ཁ་སང་རེས་གཟའ་ཉི་མར་རྒྱ་ནག་རྒྱལ་ཡོངས་དྲ་ལམ་དོ་དམ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ་སྤྱི་ཚོགས་གནས་འཕྲིན་བརྒྱུད་ལམ་ཁག་ཏུ་ཁྱབ་བཞིན་པའི་གསར་གནས་རྫུན་མ་དང་དཀྲོག་གཏམ་རིགས་བཀག་སྡོམ་ཞེས་པའི་ལས་འགུལ་ཞིག་ལག་བསྟར་བྱེད་རྒྱུ་ཡིན་ལུགས་བཤད་འདུག
བསྒྲགས་གཏམ་དེའི་ནང་རྒྱལ་ནང་གི་སྤྱི་ཚོགས་བརྒྱུད་ཁག་གིས་གོ་ཐོས་ཙམ་ལ་གཞིགས་ཏེ་གསར་གནས་སྒྲིག་བཟོ་བྱེད་པའམ་འོལ་ཚོད་ཀྱིས་དངོས་ཡོད་གནས་ཚུལ་རྫུན་སྒྲིག་བྱེད་ཀྱིན་པའི་རིགས་འགོག་སྡོམ་བྱེད་དགོས་པ་དང་། རྒྱ་ནག་རྒྱལ་ཡོངས་དྲ་ལམ་དོ་དམ་ཚན་པ་ཁག་གིས་རྒྱལ་ཁབ་ཀྱི་དྲ་ལམ་བདེ་སྲུང་གི་ལས་འགན་ཚགས་ཚུད་བྱས་ཏེ་གསར་གནས་རྫུན་སྒྲིག་དང་དཀྲོག་གཏམ་རིགས་ལ་སྔར་བས་ལྟ་རྟོག་དང་ཞིབ་བཤེར་ནན་མོ་བྱེད་དགོས་ལུགས་སོགས་འཁོད་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་དབང་འཛིན་དཔོན་རིགས་ཚོས་ཕྱིའི་རྒྱལ་ཁབ་ཁག་གི་སྤྱི་ཚོགས་བརྒྱུད་ལམ་གྷོ་གྷལ་དང་ངོ་དེབ་སོགས་ལ་སྟངས་འཛིན་བཀག་སྡོམ་བྱེད་རྒྱུ་ནི། རྒྱལ་ནང་གི་དཀྲོག་གཏམ་དང་འཇིགས་སྐུལ་དྲག་སྤྱོད་གནས་ཚུལ་རིགས་བཀག་སྡོམ་བྱས་ཏེ། གཞུང་དམངས་གཉིས་ཀྱི་བདེ་འཇགས་འགན་སྲུང་བྱ་ཐབས་ཤིག་ཡིན་ལུགས་ བརྗོད་འདུག
གནས་ཚུལ་ལྟར་ན། ཐེངས་འདིའི་དྲ་ལམ་སྟངས་འཛིན་གྱི་ལས་འགུལ་དེ་ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་དབུས་དྲ་ལམ་དོ་དམ་ཁང་གི་གཙོ་འཛིན་ལུ་ཝེ་ (Lu Wei)དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཁེ་ལས་དྲིལ་བསྒྲགས་ཁང་གི་འཛིན་ཞུ་ལེན་ (Xu Lin)གཉིས་ཀྱི་གོ་གནས་བརྗེ་བསྒྱུར་བྱས་པའི་རྗེས་སུ་རྒྱ་ནག་གི་སྤྱི་ཚོགས་གནས་འཕྲིན་དང་བརྒྱུད་ལམ་ (Weibo) དང་ (WeChat)། (Sina.com) དང་ (Ifeng.com)། (Caijing.com.cn) དང་ (Qq.com)། (163.com) སོགས་འགོག་སྡོམ་དང་ཞིབ་བཤེར་ལག་བསྟར་བྱས་པ་ཞིག་ཡིན་ཞིང་། ལུ་ཝེ་ཡི་གོ་གནས་ལེན་དོན་གཙོ་བོ་ཁོ་དང་ཕྱི་རྒྱལ་གྱི་འཕྲུལ་རིགས་ཚོང་གཉེར་ཁང་ཁག་དབར་དམིགས་བསལ་འབྲེལ་ལམ་ཡོད་པའི་དོགས་གཞི་བྱེད་ཀྱིན་ཡོད་འདུག
གཞན། ཨེ་ཕེ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཟླ་སྔོན་མ་ནས་ལུ་ཝེ་ལ་ལྐོག་ཟ་རུལ་སུངས་ཀྱི་དོག་གཞིའི་འོག་ཞིབ་བཤེར་བྱེད་ཀྱིན་ཡོད་པ་དང་། ཞུ་ལེན་ཟེར་བ་དེ་དམར་ཤོག་ཚོགས་པའི་གཙོ་འཛིན་ཞི་ཅིན་ཕིན་གྱི་བློས་ཐུབ་གྲོགས་པོ་ཡིན་ཞིང་། ཞུ་ལེན་གྱི་དྲ་ལམ་འགོག་སྡོམ་དང་ཞིབ་བཤེར་ལས་འགུལ་ལ་བརྟེན་ནས་ཕྱི་རྒྱལ་ཙམ་མ་ཟད་རྒྱ་ནག་སྲིད་གཞུང་ནང་ཁུལ་ལའང་ཞིབ་བཤེར་དོ་དམ་བྱ་འཆར་ཡོད་སྐོར་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།