བཞུགས་སྒར་དྷ་རམ་ས་ལར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་དབུ་འཛུགས་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བཞུགས་སྒར་དྷ་རམ་ས་ལའི་ (Asian Health Resort) ཞེས་པའི་གསོལ་མགྲོན་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༨ པ་དེ་མགོ་འཛུགས་གནང་ཡོད་པ་དང་། ཚོགས་འདུ་དེ་ཁ་སང་ཕྱི་ཚེས་ ༡༥ ཉིན་ནས་དེ་རིང་ཕྱི་ཚེས་ ༡༦ བར་འཚོགས་བཞིན་ཡོད་འདུག
གནས་ཚུལ་ལྟར་ན། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དེ་ནི་སྲིད་སྐྱོང་བློ་བཟང་སང་གེ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བོད་རྒྱལ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༦ པ་དང་། ད་ལོར་སྲིད་སྐྱོང་སྐབས་གཉིས་པར་འོས་འདེམས་བྱུང་རྗེས་ཀྱི་ཚོགས་འདུ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གསར་འཛུགས་ཀྱི་དགོས་དམིགས་གཙོ་བོ་ཞི་བའི་འབྲེལ་མོལ་ལ་བརྟེན་ནས་མུ་མཐུད་བོད་ཀྱི་དཀའ་རྙོག་སེལ་ཐབས་གནང་རྒྱུ་དེ་ཡིན་འདུག
གསར་འགོད་པ། པདྨ་རྒྱལ་གྱིས་བསྡུས།