་གལ་ཆེན་དུ་མཐོང་བ་ཁ་ཤས་ནི་ཀུན་ཕན་ཐེབས་རྩས་གོ་སྒྲིག་གནང་སྟེ། སྔོན་འགྲོའི་སློབ་གྲྭའི་ཤེས་ཡོན་ཐོག་དམིགས་སུ་བཀར་ཏེ་བགྲོ་གླེང་ཞིབ་རྒྱས་ཤིག་གནང་སོང་། དེའི་ནང་དངོས་གནས་སྔོན་འགྲོའི་སློབ་གྲྭའི་ལམ་ལུགས་དང་། བྱིས་པའི་ཀློག་དེབ། དཀའ་གནད་ཁག་གི་སྐོར་ལ་གླེང་སློང་ཡག་པོ་བྱུང་སོང་། དགའ་པོ་བྱུང་ས་གཅིག་དེ་ཡིན།

གཉིས་པ་དེ། སྐུ་ཞབས་བློ་བཟང་སྨོན་ལམ་གྱིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ད་བར་གྱི་ལས་དོན་དང་། འབྱུང་འགྱུར་གྱི་ལས་གཞིའི་སྐོར་དམིགས་བཀར་གསུང་བཤད་གནང་བ་དང་། དེ་བཞིན་བོད་ནང་གི་བོད་མི་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཀྱང་བཀའ་འགྱུར་དང་བསྟུན་འགྱུར་དཔེ་བསྡུར་མ་རིང་མིན་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་གྱི་ཡིག་གཟུགས་སུ་བསྒྱུར་ཏེ་འགྲེམས་སྤེལ་གནང་རྒྱུ་ཡིན་པའི་ལས་འཆར་སྙན་སྒྲོན་གནང་བ་དེར་དགའ་བ་དང་སྤོབས་པ་གཉིས་ཀ་བྱུང་།

གསུམ་པ་དེ་ལ། ཕྱི་རྒྱལ་གྱི་མཁྱེན་ལྡན་པ་སྐུ་ཞབས་ Trine Brox ཞུ་བས་ཌན་མག་རྒྱལ་སྲས་ཕི་ཊར་གྱིས་ཀ་སྦུག་ཁུལ་དུ་ཕེབས་ཏེ་ ༡༩༥༠ ང་གྲངས་ནང་བོད་ཀྱི་རིག་གཞུང་སློབ་སྦྱོང་དང་སྲུང་སྐྱོབས་ཀྱི་དོན་དུ་ཕྱག་ལས་གནང་བའི་སྐོར་གསུངས་པ་དེ་དང་། མཁྱེན་ལྡན་Benjamin Hillman ཞུ་བས་བོད་ནང་གི་ས་ཁུལ་ཁག་ཏུ་ངོ་རྒོལ་སྐད་འབོད་འབྱུང་ཚད་མང་ཉུང་ཤོར་དོན་ག་རེ་ཡིན་མིན་སྐོར་ཕན་ཚུན་གཤིབས་བསྡུར་བྱས་ཏེ་གསུངས་པ་དེ་ཡིད་འཕྲོག་པོ་བྱུང་།

དེ་མིན་བོད་ནང་གི་མཁས་པ་སྐ་བ་ཤེས་རབ་བཟང་པོས་གསར་བརྙེད་དཔེ་ཆ་རྙིང་པ་ཁག་གི་དཔེ་གཟུགས་མི་འདྲ་བ་གང་འདྲ་ཡོད་མེད་སྐོར་གསུངས་པ་དང་། ཨ་རི་ནས་ཕེབས་པ་དགེ་འདུན་རབ་གསལ་ལགས་ཀྱིས་བོད་སྐད་སྨྲ་བའི་རྒྱ་གར་བ་ཞེས་རྒྱ་གར་གྱི་ལོ་ཙཱ་བ་བྱེ་བྲག་ཁ་ཤས་ཀྱི་སྐོར་ལ་དཔྱད་ཞིབ་ཁུངས་དག་གནང་བ། རྒྱ་གར་ནས་ཕེབས་པ་རེ་མདོ་སེངྒེ་ལགས་ཀྱིས་མཛོད་དགེ་ཉི་མས་བོད་ནང་ཐབས་མཁས་པོས་སློབ་གྲྭ་འཛུགས་གཉེར་གནང་བའི་སྐོར་འདྲ་པར་སྣ་མང་དང་བཅས་གསལ་པོ་གསུངས་པ་དེ་ཚོ་ཧ་ཅང་ཡག་པོ་འདུག

དྲི་བ། བོད་རིག་པའི་ཚོགས་ཆེན་རིམ་པའི་སྟེང་། ཚོགས་བཅར་བ་བརྒྱ་ཆ་ ༧༠ ལྷག་ཕྱི་རྒྱལ་མི་རིགས་ཆགས་ཡོད་པ་འདྲ།

ལན། དང་པོ་འདི་རྒྱལ་སྤྱི་ཚོགས་ཆེན་རེད། དེ་ཡིན་དུས་མི་འབོར་བསྡུར་ན་བོད་མི་དང་ཕྱི་མི་གཉིས་ལས་ཕྱི་མི་མང་གི་རེད། གཉིས་ནས་ཚོགས་ཆེན་འདིའི་ནང་བོད་མི་མང་པོ་ཞིག་ཞུགས་འདོད་ཡོད་ཀྱང་ཡིག་ཆའི་དཀའ་ངལ་དབང་གིས་ཞུགས་ཐུབ་ཀྱི་ཡོད་པ་མ་རེད། གསུམ་ནས་བགྲོ་གླེང་གི་སྐད་ཡིག་ཁོངས་སུ་བོད་སྐད་མ་ཡིན་པ་དབྱིན་སྐད་སོགས་སྐད་ཡིག་གཞན་ཡོད་རེད། དེ་འདྲའི་དབང་གིས་ཕྱི་རྒྱལ་མི་རིགས་མང་བ་ཆགས་ཀྱི་ཡོད་རེད།

དྲི་བ། གོ་ཐོས་སུ་ཐེངས་འདིར་བོད་ཕྱི་ནང་གཉིས་ནས་ཤེས་ལྡན་པ་མང་པོ་ཞིག་ལ་ཕྱི་སྐྱོད་ཡིག་ཆ་མ་རེག་པའི་སྐད་ཆ་འདུག དེའི་རྒྱུ་རྐྱེན་གང་ལ་ངོས་འཛིན་གནང་གི་ཡོད།

ལན། བོད་ནང་གི་མཁས་པ་དང་ཞིབ་འཇུག་པ་མང་པོ་ཞིག་ལ་རྒྱ་གཞུང་གིས་ཕྱི་སྐྱོད་ལག་དེབ་མ་སྤྲད་ཙང་ཕེབས་མ་ཐུབ་པ་དེ་གཙོ་བོ་རྒྱ་གཞུང་གིས་བོད་མིར་དམ་དྲག་གི་སྲིད་བྱུས་འཛིན་བཞིན་པ་ལས་བྱུང་བ་ཡིན་སྲིད་པ་རེད། བཙན་བྱོལ་ནང་གི་ཉམས་ཞིབ་པ་ཁག་ཅིག་ལ་ཐོངས་མཆན་ཝི་ས་མ་རག་པའམ་དུས་ཐོག་མ་རག་པ་དེ་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ལས་དམིགས་བསལ་གང་ཡང་མ་རེད། དགོས་མཁོའི་ཡིག་ཆ་མ་ཚང་བ་སོགས་ཀྱི་གནས་ཚུལ་བྱུང་ཚེ་ཐོངས་མཆན་གནང་གི་མེད་པ་དེ་རྒྱུན་ལྡན་རང་རེད།

དྲི་བ། ཐེངས་རྗེས་མའི་ཚོགས་ཆེན་གང་དུ་འཚོགས་གཏན་འཁེལ་ཡོད།

ལན། ཐེངས་རྗེས་མའི་ཚོགས་ཆེན་གྱི་མགྲོན་བདག་གནང་འདོད་ཡོད་མཁན་ཧྥ་རན་སི་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་འདུག གཉིས་ཀས་རང་རང་གི་དགེ་མཚན་གླེང་སྟེ་ཚོགས་ཆེན་གོ་སྒྲིག་གི་གོ་སྐབས་གནང་རོགས་གསུངས་སོང་། ད་ལྟ་དེ་གཉིས་ལས་གང་དུ་འཚོགས་མིན་ཐ་མའི་ཐག་གཅོད་བྱུང་མེད། མ་འོངས་རིམ་པས་གཏན་འཁེལ་ཡོང་གི་རེད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༡ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༢ སྔོན་ལ།

མཆན། 11

  1. བསམ་ནོར says:
    ལོ་ 9 སྔོན།

    ཕྱི་གླིང་ཡོད་པའི་བོད་པའི་རྩོམ་པ་པོ་དང་། ལོ་ཙ་བ་དང་། མཁས་དབང་རྣམས་པ་རང་དོན་ཁོ་ནའི་དོན་དུ་བྱས་བྱེད་བཞིན་པ་གསལ་པོ་རེད་འདུག་གོ

    Reply
  2. ཤར་མདའ། says:
    ལོ་ 9 སྔོན།

    བོད་རིག་པ་བ་ཞིག་ཡིན་ན་བོད་ཡིག་ཤེས་མི་དགོས་པ་དང་བོད་རིག་པ་བ་ཞིག་ལ་ཡིན་ན་སྐད་གཉིས་པ་དང་གསུམ་པ་མཁྱེན་མི་དགོས་པ་མ་རེད་ཡིན་ན་ཡང་གོང་ནས་གསུང་ལྟར་བོད་མིག་པའི་མཁས་དབང་ཞིག་ཡིན་ན་ངེས་པར་རང་མི་རིགས་ཀྱི་སྐད་དང་ཡིག་གེ་ལ་བྱང་ཆ་ཡོད་པར་མ་ཟད་སྐད་ཡིག་གཉིས་པ་དང་གསུམ་པའི་དེའི་ཐོག་ཁ་སྣོད་བྱེད་ཐུབ་པ་ཞིག་དགོས་པ་གལ་ཅེན་རེད་ཅེས་བརྗོད་འདོད་བྱུང་མ་ཟད་བོད་ཕྱི་ལ་ན་ཡོད་མཁན་ཚོས་ངེས་པར་དབྱིན་ཡིག་ཐོག་འབད་བརྩོན་གནང་དགོས་པ་རེད་འུ་ཅག་ཕྱི་ཕྱོགས་ན་ཡོད་མཁན་ཚོ་ལ་གོ་སྐབས་ཧ་ཀྱང་ཡག་པོ་འདུག་དེ་འདྲ་སོང་ཙང་ངེས་པར་སྐད་ཡགི་གཉིས་གསུམ་ཤེས་མཁཉ་ཞིག་བཟོ་དགོས་པ་གལ་ཆེན་རེད་དྲན་ནས་ཡོད།

    Reply
  3. ཙོང་ཁ་སྐལ་བཟང་། says:
    ལོ་ 9 སྔོན།

    བོད་ནས་ཡོང་མཁན་དབྱིན་ཇི་ཤེས་མཁན་ཇེ་མང་དང་བཙན་བྱོལ་ནས་་ཡོང་མཁན་དབྱིན་ཇི་མི་ཤེས་མཁན་ཇེ་མང་རེད་ཟེར་བ་དེ་ལ་སྐྱོ་དགོས་པ་ཡོད་པ་མ་རེད། ཐེངས་འདིའི་ཚོགས་ཆེན་དེ་བོད་རིག་པའི་ཚོགས་ཆེན་ཡིན་པ་ལས་དབྱིན་ཇི་རིག་པའི་ཚོགས་ཆེན་མ་རེད། བོད་རིག་པ་ཟེར་དུས་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་བོད་ཀྱི་རིག་གཞུང་སྤྱི་ལ་གོ་དགོས་པ་ལས་དབྱིན་ཇི་རིག་པ་ལ་གོ་དགོས་པ་མ་ཡིན་པའི་ཕྱིར། དེ་བས་ན་གཙོ་བོར་རང་གི་སྐད་ཡིག་དང་རིག་གཞུང་ལ་བྱང་ཆ་ལྡན་དགོས། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ད་ལྟའི་བར་དུ་ཐེངས་༡༤ ཚོགས་ཡོད། ཡིན་ཡང་ང་ཚོས་ད་ལྟའི་བར་དུ་བོད་རིག་པའི་ཚོགས་པས་ཕྱོགས་སྒྲིག་བྱས་པའི་དཔྱད་རྩོམ་དེབ་གཅིག་ཀྱང་མཐོང་མྱོང་མེད། དཔྱད་རྩོམ་ཚད་ལྡན་དེ་འདྲ་ཏན་ཏན་ཡོད་ངེས་རེད། དེབ་དེ་རིགས་པར་སྐྲུན་མ་བྱས་པ་དེ་ཧ་ཅང་རྗེས་ལུས་རེད།

    Reply
  4. ཕུན་ཚོགས། says:
    ལོ་ 9 སྔོན།

    ཚོགས་འདུ་ཐེངས་སྔོན་མ་ཁག་གི་སྐབས་སུ་སྐབས་འཚོལ་བ་མང་པོ་ཞིག་ཕྱིར་ལོག་ཡོད་པ་མ་རེད། ད་རེས་ཀྱང་ཁ་ཤས་ཤིག་བོར་རྒྱུ་ཡིན་པ་གཏན་འཁེལ་རེད།

    Reply
  5. རིག་གྲོལ། says:
    ལོ་ 9 སྔོན།

    ང་བོད་ཀྱི་དུས་བབ་ཚང་གི་བཅར་འདྲི་ཁག་ལ་ཧ་ཅང་དགའ་བོ་ཡོད། དུས་རྒྱུན་བོད་ཀྱི་དུས་བབ་ཚང་གི་བཅར་འདྲི་དང་གསར་འགྱུར་རྒྱས་བཤད་ཁག་ལ་རེ་ལྟོས་བྱས་ཏེ་སྡོད་མཁན་ཞིག་ཡིན།

    Reply
  6. ཤར་མདའ། says:
    ལོ་ 9 སྔོན།

    འདི་གོང་ནས་དྲ་གྲོགས་རྣམ་པ་ཁ་ཤས་ཀྱིས་བསམ་ཚུལ་བརྗོད་པ་དགའ་བོ་བྱུང་ཡིན་ན་ཡང་སྔོན་མ་ལས་རྩོམ་པ་པོ་དང་ཚོགས་མིའི་སྤུས་ཚད་སྐྱོ་རུ་འགྲོ་གི་འདུག་ཟེར་བ་འདི་ལ་དག་དག་གནད་དོན་འགའ་ཤས་འདུག་བསམ་ཡོད། གང་ཡིན་ཟེར་ན་སྦྱིར་མང་པོ་ཞིག་མཉམ་བཞུགས་བྱས་ཙང་སྐྱོང་བོ་འདྲ་ཟེར་ན་གང་ལྟར་ཚང་བཀག་མེད་དུས་དེ་འདྲ་ཡིན་སྲིད་པ་ཞིག་རེད་འོན་ཀྱང་རང་ཉིད་ཀྱི་དཔྱད་བརྗོད་རྩོམ་ཡིག་རང་མགོ་ཐོན་པ་ཞིག་བྲིས་ཡོད་ན་རང་ཉིད་ཀྱིས་བསམ་ཚུལ་ཡིན་དུས་དེ་ཚང་མ་ལྟ་སྟངས་གཅིག་པ་ཡིན་པས་ངེས་པ་མིན་འདུག་དེ་འདྲ་སོང་ཙང་ཡིན་སྲིད་པ་ཞིག་རེད་དྲན་ཡོད། གང་ལྟར་བོད་རིགས་པའི་མཁས་དབང་ལྔ་བརྒྱ་འདྲ་ཞིག་འཛོམས་ཡོད་པར་བརྗོད་པ་འདི་དགའ་འོས་པ་ཞིག་རེད་འདོད་ཡོད།

    Reply
  7. བློ་དཀར། says:
    ལོ་ 9 སྔོན།

    མཁས་དབང་ཚོ་དང་མཉམ་དུ་པར་རེ་བརྒྱབ་སྟེ་སོ་སོ་ཁྱབ་བསྒྲགས་བྱེད་ཐབས་བྱེད་ཀྱིན་འདུག་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད། ད་རེས་ཚེས་བཅུ་དགུ་ཉིན་ཚོགས་འདུ་མགོ་བཙུགས་མ་ཐག་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་དེ་བྱུང་དང་འབྱུང་བཞིན་འདུག་པ་དང་། ་དེ་རིང་ཚོགས་འདུ་གྲོལ་རྗེས་ངོ་དེབ་དང་སྐད་འཕྲིན་སོགས་སུ་འགན་འཁུར་མེད་པའི་གནས་ཚུལ་དེ་བསྟུད་ནས་ཡོང་གི་འདུག་གོ།།

    Reply
  8. Lobsangphuntsok says:
    ལོ་ 9 སྔོན།

    མཁས་དབང་གཉིས་ཀྱི་དྲི་བ་དྲིས་ལན་ལ་ཐུགས་རྗེ་ཆེ། རྒྱལ་སྤྱིའི་བོད་རིག་པའི་སྤུས་ཚད་སྐྱོ་རུ་འགྲོ་བཞིན་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། ང་རང་ཚོགས་ཆེན་འདིའི་སྟེང་ལ་ཐེངས་གཉིས་ཙམ་ལ་ཞུགས་མྱོང་ཡོད། ད་ལོར་ཞུགས་ཐུབ་མ་སོང་མོད་2013་ལོར་སོག་ཡུལ་དུ་ཚོགས་སྐབས་སོ་སོར་ཡང་ཚོར་བ་དེ་ཤུགས་ཆེན་པོ་བྱུང་སོང་། ཚོགས་ཞུགས་པ་ཁ་ཤས་ཀྱིས་དབྱིན་སྐད་མཁྱེན་མཁན་ཕར་ཞོག་ཚོགས་ཆེན་སྟེང་སྙན་སྒྲོན་ཞུ་རྒྱུའི་དཔྱད་རྩོམ་ཡང་ངོ་སྤྲོད་ཙམ་ལས་བྲིས་མེད་པ་དེ་འདྲ་འདུག ཐོག་མ་གོ་སྒྲིག་པར་ཞུ་སྙན་ཕུལ་སྐད་མགོ་སྐོར་འདྲ་བོ་གཏོང་ཐབས་སུ་རྫིག་པོ་ཞིག་ཞུས་རྗེས་ཚོགས་ཞུགས་ཀྱི་གོ་སྐབས་རེག་ཡོང་སྐབས། ཚོགས་འདུར་བཅར་བའི་གོ་སྐབས་ཐོབ་ཐབས་ཙམ་ལས་དོ་བདག་ལ་ཞིབ་འཇུག་གི་དཔྱད་ཐབས་དང་ཤེས་ཡོན་གནས་ཚད་ཕར་ཞོགས། གཞི་རིམ་གྱི་བོད་ཡིག་གི་གནས་ཚད་དང་དཔེ་ལྐོག་སོགས་ཀྱི་གནས་ཚད་ཀྱང་ཞན་པོ་ཡིན་པ་རེ་གཉིས་ཡོད་པ་ཚོར་སོང་།

    Reply
  9. བློ་དར། says:
    ལོ་ 9 སྔོན།

    རྣམ་པ་གཉིས་ཀྱི་དྲི་བ་དྲིས་ལན་ཧ་ཅང་ཡག་པོ་གནང་འདུག དོན་དངོས་དང་མཐུན་པ་རྩ་ཆེན་པོ་ཞེ་དྲག་རེད་འདུག “བོད་ཕྱི་ནང་གཉིས་ཀ་ནས་ཕེབས་མཁན་གསར་པ་ཚོའི་སྤུས་ཚད་སྐྱོ་རུ་འགྲོ་ཡི་འདུག” / “བོད་ནས་ཕེབས་མཁན་ཁོངས་དབྱིན་སྐད་ཤེས་མཁན་ཇེ་མང་དང་། བཙན་བྱོལ་ནས་ཕེབས་མཁན་ཁོངས་དབྱིན་སྐད་མི་ཤེས་མཁན་ཇེ་མང་རེད།” གསུང་་པ་འདི་གཉིས་ཧ་ཅང་བདེན་པ་རང་རེད།

    Reply
  10. ལྷ་སྒང་ཆོས་གྲགས། says:
    ལོ་ 9 སྔོན།

    བཅར་འདྲའི་ཁ་བྱང་དེ་སྣང་བ་འགྲོ་སོང་། དེ་བདེན་པ་རང་རེད།

    Reply
  11. ཤར་མདའ། says:
    ལོ་ 9 སྔོན།

    དོན་གྲུབ་བཀྲིས་ལགས་དང་ལོ་ཙཱ་བ་ཆུང་ཚེ་རིང་རྣམ་པ་གཉིས་བཀྲིན་ཆེ་གནས་ཚུལ་འདྲ་དྲི་བ་དྲི་ལན་གྱི་ཐོག་ནས་ངོ་སྤྲོད་གནང་པ་གསལ་བོ་ཞིག་འདུག་ཧ་ཀྱང་གནས་ཚུལ་གསལ་བོ་བརྗོད་འདུག་པས་ན་ངས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese