འདས་མ་ཐག་ལོར་བོད་ཀྱི་དུས་བབ་གསར་ཁང་ཡུ་རོབ་ནང་སྐོར་སྐྱོད་དང་བསྟུན་ཏེ། འདི་གའི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཧྥ་རན་སིའི་ལྷོ་མཐའ་ཊོའུ་ལོའུ་སི་(Toulouse)ཞེས་པ་དེར་བསྐྱོད་དེ། རྩོམ་པ་པོ་སྐུ་ཞབས་ལྗང་བུ་ལགས་དང་ལྷན་དུ། ཁོང་གི་དྲན་ངོས་ཀྱི་དཔལ་དོན་གྲུབ་རྒྱལ་གྱི་སྐོར་དང་། ལྗང་བུ་ཁོང་རང་ཉིད་ཀྱི་སྙན་ངག་གི་འགྱུར་འགྲོས་སོགས་ལ་ཉིན་ཞག་གསུམ་རིང་གླེང་མོལ་བྱས་པའི་དུམ་བུ་གཉིས་པ་སྙན་ངག་སྐོར།
དོན་འགྲུབ་བཀྲ་ཤིས། ཁྱེད་རང་སྔོན་ཆད་ལྷ་ས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ལས་བྱེད་ཀྱི་ཕྱག་ལས་གནང་བ་ཞིག་གོ་སོང་། རྗེས་སུ་ཧྥ་རན་སིར་བསླེབས་ཏེ་ད་བར་ལོ་བཅུ་གསུམ་ལྷག་འགྲོ་བཞིན་ཡོད་པ་རེད། དུས་ཡུན་འདིའི་རིང་ཁྱོད་ཀྱི་མི་ཚེའི་ལྟ་སྟངས་དང་རྩོམ་རིག་སོགས་ལ་འགྱུར་ལྡོག་ག་རེ་ཕྱིན་སོང་།
ལྗང་བུ། ངས་སྤྱི་ཚོགས་ཚན་རིག་ཁང་དུ་ལས་ཀ་བྱས་མྱོང་ཡོད་པ་མ་རེད། ང་དང་པོ་ལྷ་སར་སླེབས་དུས་ ༡༩༨༨ ལོ་རེད། དང་ཐོག་ངས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་གི་ལས་ཀ་ཏོག་ཙམ་བྱས་པ་ཡིན། དེའི་རྗེས་ལ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཟེར་བའི་ནང་སྔ་གཞུག་ཏུ་<<སྤང་རྒྱན་མེ་ཏོག>>དང་། <<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>ཞེས་པའི་དུས་དེབ་གཉིས་ཀྱི་རྩོམ་སྒྲིག་པའི་ལས་ཀ་བྱས་པ་རེད། བར་མཚམས་ཤིག་ལ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཆེད་ལས་རྩོམ་པ་པོའི་མིང་ཞིག་ཀྱང་འཁྱེར་མྱོང་། ལས་ཁུངས་དེའི་ལས་ཀའི་ངོ་བོ་དང་བསྟུན་ཏེ། ང་བོད་ཡུལ་ཆོལ་ཀ་གསུམ་ནང་འགྲུལ་སྐྱོད་བྱས་ཏེ་མི་སྣ་གནད་འགག་ཅན་མང་པོ་ཞིག་ལ་མཇལ་བའི་གོ་སྐབས་བྱུང་ལ། གནས་ཚུལ་མང་པོ་ཞིག་རྒྱུས་ལོན་དང་ཟིན་ཐོར་འགོད་པའི་གོ་སྐབས་ཀྱང་བྱུང་པས། རྩོམ་ཡིག་དང་འགྲུལ་སྐྱོད་ཟིན་བྲིས་ཀྱང་ཅུང་ཟད་འབྲི་ཐུབ་པ་བྱུང་སོང་། གཞན་གྱི་སྐད་ཡིག་སློབ་སྦྱོང་ཏོག་ཙམ་བྱེད་ཞོར་དུ་ནུབ་ཕྱོགས་ཀྱི་འཚོ་བ་དངོས་ལ་མྱོང་རོལ་བྱེད་རྒྱུའི་འདོད་པ་ཞིག་སྔོན་མ་ནས་ཡོད་པར། ང་རང་ཧྥ་རན་སིར་ཡོང་བའི་གོ་སྐབས་རེག་པ་དེས་འདོད་པ་དེ་མངོན་འགྱུར་བྱེད་དུ་བཅུག་སོང་། ངས་ཧྥ་རན་སིར་སློབ་གྲྭ་ཆེན་མོར་ལས་ཀ་ཏོག་ཙམ་བྱེད་པ་ནི་ལས་ཁུངས་ནས་མོས་མཐུན་བྱས་ཡོད་པ་ཞིག་ཡིན་མོད། བར་མཚམས་ཤིག་ལ་གནས་ཚུལ་གཞན་ལ་ཁ་གཡར་ཏེ་ང་ལས་ཁུངས་དེ་ནས་ཕྱིར་འཕུད་བཏང་སོང་། དེ་བས་ང་རང་ལུང་པ་འདི་རུ་མ་བསྡད་རང་བསྡད་འདྲ་ཞིག་ཆགས་སོང་།
ཐོག་མ་ང་ ༡༩༩༩ ལོར་ཧྥ་རན་སིའི་རྒྱལ་སྤྱིའི་སྙན་ངག་ཚོགས་འདུ་ཞིག་ལ་ཞུགས་མྱོང་ཡོད། སྐབས་དེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཁ་ཤས་ལ་ཐུག་སྟེ། རྗེས་སུ་ཁོང་ཚོས་ང་གདན་ཞུ་བྱས་ཏེ་སློབ་གྲྭ་དེ་ནས་ལས་ཀ་བྱས་པ་རེད། སོ་སོ་ཆུང་དུས་ནས་ནུབ་ཕྱོགས་ཀྱི་རིག་གཞུང་ལ་དགའ་ཞེན་ཡོད་པའི་དབང་གིས་ལྟ་ཀློག་ཀྱང་གང་འཚམ་བྱས་ཡོད་སྟབས། ང་འདིར་བསླེབས་རྗེས་རིག་གནས་ཀྱི་ས་ཆུ་མི་འཕྲོད་པའི་དཀའ་ངལ་འཕྲད་མ་སོང་། སྐད་ཀྱི་དཀའ་ངལ་དེ་ཡོད་ཡོད་པ་རེད། ཕྱི་རྒྱལ་ལ་བསླེབས་རྗེས་ཀྱི་འགྱུར་བ་ཆེས་ཆེ་ཤོས་གཅིག་ང་སྒེར་གྱི་འཚོ་བའི་ཕྱོགས་རེད། འཚོ་བའམ་མི་ཚེའི་ལྟ་གྲུབ་ཐད་ལ་འགྱུར་བ་ཆེ་ཙམ་བྱུང་སོང་། ལོ་གཞོན་པའི་སྐབས་ལ་སོ་སོ་ཁེར་རྐྱང་གི་འཚོ་བ་རོལ་བསྡད་པ་རེད། ཆང་རག་དང་ཐ་མག སྤྲོ་སྐྱིད་གཏོང་བ་སོགས་བག་མེད་གང་འཚམས་ཤིག་བྱས་པ་རེད། ང་གཅིག་པུ་མ་རེད། སྐབས་དེར་རྒྱ་ནག་གི་ལས་བྱེད་མང་ཆེ་བའི་མི་ཚེ་སྐྱེལ་སྟངས་འདྲ་པོ་འདྲ་པོ་ཞིག་རེད། ད་ལྟ་ནུབ་ཕྱོགས་ལུང་པར་མཚོན་ན་འགན་འཁུར་གྱི་འདུ་ཤེས་དང་མི་ཚེ་ལ་ངེས་ཤེས་ཟབ་མོ་ཞིག་རྙེད་སོང་བསམ་ཡོད། དེ་གཅིག་བྱས་ན་བཟའ་ཚང་དང་ཕྲུ་གུའི་འགན་འཁུར་གྱི་དབང་གིས་ཡིན་རྒྱུ་རེད། རིག་གཞུང་ལ་ངོས་འཛིན་བྱེད་སྟངས་ལའང་འགྱུར་བ་ཆེན་པོ་ཕྱིན་སོང་། བོད་ནང་ལ་མཚོན་ན་རིག་གནས་དང་རིག་གཞུང་ཟེར་བ་དེ་མི་ཚང་མའི་རྒྱུན་ལྡན་འཚོ་བའི་ནང་ལ་འདྲེས་བསྡད་ཡོད་པ་ཞིག་ལ་གོ་བ་མི་ལེན་པར། ཟུར་དུ་མི་སྐོར་ཞིག་གི་ཁྱད་དབང་དང་འོས་འགན་ལྟ་བུ་ཆགས་ཏེ། མི་མང་བྱིངས་ལ་དེར་འབྲེལ་བ་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འདྲ་ཞིག་འདུག ལུང་པ་འདི་ལ་རྦད་དེ་ལྡོག་ཕྱོགས་ཡིན་པ་འདར་ཞིག་མཐོང་བྱུང་།
དོན་འགྲུབ་བཀྲ་ཤིས། ལོ་རབས་བརྒྱད་ཅུ་དགུ་བཅུ་ཞིག་ནས་བོད་ནང་སྙན་ངག་གི་ཆུ་ལོག་འདྲ་བོ་ཞིག་རྒྱུག་པ་རེད། དེ་ཧ་ལམ་དོན་གྲུབ་རྒྱལ་དང་འཇུ་སྐལ་བཟང་སོགས་ཁྱེད་ཅག་མི་སྐོར་ཞིག་གི་ཤུགས་རྐྱེན་རེད་བསམ་གྱི་འདུག ཤུགས་རྐྱེན་དེ་བཟང་རུང་ངན་རུང་ད་ལྟ་ད་དུང་བོད་པའི་སྤྱི་ཚོགས་ནང་བསྡད་ཡོད་པའི་སྣང་ཚུལ་འདུག
ལྗང་བུ། ཁྱེད་རང་གི་སྐད་ཆ་བཤད་སྟངས་ལ་ཉན་ན། གནས་ཚུལ་ཁ་ཤས་ཐོག་ངེད་གཉིས་བསམ་ཚུལ་མཐུན་གྱི་མི་འདུག ཁྱེད་ཀྱི་དྲི་བ་འདིར་ང་རང་གི་མི་ཚེའི་ནང་དོན་གྱིས་ཁེབས་ས་མ་རེད། བོད་མི་ཟེར་བ་འདི་མི་ལོ་སྟོང་ཕྲག་ལ་སྙན་ངག་དང་ཁ་བྲལ་ནས་འཚོ་མ་མྱོང་བའམ་འཚོ་ཐབས་མེད་པའི་མི་རིགས་ཤིག་རེད་ཟེར་ཆོག་གི་རེད། བོད་ལ་སྙན་ངག་དར་ཁྱབ་ཆེ་བ་དེ་ལོ་རབས་བརྒྱད་ཅུ་ཙམ་མ་རེད། སྔོན་ཆད་ཀྱི་བོད་པའི་རྟོགས་བརྗོད་དང་གཏམ་བརྒྱུད། རྒྱལ་རབས་ལོ་རྒྱུས། སྒྲུང་དང་རྣམ་ཐར་། ཐ་ན་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་རིག་པ། ནང་དོན་རིག་པ་སོགས་ཀྱང་སྙན་ངག་གི་ལམ་ནས་བྲིས་ཡོད་པ་རེད། ལོ་རབས་བརྒྱད་བཅུ་དགུ་བཅུ་ཞིག་བཤད་ཀྱི་ཡོད་པ་དེ་བོད་པའི་སྙན་ངག་མི་སྐྱའི་སྤྱི་ཚོགས་ནང་ཤུགས་ཆེར་བསླེབས་པའི་ས་མཚམས་རེད། དེ་ལོ་རྒྱུས་དུས་འགྱུར་རམ་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཧ་ཅང་དམིགས་བསལ་བ་ཞིག་གི་འོག་ནས་བྱུང་བ་རེད།
བོད་སྤྱི་ཚོགས་ནང་བར་ལམ་ཞིག་ལ་སྙན་ངག་ཤུགས་ཆེན་པོ་དར་བ་དེར་རྒྱུ་རྐྱེན་གཙོ་བོ་གསུམ་མཐོང་གི་ཡོད། དང་པོ། སློབ་སྦྱོང་གི་གོ་རིམ་ཁྲོད་ནས་བཤད་ན་སྙན་ངག་དེ་ཅུང་འབྲི་རྒྱུ་ལས་སླ་བོ་ཡོད་པ་རེད། གཉིས་པ། ༡༩༨༠ ལོ་ཡས་མས་ནས་རྒྱ་ནག་གཞུང་འབྲེལ་དེབ་སྐྱེལ་ཨང་རྟགས་ཡོད་མཁན་དུས་དེབ་དང་ཚགས་པར་མང་ཆེ་བས་རྩོམ་ཡོན་སྤྲད་དེ་མི་སྐོར་ཞིག་ལ་དངུལ་གྱི་བསླུ་བྲིད་འདྲ་ཞིག་ཀྱང་ཆགས་ཡོད་པ་རེད། གསུམ་ནས་དོན་གྲུབ་རྒྱལ་སོགས་མི་ཁ་ཤས་ཀྱིས་བོད་པ་རང་གིས་རང་གི་སྐད་ཡིག་ཐོག་ཡིག་ཐོག་རྩོམ་ལུས་སྣ་ཚོགས་ཀྱིས་འབྲི་ཐུབ་པའི་གདེང་ཚོད་དང་དབྱིངས་དེ་ཁྱེར་ཡོང་པ་རེད། རྩ་བའི་ཆ་ནས་ཚགས་པར་དང་དུས་དེབ་དེ་དག་གི་དཔལ་འབྱོར་རྒྱབ་རྩ་སྲིད་གཞུང་རེད། དེའི་དམིགས་ཡུལ་བོད་པའི་ཤེས་ཡོན་པའི་བསམ་སྤྱོད་བསྒྱུར་བཀོད་འདོད་ཡིན་ཡང་། རྩོམ་འབྲི་མཁན་ཚོར་དེ་ལས་བརྒལ་བའི་སྐུལ་ལྕག་ཆེན་པོ་ཐེབས་སོང་བསམ་ཡོད།
རྩོམ་ཡོན་ཐད་ནས་བཤད་ན། <<སྦྲང་ཆར>>ལྟ་བུར་མཚོན་ན་ཤོག་ངོས་གཅིག་ལ་རྩོམ་ཡོན་སྒོར་ ༧ ནས་ ༢༥ བར་སྤྲོད་ཀྱི་འདུག བརྩམས་སྒྲུང་དང་དཔྱད་རྩོམ་ཞིག་བྲིས་ན་ཤོག་ངོས་ཆེན་པོ་གཅིག་ཚིག་འབྲུ་ ༡༠༠༠ ལ་རྩིས་རྒྱག་གི་འདུག སྙན་ངག་ཐིག་ཕྲེང་ ༡༠ ཚིག་འབྲུ་ ༡༠༠༠ ལ་རྩིས་རྒྱག་གི་འདུག དཔེར་ན། ཐིག་ཕྲེང་གཅིག་གི་ནང་དུ། ཀྱེ་དང་། ཨེ་མ། ལྟ་བུའི་ཚིག་འབྲུ་གཅིག་གཉིས་ལས་མེད་ཀྱང་ཐིག་ཕྲེང་གཅིག་རེད། རྩོམ་པ་པོ་དང་རྩོམ་ཡིག་གི་བཟང་ངན་ལའང་རྩོམ་ཡོན་མཐོ་དམའ་ཏོག་ཙམ་ཡོད་པ་འདྲ། ང་ལ་རྩོམ་སྒྲིག་ཁང་མང་ཆེ་བས་རྩོམ་ཡོན་ཡག་པོ་སྤྲད་སོང་། སློབ་མ་ཡིན་པའི་སྐབས་ལ་ཆང་ཐ་མག་ཉོ་བྱེད་རག་གི་ཡོད་པ་རེད། ངས་རོགས་པ་ཚོར་ཀུ་རེ་རྩེད་དེ། ངས་ ‘ཀྱེ’ གཅིག་ལབ་ན་ཆང་ཕོར་བ་གསུམ་རེད་ལབ་པ་ཡིན། གང་ཡིན་ཟེར་ན། དེ་དུས་རྫ་མའི་ནང་དུ་ཆང་དཀར་ཞིག་བཙོང་རྒྱུ་ཡོད་པ་དེར་ཕོར་བ་གང་ལ་སྒོར་ཟུར་ ༣ རེད། ཡག་བཙོག་ལ་མ་བལྟས་པར་ངོ་ཚ་སྤངས་ནས་མང་པོ་ཞིག་འབྲི་ཁུལ་བྱས་པ་ཡིན། ཡིན་ན་ཡང་རྩོམ་འབྲི་བ་དེ་ང་རང་གི་དགའ་ཕྱོགས་ནང་གི་དགའ་ཕྱོགས་ཀྱང་རེད།
དོན་འགྲུབ་བཀྲ་ཤིས། གོང་དུ་སྐུ་ཉིད་ཀྱིས་ལོ་རབས་བརྒྱད་ཅུའི་ནང་བོད་པའི་སྙན་ངག་མི་སྐྱའི་སྤྱི་ཚོགས་ནང་ཡོང་བ་དེ་ལོ་རྒྱུས་དུས་འགྱུར་རམ་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཧ་ཅང་དམིགས་བསལ་བ་ཞིག་རེད་གསུངས་སོང་། དེའི་ནང་དོན་ཅུང་ཞིབ་ཚགས་བཤད་ན་འགྲིག་གམ།
ལྗང་བུ། དེ་བཤད་ན་མ་འགྲིག་པ་ཡོད་པ་མ་རེད། ལོ་རྒྱུས་ཀྱི་བདེན་དོན་རེད། བོད་བཙན་འོག་ཏུ་ཤོར་བའི་མཚོན་རྟགས་གཙོ་བོ་ཞིག་ནི། མི་སེར་སྤེལ་བའི་ལས་འགུལ་དང་དམར་པོའི་ལྟ་བ་མེ་མདའ་དཔེ་གསར་གྱིས་བོད་ལ་ཁྱེར་ཡོང་བ་དེ་རེད། དེ་ལ་རྒྱ་ནག་གི་བཀས་བཀོད་རྒྱུད་འཛིན་དང་དམག་ཤེད་ཅན་གྱི་བསམ་སྦྱོར་གྱིས་ཀྱང་རྒྱབ་གཉེར་བྱས་ཡོད་པ་རེད། བོད་ཀྱི་ས་ཆ་ཤོར་བ་དང་མཉམ་དུ་རིག་གཞུང་གི་ངོ་བོ་ཡང་ཤུགས་ཆེན་ཤོར་བ་རེད། སྐབས་དེའི་རྒྱ་ནག་དང་ཁོངས་གཏོགས་ལུང་པ་ཆ་ཚང་དུ་རིག་གཞུང་དེ་ཆབ་སྲིད་ཀྱི་ཆ་ཤས་ཤིག་ཆགས་ཤིང་། ཆབ་སྲིད་ཀྱི་ཆ་ཤས་དེ་ཡང་ཁོ་ཚོའི་མི་སེར་དང་མི་རིགས་གཞན་པའི་པའི་མངོན་འདོད་ཀྱི་ཁ་གཏད་འདྲ་ཞིག་ཆགས་པའི་ཆ་མང་པོ་ཡོད་རེད། མི་སེར་སྤེལ་མཁན་གྱི་བྱེད་སྟངས་གཙོ་བོ་གཅིག་བཙན་བཟུང་བྱས་ཟིན་པའི་ཡུལ་ལུང་དེའི་ཐོག་མའི་ངོ་བོ་གསུབ་ཐབས་དང་། མི་སེར་སྤེལ་མཁན་གྱི་རིག་གཞུང་དང་བསམ་སྤྱོད་དེ་མི་སེར་སྤེལ་ཡུལ་ལ་ས་ཁྱབ་རྡོ་ཁྱབ་གཏོང་རྒྱུ་དེ་ཡིན་འདུག དེའི་སྒང་ལ་ལྷག་པར་དུ་འཛམ་གླིང་གཞན་ན་རྙེད་དཀའ་བའི་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་ཞིག་སྤེལ་ཏེ། བོད་ཀྱི་གདོད་མའི་རིག་གཞུང་གི་དྲོད་ཚད་ཀླད་གོར་འོག་ལ་བསྐྱལ་བའང་དེ་ལ་ཐུག་ཡོད་པ་རེད།
བོད་ལ་རྒྱ་ནག་གི་དུས་འགྱུར་དང་བསྟུན་ཏེ་སྙན་ངག་འཕྱུར་བའི་དུས་ཚོད་དེ་ཏག་ཏག་ཁེལ་བ་རེད། དེ་དང་མཉམ་དུ་སྦི་རག་ཀྱང་བོད་ལ་བསླེབས་པ་རེད། དེའི་རྔ་མ་ད་ལྟ་ལྷག་བསྡད་ཡོད་པ་རེད། སྙན་ངག་དང་འདྲ་བར་ད་ལྟ་ཕོ་མོ་དབྱེ་བ་མེད་པར་སྦི་རག་གིས་བོད་པའི་དུས་ཚོད་འདི་འགྲོ་བཞིན་ཡོད་པ་རེད། ངས་འདི་ལ་འཚོ་བའི་ཆ་ནས་རང་ལུས་རང་སྦྲིད་དང་། བསམ་པའི་ཆ་ནས་རང་ཆགས་རང་སེལ་གྱི་དུས་རབས་ཟེར་གྱིན་ཡོད། ད་ལྟ་སྦི་རག་དང་མཉམ་དུ་སྙན་ངག་ཀྱང་རིག་པའི་བར་བདོ་བ་དག་གི་ལག་ཁྱེར་ཁ་པར་ནང་ལ་ཝུ་བ་སོབ་སོབ་འཕྱུར་གྱིན་ཡོད་པ་རེད། ཇི་ལྟར་ཆང་རག་དང་ཐ་མག་སྤངས་དཀའ་བ་དེ་ལྟར་སྙན་ངག་ཀྱང་ལས་སླ་བོར་བློས་གཏོང་ཐུབ་ཀྱི་ཡོད་པ་མ་རེད། བདག་པོ་གསར་བས་ང་ཚོ་ལ་སློབ་གསོ་གསར་བ་ཟེར་པ་ཞིག་སྤྲད་པ་དེའི་བརྒྱ་བཤད་ཀྱི་མདོ་གང་རེད་ཟེར་ན། ང་རང་ཚོའི་མི་རབས་ལ་མཚོན་ན་ཆབ་སྲིད་ཀྱི་སློབ་དེབ་ལས་བོད་ཡིག་འབྲི་ཀློག་སྦྱངས་ཤིང་། བོད་ཡིག་ཁྱ་ཁྱོག་ཙམ་ཤེས་པའི་སློབ་འབྲིང་གི་སློབ་མ་སྐོར་ཞིག་རྩོམ་པ་པོ་ཆགས་པ་རེད། མདོ་དོན་བདག་པོས་མང་པོ་ཞིག་བྱས་ཀྱང་མཐར་རེ་བ་མ་འགྲུབ་པར་ལྡོག་ཕྱོགས་ནས་ནུས་པ་ཞིག་འཐོན་པ་རེད།
དོན་འགྲུབ་བཀྲ་ཤིས། ཐེངས་དང་པོར་ཁྱེད་རང་གི་རྩོམ་ཡིག་དུས་དེབ་དང་ཚགས་པར་སྟེང་བཀོད་པ་དེ་གང་ཡིན་པ་དང་། དེས་ཁྱེད་རང་ལ་བག་ཆགས་གང་འདྲ་ཞིག་བཞག་སོང་ངམ།
ལྗང་བུ། ངའི་རྩོམ་ཡིག་དེབ་ནང་ལ་བཀོད་པ་དང་པོ་དེ་ང་རང་སློབ་འབྲིང་སྐབས་ཀྱི་ལས་བྱ་༼སྦྱོང་ཚན༽ཞིག་ཡིན། སྐབས་དེ་སློབ་འབྲིང་སློབ་ཕྲུག་ཅིག་ཡིན།དགེ་རྒན་པདྨ་བདུད་འདུལ་ཟེར་བ་ཞིག་ཡོད་པར་ཁོང་གིས་ང་ཚོར་ཐ་སྙད་མ་འདྲ་བ་མང་པོ་ཞིག་སྤྲད་དེ། རྩོམ་ཐུང་གཅིག་འབྲི་རྒྱུའི་ནང་སྦྱོང་སྤྲད་སོང་། དེའི་ནང་འབུ་ ‘ཆ་ཀ་བ’དང ‘རྩྭ་ཐང་’ སོགས་ཡོད་པ་ངས་ད་ལྟ་དྲན་གྱིན་འདུག ཐ་སྙད་དེ་དག་བསྒྲིགས་ནས་ <<རྩྭ་ཐང་སྟེ། བདག་གི་ཕ་ཡུལ།>>ཟེར་བའི་ལྷུག་རྩོམ་ཞིག་བྲིས་ཡོད་པ་དེ་རྗེས་ལ<<མཚོ་སྔོན་བོད་ཡིག་ཚགས་པར།>>ཟེར་པ་དེའི་སྟེང་བཀོད་ལ། དེ་ངའི་རྩོམ་ཡིག་ཅིག་དཔར་སྐྲུན་ཁང་ཞིག་གིས་དཔར་སྐྲུན་བྱས་པ་ཐོག་དང་པོ་དེ་ཡིན། རྩོམ་ཡོན་ཡང་སྒོར་མོ་ ༨ སྦྲག་ཐོག་བཏང་པ་དེ་རེག་བྱུང་། སྐབས་དེར་སྲིད་གཞུང་ལ་ཤ་ཁྲལ་མཇལ་དགོས་པའི་གོང་ཚད་ལྟར་བྱས་ན་ལུག་ཤ་ཤ་ཁོག་གཅིག་ལ་སྒོར་མོ་ ༨ ཡས་མས་རེད། རྩོམ་ཡིག་པར་སྐྲུན་བྱུང་པ་དང་རྩོམ་ཡོན་རེག་པ་དེས་ང་རང་རྩོམ་རིག་གི་ལམ་ཁར་འཇུག་པར་སྐུལ་འདེད་ཆེན་པོ་ཐེབས་སོང་།
ངས་ཚགས་པར་དེའི་གནས་ཚུག་ཅི་ལྟར་ཧ་གོ་བའི་སྐོར་ཅུང་ཟད་ཞུས་ན། ཐེངས་ཤིག་ང་ཨ་ཕ་དང་མཉམ་དུ་ཟི་ལིང་ལ་སོང་སྟེ་དགོང་མོ་ཁོ་རང་གི་གྲོགས་པོ་སངས་རྒྱས་སྐྱབས་ཚང་ནས་བསྡད་པ་ཡིན། སངས་རྒྱས་སྐྱབས་སྐབས་དེར་མཚོ་སྔོན་བོད་ཡིག་ཚགས་པར་ཁང་གི་རྩོམ་སྒྲིག་པ་རེད། དགོང་མོ་དེར་སངས་རྒྱས་སྐྱབས་ཀྱིས་ངའི་ཨ་ཕར་བོད་པའི་དམངས་གླུའི་སྐོར་ཞིག་དྲིས་པ་དེ་རྗེས་སུ་ཚགས་པར་སྟེང་བཀོད་འདུག ང་དེ་ལ་ཧང་སངས་ཏེ་རྗེས་སུ་སོ་སོའི་<<རྩྭ་ཐང་སྟེ། དག་གི་ཕ་ཡུལ།>>ཟེར་བ་དེ་སངས་རྒྱས་སྐྱབས་ལ་བསྐུར་བ་ཡིན། རྩོམ་དེ་ཚགས་པར་སྟེང་འགོད་ཐུབ་རྒྱུར་རེ་བ་ཆེན་པོ་བྱས་མེད་ཀྱང་རྩོམ་གྱི་བཟང་ངན་བཤད་ཀི་རེད་བསམ་སོང་། རྗེས་སུ་རྩོམ་ཡིག་དེ་ཚགས་པར་སྟེང་འགོད་འདུག དེ་ལ་ང་རང་ཧ་ལས་པ་ཞིག་དགའ་སོང་། དེ་ ༡༩༨༠ ཡིན་བསམ་སོང་ང་རང་ལོ་ ༡༧ རེད། དུས་དེབ་ལ་འཁོད་པའི་ངའི་རྩོམ་ཡིག་གཉིས་པ་དེ་ནི་ཀ་བཤད་དམ་ཀ་རྩོམ་ཞིག་ཡིན། དང་ཐོག་དུས་དེབ་ཟེར་པ་ཞིག་མེད་པས། ཚང་མས་ཚགས་པར་སྟེང་ལ་སྒྱུ་རྩལ་རྩོམ་རིག་གི་རིགས་དེ་འདྲ་གཏོང་གིན་ཡོད་རེད། དོན་གྲུབ་རྒྱལ་གྱི་རྩོམ་ཡིག་སྔ་མ་དག་ཀྱང་ཚགས་པ་དེ་ག་རང་གིས་བཁོད་ཀྱིན་ཡོད་རེད།
དེའི་རྗེས་ལ་<<བྱ་གླག>>ཟེར་བའི་ལྷུག་རྩོམ་ཞིག་ ༡༩༨༢ ལོར་<<བོད་ཀྱི་རྩོམ་རིག>>སྟེང་བཏོན་སོང་། དེ་རྨོངས་གྲོལ་ཟེར་བའི་སྨྱུག་མིང་འོག་བྲིས་པ་ཡིན། དེ་ལ་རྗེས་སུ་ལྗོངས་དང་ཞིང་ཆེན་ལྔའི་རྩོམ་རིག་དཔྱད་བསྡུར་བྱ་དགའ་ཞེས་པའི་བྱེད་སྒོའི་ཁྲོད་ལྷུག་རྩོམ་རིགས་ཀྱི་ཨང་དང་པོའི་བྱ་དགའ་ཐོབ་བྱུང་། བྱ་དགའི་དངུལ་སྒོར་མོ་ ༥༠༠ སྤྲད་སོང་། རྩོམ་ཡིག་དེ་རྗེས་སུ་སློབ་འབྲིང་གི་བོད་ཡིག་སློབ་དེབ་ནང་ལའང་བཞག་འདུག དེའི་རྗེས་ཤིག་ནས་ངས་རྨི་ལམ་ག་རེ་བཏང་སོང་ཟེར་ན། རྩོམ་ཡོན་དེ་དག་བསགས་ཏེ་དེང་རབས་རིང་ལུགས་ཀྱི་ངོ་བོ་དང་ཁྱད་ཆོས་འཛོམས་པའི་ཟློས་གར་འཁྲབ་སྟོན་ཞིག་སྤེལ་དགོས་བསམ་སོང་། གང་ཡིན་ཟེར་ན་སློབ་ཆེན་ནང་མི་དང་ཁོར་ཡུག་གི་ཆ་རྐྱེན་འཛོམས་པོ་འདུག ཡིན་ན་ཡང་། ཐེ་ཚོམས་ངང་ལ་དངུལ་དེ་དག་ཆང་འཐུང་ཤ་ཟོས་ནས་ཚར་སོང་། ཟློས་གར་ཚོགས་པ་དེ་འཛུགས་མ་ཐུབ་པར་འགྱོད་པ་ཞེ་དྲགས་འདུག གང་ཡིན་ཟེར་ན། འུ་ཅག་བོད་པ་ཚོར་ད་ལྟའི་བར་དུ་དེང་རབས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཟློས་གར་འཁྲབ་པའི་ལུགས་སྲོལ་ཡོད་པ་མ་རེད།
དོན་འགྲུབ་བཀྲ་ཤིས། དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུའི་བོད་པར་རང་མོས་སྙན་ངག་གི་སྲོལ་གཏོད་པ་རེད་ཟེར་གྱིན་ཡོད་ཀྱང་། རྩོམ་རིག་དཔྱད་བརྗོད་པ་ལ་ལས་ལྗང་བུས་དོན་གྲུབ་རྒྱལ་གྱིས་<<ལང་ཚོའི་རྦབ་ཆུ>>མ་བཏོན་སྔོན་ནས་རང་མོས་སྙན་ངག་རེ་གཉིས་བྲིས་ཡོད་པ་རེད་ཟེར་བའི་དཔྱད་རྩོམ་ཐན་ཐུན་རེ་མཐོང་རྒྱུ་འདུག
ལྗང་བུ། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་དྲུག་བཅུ་ནས་བཟུང་དེང་སང་ང་ཚོས་རང་མོས་སྙན་ངག་ཟེར་བཞིན་པ་འདིའི་རྣམ་པ་བོད་ལ་བྱུང་འདུག འདིའི་སྐོར་ངས་ཡུ་རོབ་དང་ཉི་ཧོང་། དེ་བཞིན་ཨ་རིའི་སློབ་གྲྭ་ཆེན་མོ་ཁག་ཅིག་ནང་དུའང་བཤད་མྱོང་ཡོད། ལོ་རབས་བདུན་ཅུའི་ནང་རྒྱ་ཡིག་ནས་བསྒྱུར་བའི་རང་མོས་སྙན་ངག་གི་རྣམ་པ་ཅན་ཐོན་ཡོད་པ་རེད། ངས་ཐེངས་ཤིག་དོན་གྲུབ་རྒྱལ་ལ། རྒྱ་ནག་ལ་རང་མོས་སྙན་ངག་(自由诗)འདི་ཤུགས་ཆེན་པོ་འདུག ང་ཚོའི་བོད་ཡིག་ནང་འདི་འདྲ་བྲིས་ཡོད་པ་ཞིག་མི་འདུག་ལབ་པར་ཁོས། ན་ནིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ལྔ་བཞིའི་དུས་དྲན་སྐབས། མི་རིགས་སོ་སོའི་སྙན་ངག་གྱེར་འདོན་འགྲན་བསྡུར་ནང་ངས་གཅིག་བྲིས་ཏེ་བྱ་དགའ་ཞིག་ཀྱང་ཐོབ་སོང་ཟེར། དེ་ ༡༩༨༢ ལོ་རེད། ངས་ད་ལྟ་བསམ་བློ་བཏང་ན། སྐབས་དེར་ཁོས་བྲིས་པའི་སྙན་ངག་དེ་ལང་ཚོའི་རྦབ་ཆུ་ཨ་ཡིན་ནམ་བསམ་གྱི་འདུག གང་ཡིན་ཟེར་ན། ལྔ་བཞིའི་ལས་འགུལ་དེ་རྒྱ་ནག་གི་ལང་ཚོའི་དུས་ཀྱི་ན་གཞོན་གྱི་མི་རབས་ཀྱིས་གསར་བརྗེའི་ལས་འགུལ་བསླངས་པའི་དུས་དྲན་རེད། ལང་ཚོའི་རྦབ་ཆུས་ཀྱང་བོད་པའི་མི་རབས་གསར་པ་ཚོར་སྐུལ་འདེད་གཏོང་གི་ཡོད་པ་རེད། དེ་བས་བོད་པ་ཞིག་གིས་ད་ལྟའི་གོ་བ་ལེན་སྟངས་ཀྱི་རང་མོས་ཟེར་པ་འདིའི་རྣམ་པ་ཤ་སྟག་ཅིག་བོད་ཡིག་ནང་ཁྱེར་འོང་མཁན་ཐོག་མ་ནི་མཁན་དོན་གྲུབ་རྒྱལ་ཡིན་དང་ཡིན་བསམ་ཡོད།
སོ་སོར་མཚོན་ན་མཐོ་འབྲིང་སྐབས་ལ་རོལ་མོའི་དགེ་རྒན་རྒྱ་མོ་མཱ་ཧྲུའུ་ཤུག་ཟེར་པ་ཞིག་ཡོད་པ་དེས་ང་ལ་རྒྱ་ནག་གི་གཞས་ཚིག་ཁ་ཤས་བོད་ཡིག་ཏུ་བསྒྱུར་དུ་བཅུག་སོང་། གཞས་ཚིག་དེ་མར་བསྒྱུར་ཡོང་སྐབས་ “གུང་གསེང་སྐབས་སུ་ང་ཚོ་ཇི་འདྲའི་སྐྱིད། /གྲོགས་པོ་ཚོ་ཉམས་དུ་གྲོང་ཁྱེར་ཕྱི་ལ་བསླེབས།/ དགོང་སྔོན་གནམ་ནས་སྦྲང་ཆར་བབས། /ང་ཡི་མགོ་སྐྲ་བརླན་སོང་། ང་ཡི་བྲང་ཁ་བརླན་སོང་།/ཆར་སིམ་སིམ། ཨ། ཆར་སིམ་སིམ། ” ཟེར་བ་དེ་གཞས་ཀྱི་གདང་འགྲོས་ལྟར་བསྒྱུར་དགོས་སྟབས། རང་བཞིན་གྱིས་རང་མོས་སྙན་ངག་ལྟ་བུ་ཞིག་ཆགས་འགྲོ་བཞིན་འདུག དེ་རྗེས་སུ་སྣུམ་དཔར་བརྒྱབ་སྟེ་སློབ་གྲྭའི་གླུ་དབྱངས་ཕྱོགས་བསྒྲིགས་ཀྱི་དེབ་ནང་དུའང་བདམས་འདུག ཡིན་ན་ཡང་དེ་ནི་པར་སྐྲུན་དངོས་སུ་བྱས་པ་དེ་འདྲ་མ་རེད།
དེའི་རྗེས་ལ་<<ཆུ་འགྲམ་གྱི་མནོ་བསམ>>ཟེར་བ་སོགས་ཀྱི་རང་མོས་རྣམ་པ་ཅན་མང་པོ་ཞིག་བྲིས་ཏེ་དུས་དེབ་དང་ཚགས་པར་རྩོམ་སྒྲིག་ཁང་དེ་འདྲར་བསྐུར་ཡང་ཁྱོན་ནས་བཀོད་མ་སོང་། རྗེས་སུ་ང་སྦྲང་ཆར་རྩོམ་སྒྲིག་པ་འགྱུར་མེད་སར་ཕྱིན་ཐེངས་ཤིག་ལ། ཁོང་གིས་ང་ཚོས་(自由诗)འདིའི་རིགས་ད་དུང་འདོན་གྱི་མེད། ད་ལྟ་ཚོད་ལྟ་བྱེད་དགོས་བསམ་བསྡད་ཡོད་ཅེས་ཟེར་ཞིང་། ངའི་རྩོམ་ཡིག་ཁ་ཤས་ཕྱིར་སྤྲད་སོང་། དེ་ཧ་ལམ་ ༡༩༨༢ ལོ་ཡིན་བསམ་སོང་། སྐབས་དེར་རང་མོས་རྣམ་པ་ཅན་འབྲི་མཁན་གཞན་ཡང་ཡོད་རྒྱུ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་སྐབས་དེར་མཐོ་རིམ་སློབ་མ་སྐོར་ཞིག་སློབ་མཐར་ཕྱིན་ཡོང་གི་ཡོད་པ་རེད། གསར་རྩོམ་གྱི་ཐོག་ལ་དབྱིངས་འདྲ་བོ་འཕར་མགོ་ཚུགས་ཡོད་པ་རེད།
དེང་སང་གི་རང་མོས་སྙན་ངག་ངོས་འཛིན་བྱེད་སྟངས་ཀྱི་ཆ་ནས་ལང་ཚོའི་རྦབ་ཆུ་དེ་དང་པོར་བཞག་པ་ཡིན་ན་འགལ་བ་ཡོད་པ་མ་རེད། ནང་དོན་དང་ཚིག་སྦྱོར་སྤེལ་སྟངས་གཉིས་ཐད་ནས་གསར་གཏོད་ཀྱི་རྣམ་པ་ཡོད་པ་རེད། ལང་ཚོའི་རྦབ་ཆུ་དུས་དེབ་སྟེང་བཀོད་དེ་དགའ་བསུ་ཐོབ་པ་དེས་སྐབས་དེའི་རྩོམ་སྒྲིག་པ་ཚོས་ང་ཚོ་བཀག་བསྡད་ཡོད་པའི་རག་ཁ་དེ་བརྟོལ་བ་རེད། ༢༠༠༢ ལོར་ཨ་རིའི་ནེའུ་ཡོག་ཏུ་སྐད་ཆ་བཤད་པའི་གོ་སྐབས་ཤིག་རེག་པར་། ངས་གོ་སྐབས་དེ་དང་བསྟུན་ནས་རང་གྲོལ་དགག་གཞག་ཅེས་པའི་དེབ་ཆུང་ཆུང་ཞིག་གི་མ་ཡིག་ཐོག་མ་དེ་བྲིས་ཡོད།༼ཡིན་ན་ཡང་དུས་ཚོད་ཚད་བཀག་དབང་གིས་ངས་མ་ཡིག་རང་ལྟར་བཤད་མེད༽ དེའི་ནང་ངས་ལང་ཚོའི་རྦབ་ཆུའི་སྐོར་ཅུང་ཞིབ་རྒྱས་བྲིས་ཡོད།
དོན་གྲུབ་བཀྲ་ཤིས། ལྗང་བུའི་རྩོམ་བཏུས་ནང་གི་<<གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས།>>ཟེར་བ་དེར་བོད་ནང་གི་སྙན་ངག་པའི་སྡེ་ན་གདེང་འཇོག་ཆེན་པོ་འདུག དེ་ལ་དབྱེ་ཞིབ་དང་ཕྲན་དཔྱད་བྲིས་ཡོད་པ་རེ་ཟུང་ཡང་འདུག་ལ། སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་ཚན་དུའང་བདམས་ཡོད་པ་རེད། སྙན་ངག་དེ་ཁྱོད་ཀྱིས་ཁོར་ཡུག་དང་བསམ་བློའི་ཁྱེར་སོ་གང་འདྲ་ཞིག་གི་འོག་ནས་བྲིས་པ་ཡིན།
ལྗང་བུ། སྙན་ངག་དེ་ལ་དཔྱད་པ་ཁ་ཤས་བྲིས་ཡོད་པ་གོ་སོང་། ང་རང་གིས་ཀློག་རྒྱུ་བྱུང་མ་སོང་། གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས་ཟེར་བ་དེ་ ༡༩༨༦ ལོའི་དགུན་ཁའི་གུང་གསེང་སྐབས་ཤིག་ལ་ཕ་ཡུལ་འབྲོག་སྡེ་ཞིག་ནས་བྲིས་པ་ཡིན། ངས་གྲོགས་པོ་ཚོར་སྙན་ངག་དེ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་གྱི་ལྷ་སའི་ཡར་ལངས་ཀྱི་ལུང་བསྟན་ཡིན་ཟེར་རྩེད་མོ་རྩེད་ཀྱིན་ཡོད། མཚམས་ལ་རེར་སྙན་ངག་ལུང་བསྟན་ཆགས་པ་ཡོང་གི་འདུག་གཱ་་་་་། ཨ་ལ་་་་་ཀུ་རེ་ཡིན།༼གད་མོ་དང་བཅས་བརྗོད།༽ངས་སྔོན་ཆད་<<སོག་རུས་ལས་མཆེད་པའི་རྣམ་ཤེས>>ཟེར་བ་ཞིག་བྲིས་ཡོད། མི་ཁ་ཤས་ཀྱིས་ངའི་གངས་དཀར་ལྷ་མོ་དང་སོག་རུས་ལས་མཆེད་པའི་རྣམ་ཤེས་གཉིས་ལྗང་བུས་མི་རིགས་ཀྱི་ངོ་བོ་ངོས་ཟིན་པའི་དཀྱོག་མཚམས་ཤིག་རེད་ཟེར་གྱིན་ཡོད་ས་རེད། ལྗང་བུ་སྤྱིར་བཏང་སོག་པོའི་རུས་རྒྱུད་ཡིན་ཡང་གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས་བོད་ཡིན་ཟེར་ནས་གངས་རིའི་ཕྱོགས་སུ་ཕྱིན་པའི་གདམ་གསེས་དེ་བསྟན་པ་རེད་ཟེར་ནས་འགྲེལ་བཤད་ཡ་མཚན་པོ་དེ་འདྲ་རྒྱག་གི་ཡོད་པ་གོ་སོང་། མཐོང་སོང་། དེ་ཚོར་ཐུགས་རྗེ་ཆེ་མ་གཏོགས་ཞུ་རྒྱུ་གང་ཡང་མེད། ཡིན་ནའང་ང་མི་རིགས་རིང་ལུགས་པ་ཞིག་ལས་ཀྱང་མིའི་རིགས་རིང་ལུགས་པ་ཞིག་བྱེད་འདོད་ཡོད་པ་ངའི་མི་ཚེའི་དམ་བཅའ་ཡིན། དེ་ང་ཙམ་མ་རེད།
དོན་འགྲུབ་བཀྲ་ཤིས། ལྗང་བུའི་སྙན་ངག་གོ་ཁག་པོ་འདུག་ཟེར་བ་དེ་ཡོངས་གྲགས་འདྲ་བོ་ཞིག་རེད། ལྗང་བུའི་སྙན་ངག་ལོ་བརྒྱ་ཡི་རྗེས་སུ་མ་གཏོགས་གོ་ཐུབ་པ་མ་རེད་ཟེར་བའི་སྐད་ཆ་ཞིག་ཀྱང་བར་སྐབས་ཤིག་ལ་གྲགས་སོང་།
ལྗང་བུ། སྐད་ཆ་འདི་སྔོན་ཆད་ཀྱང་ང་ལ་བཤད་མཁན་བྱུང་། ངའི་སྙན་ངག་གོ་ཐུབ་ཀྱི་མི་འདུག་ཟེར་མཁན་ཁྲོད་ན་རིགས་གཉིས་འདུག སྤྱིར་བཏང་སྙན་ངག་ལ་དོ་སྣང་མེད་མཁན་རིགས་ཤིག་འདུག དེ་དག་གིས་ལོ་ཉིས་བརྒྱ་འགོར་ཡང་གོ་ཐབས་ཡོད་པ་མ་རེད། ཞ་རས་མཛེས་མ་མི་མཐོང་བའི་སྡུག་བསྔལ་དེ་མཛེས་མའི་སྐྱོན་དུ་བཀལ་ན་འགྲིག་གི་མ་རེད། གཉིས་པ་མི་སྐོར་ཞིག་སྲོལ་རྒྱུན་སྙན་ངག་དང་ཚིག་འགྲོས་ལ་བརྩེ་དུང་དང་གོམ་འདྲིས་ཆེ་དྲགས་ཏེ། སྐད་ཆ་བཤད་སྟངས་གསར་པ་དང་བརྡ་དང་ཐ་སྙད་གསར་པ། ཚིག་སྦྱོར་སྤེལ་སྟངས་གསར་པ་སོགས་ལ་དང་ལེན་བྱེད་མི་ཐུབ་མཁན་རིགས་ཤིག་འདུག ང་རང་ཆུང་དུས་ནས་སྙན་ངག་མ་འདྲ་བ་འབྲི་རྒྱུར་ཧམ་པ་ཆེན་པོ་ཡོད། ངས་སྐད་ཆའི་སྒྱུ་རྩལ་དང་ཚིག་གི་བཅུད་ངོམ་པའི་ཚོད་ལྟའང་མང་པོ་བྱས་མྱོང་ཡོད། རྩོམ་ཡིག་ནང་དུ་དགག་སྒྲ་སྦྱོར་སྟངས་དང་བྱ་ཚིག་བེད་སྤྱོད་གཏོང་སྟངས་ཚུན་ལ་འགྱུར་བ་གཏོང་ཐབས་བྱས་པ་ཡིན། དཔེར་ན། མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ། ཟེར་བ་ལྟ་བུར་མཚོན་ན་རྒྱུན་ལྡན་རེད། མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་དུ། གཡོ་བར་མི་བྱེད། ཅེས་བྲིས་པ་ཡིན་ན། གོམས་ལོབས་སུ་སོང་ཡོད་པའི་བསམ་བློ་གཏོང་སྟངས་དེ་གཏོར་ཚར་བ་རེད། གོམས་པའི་བག་ཆགས་དེ་གཏོར་བ་ཡིན་ན་རང་བཞིན་གྱིས་བསམ་བློའི་ནང་མི་བདེ་བ་ཞིག་ཚོར་གྱི་ཡོད་སྟབས། ལྗང་བུའི་སྙན་ངག་གོ་རྒྱུ་མི་འདུག་ཟེར་གྱིན་ཡོད་ཚོད་འདུག
གལ་སྲིད། འདི་ལྟར་འབྲི་བར་དགོས་པ་ཅི་ཞིག་ཡོད་སྲིད་པ་རེད་སྙམ་ནས་བསམ་བློ་ནན་ཏན་བཏང་ན། དེ་ཚོར་ཨམ་ཅོག་ནང་གོ་རྒྱུ་ཞིག་སྟེར་མི་ཐུབ་ཀྱང་སེམས་པའི་ནང་ཚོར་རྒྱུ་ཞིག་སྟེར་ཐུབ་ཀྱི་ཡོད་པ་རེད། དཔེར་ན། ཧྥ་རན་སིའི་སྒྱུ་རྩལ་པ་མྰིས་ཤེལ་རྡུའུ་ཤང་གིས་ཨ་རིའི་ཉིག་ཡོག་དེང་རབས་སྒྱུ་རྩལ་འགྲེམ་སྟོན་ཁང་དུ་གསང་སྤྱོད་ནང་གི་གཅིན་པ་གཏོང་སའི་ཆབ་ཏོག་ཅིག་བཞག་པ་དེ་འཛམ་གླིང་གི་སྒྱུ་རྩལ་པའི་ཁྲོད་དུ་སྐད་གྲགས་ཆགས་པ་མ་ཟད། སྒྱུ་རྩལ་གྱི་རྩིས་ཐང་སྐོར་གྱི་ཚད་གཞི་ལ་ཡང་གཡོ་སྐྱོམ་བཏང་པ་རེད། ཡིན་ན་ཡང་དེ་ལ་གོ་བ་འདྲ་མ་འདྲ་ཞིག་ལེན་སྟངས་བྱུང་ཡོད་རེད་ལ། དཔེར་བརྗོད་དེ་ཆེ་དྲགས་སོང་མོད། ངས་དཔེ་དེ་དྲངས་ནས་བཤད་དོན་གང་ཡིན་ཟེར་ན། རང་རེའི་བོད་སྐད་དང་རིག་གཞུང་འདི་ལ་ཡང་ཉིན་རེ་ནས་ཉིན་རེར་འགྱུར་བ་འགྲོ་བཞིན་ཡོད་པ་དང་། སྲོལ་རྒྱུན་ཟེར་བ་དེ་ཡང་འགྱུར་བ་དང་བསྟུན་ནས་ཡོང་གི་ཡོད་སྟབས་ངས་དཔེ་དེ་འཁྱེར་ཡོང་བ་ཡིན།
དོན་འགྲུབ་བཀྲ་ཤིས། དགུ་བཅུ་གོ་གྲངས་ལོར་བཏོན་པའི་ལྗང་བུའི་རྩོམ་བཏུས་གཉིས་སྐད་གྲགས་ཆེན་པོ་ཆགས་པ་རེད། ༢༠༠༡ ལོར་གཟི་མིག་དགུ་བ་བཏོན་པ་དེར་སྐད་གྲགས་དེ་ཙམ་ཆགས་མེད་པ་མ་ཟད། ལྗང་བུའི་སྙན་ངག་ཇེ་སྡུག་ཏུ་སོང་འདུག ལྗང་བུ་ལ་སྙན་ངག་གི་ཚོར་བ་བརླགས་འདུག་ཟེར་མཁན་སོགས་འདུག
ལྗང་བུ། ངའི་སྔོན་ཆད་ཀྱི་སྙན་ངག་དེབ་དེ་དག་བྲིན་རྒྱུག་ལེགས་ཙམ་བྱུང་སོང་། སྐད་གྲགས་བྱུང་སོང་ཟེར་ལབ་ནུས་ཀྱིན་མེད། དེ་དུས་དེབ་མང་པོ་བཀླག་རྒྱུའང་ཡོད་པ་མ་རེད། གཟི་མིག་དགུ་བ་ཐོག་མ་དཔར་སྐྲུན་བྱས་ཡོང་སྐབས་ཞེ་དྲགས་བྲིན་པའི་སྐད་ཆ་འདུག དེབ་གྲངས་ ༡༦༠༠ དཔར་བརྒྱབ་པ་ལས་ངས་ ༢༠༠ ཉར་བ་ཡིན། དེའི་འཕྲོས་ ༡༤༠༠ དེ་ཟླ་གཅིག་དང་ཕྱེད་ཀའི་ནང་རྫོགས་སོང་ཟེར། རྗེས་སོར་མི་གཞན་གྱིས་གཟི་མིག་ནང་གི་སྙན་ངག་ལ་གཞན་གྱིས་ལད་ཟློས་བྱས་ཏེ་བྲིས་པ་དང་། ཚིག་རིས་ལ་བཟོ་བཅོས་ཅུང་རེ་བརྒྱབ་སྟེ་བྲིས་ཡོད་པ་སོགས་གྲོགས་པོ་ཞིག་གིས་ང་ལ་བ་བསྟན་སོང་། ནང་དོན་གྱི་ཐད་ནས་གཞུང་ཕྱོགས་ནས་ངོས་ལེན་བྱེད་མི་ཐུབ་པ་མང་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག དེབ་དེའི་ནང་ངས་ལོ་རབས་བརྒྱད་ཅུའི་ནང་བྲིས་པའི་སྙན་ངག་རེ་ཟུང་ཡང་ཡོད་པ་རེད།
ང་རང་གིས་ད་ལྟ་བྲིས་དང་འབྲི་བཞིན་པའི་སྙན་ངག་དེ་དག་ང་རང་མི་སྒེར་དང་འབྲེལ་བ་ཤུགས་ཆེན་ཆགས་ཡོང་གི་འདུག སྔོན་ཆད་སོ་སོར་འབྲེལ་བ་མེད་པ་དང་། མཐའ་ན་སྤྱི་ཚོགས་ལའང་འབྲེལ་བ་དེ་ཙམ་མེད་པ་ཞིག་བྲིས་བསྡད་པ་རེད། སྔོན་ཆད་སྤྱི་ཚོགས་ནང་ཡི་གེ་ཤེས་མཁན་ཉུང་ཉུང་ཡིན་སྟབས། ག་རེ་བྲིས་ཀྱང་ཡག་པོ་ཡོད་མེད་ལ་མ་ལྟོས་པར་གདེང་འཇོག་ཆེན་པོ་བྱེད་ཀི་རེད། ད་ལྟ་སྙན་ངག་འབྲི་མཁན་མང་པོ་རེད་ལ། གྲངས་ཚད་ཀྱི་ཁྲོད་ནས་སྤུས་ཚད་ཀྱང་ཡག་པོ་འཐོན་ཡོང་སྐབས། ཀློག་པ་པོ་ཚོའི་སེམས་ནང་ང་ཚོར་གདེང་འཇོག་དང་རེ་བ་ཆེན་པོ་ཞིག་བརྒྱབ་ཡོད་པ་དེ་ང་ཚོས་སྐོང་ཐུབ་མིན་དེ་འགན་ཁུར་ཆེན་པོ་ཞིག་རེད།
དོན་གྲུབ་བཀྲ་ཤིས། ཁྱོད་རང་གིས་སོ་སོའི་སྙན་ངག་ལ་འགྱུར་བ་ཆེ་ཤོས་གང་དག་ཕྱིན་ཡོད་པར་མཐོང་གི་ཡོད།
ལྗང་བུ། ངའི་རྩོམ་རིག་གང་ཡིན་ཡང་འགྱུར་བ་ཆེ་ཤོས་གཅིག་ཨམ་སྐད་ནས་སྤྱི་སྐད་དམ་དབུས་སྐད་ཐོག་འགྱུར་བ་ཕྱིན་ཡོད་རྒྱུ་རེད། གང་ཡིན་ཟེར་ན། དབུས་སྐད་དེ་ཡིག་སྐད་དང་ཐག་ཉེ་བོ་རེད། རྗེ་རིན་པོ་ཆེ་སོགས་ཀྱི་གསུང་རྩོམ་ལའང་ཨ་མདོའི་སྐད་ཀྱི་ཁྱད་ཆོས་ཧ་ལམ་མི་འདུག གཅིག་བྱས་ན་བསྟན་བཅོས་སྐད་ཀྱི་འགྲོ་སྟངས་ཤིག་ཡིན་ཡང་སྲིད། དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡིག་ཀྱང་དམིགས་བསལ་ཕལ་སྐད་དུ་བྲིས་པ་ཕུད། མང་ཆེ་བ་སྤྱི་སྐད་འདྲ་ཞིག་རེད་བསམ་། ཨ་མདོའི་ཁ་སྐད་དེ་དུམ་བུ་དུམ་བུར་བཅད་ནས་ཤོད་ཀྱི་ཡོད་པ་དང་གདངས་དེ་ཡི་གེ་རང་དང་ཐག་རིང་སྟབས། དེ་ཡིག་ཐོག་ཏུ་ཕབ་ན་མང་པོ་ཞིག་སོ་སོས་ཀྱང་གོ་དཀའ་མོ་རེད། ཁམས་སྐད་ཀྱང་དེ་འདྲ་མིན་ནམ་བསམ་པ་ཞིག་མཐོང་བྱུང་།
འགྱུར་བ་གཉིས་པ་དེ་ངའི་སྙན་ངག་ཁ་ཇེ་གསལ་དུ་སོང་ཡོད་རྒྱུ་རེད། ཚིག་རྒྱན་མང་པོ་སྤྲས་པ་དང་། བཤད་སྟངས་ཡར་དཀྱོག་མར་དཀྱོག་བྱེད་པ་དེ་ཉུང་དུ་གཏོང་ཐབས་བྱས་པ་ཡིན། བོད་པ་ཚོས་གསེར་དངུལ་གཡུ་བྱུར་ཐེག་ལ་མ་ཐེག་ཅིག་འདོག་གི་ཡོད་པ་རེད་མ་གཏོགས། དེང་སྐབས་འཛམ་གླིང་ཐོག་ནུ་ཁེབ་ཅིག་དང་རྐུབ་དང་མཚན་མ་སྒྲིབ་བྱེད་ཅིག་མ་གཏོགས་མེད་ན་ཡང་མཛེས་པར་རྩི་བཞིན་པ་དེ་འདྲ་ཡང་འདུག་གཱ ང་ཚོས་རང་གི་སྲོལ་རྒྱུན་འཛིན་དགོས་མོད་འཛམ་གླིང་ཐུན་མོང་གི་ངོས་འཛིན་བྱེད་ལུགས་དག་མ་མཐོང་ཁུལ་བྱས་ཏེ་བསྡད་ན་དེའང་འགྲིག་གི་ཡོད་པ་མ་རེད་བསམ།
དོན་འགྲུབ་བཀྲ་ཤིས། ཁྱོད་ཀྱིས་བོད་པའི་འཁྱིམ་མཚེས་རྒྱ་དཀར་ནག་སོགས་ཀྱི་ཤུགས་རྐྱེན་མ་ཐེབས་པའི་བོད་པ་རང་གི་སྙན་ངག་གི་ཚབ་མཚོན་ལ་གང་ཞིག་འཇོག་རྒྱུ་ཡིན་ནམ། ཚངས་དབྱངས་རྒྱ་མཚོའི་མགུར་དང་། ཨ་མཚར་མཚར་དགུ་སོགས་ལ་ངོས་འཛིན་གང་འདྲ་གནང་གི་ཡོད།
ལྗང་བུ། དཔེར་ན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཟེར་བ་དེ་དག་ཚངས་དབྱངས་རྒྱ་མཚོ་ཁོ་རང་གིས་བརྩམས་པ་ཡིན་མིན་དོགས་པ་རེད། ཏུན་ཧོང་ཡིག་ཆ་བཟུང་ད་ལྟའི་བར་དབུས་གཙང་གི་དམངས་ཁྲོད་ན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་འདྲ་བོ་མང་པོ་ཡོད་པ་རེད། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཤོ་ལོ་ཀའི་གྲངས་ཀ་ཡང་མང་ཉུང་སྣ་ཚོགས་རེད། དཔར་ཁང་ཁ་ཤས་ནང་ཤོ་ལོ་ཀ་ ༤༠ ཡས་མས་དང་། ཁ་ཤས་ནང་ ༨༠ ཡས་མས། ཁ་ཤས་ནང་ ༢༥༠ ལྷག་འདུག སྔོན་ཆད་ལྷ་སར་མི་ཚང་སྒེར་བ་མང་པོའི་ནང་དཔར་ཤིང་ཡོད་ས་རེད། དཔར་པ་སྐྱིད་སྡུག་ཟེར་བ་དེ་འདྲ་ཡང་འདུག རྩོམ་ལུས་དང་ནང་དོན་ཚངས་མགུར་ལ་འདྲ་བོ་ཡོད་པ་ཚང་མ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་རེད་ཟེར་ནས་སྣོན་པ་བརྒྱབ་ནས་ཡོང་གི་འདུག “པོ་ཏ་ལ་རུ་བཞུགས་དུས།། རིག་འཛིན་ཚངས་དབྱངས་རྒྱ་མཚོ།། ལྷ་སའི་ཞོལ་དུ་སྡོད་དུས།། འཆལ་བོ་དང་བཟང་དབང་བོ།། ” ཟེར་བ་དེ་འདྲ་ལྷ་སའི་དམངས་གཞས་ནང་། ཆུ་མོ་དྭངས་བཟང་དབང་པོ་ཟེར་བ་མང་པོ་ཡོད་པ་རེད།
“བྱ་དེ་ཁྲུང་ཁྲུང་དཀར་པོ།། གཤོག་རྩལ་ང་ལ་གཡོར་དང༌།། ཐག་རིང་རྒྱང་ལ་མི་འགྲོ།། ལི་ཐང་བསྐོར་ནས་སླེབ་ཡོང༌།།” ལ་མཚོན་ན། ལྷ་ས་མཐིལ་དུ་སྡོད་མཁན་ཞིག་གི་ངོས་ནས་བཤད་ན། ལི་ཐང་དེ་ཐག་ཉེ་བོ་མ་རེད། ཐག་རིང་བོ་རེད། འབའ་ཐང་གི་ཕོ་གསར་ཞིག་ལི་ཐང་ལ་འགྲོ་བཞིན་ཡོད་ན། ཁོ་རང་གི་དགའ་རོགས་ལ་ཐག་རིང་རྒྱང་ལ་མི་འགྲོ་ལི་ཐང་སྐོར་ནས་བསླེབས་ཡོང་ལབ་ན་འགྲིག་གི་རེད། དེ་བཞིན། “དབུ་ཞྭ་དབུ་ལ་བཞེས་སོང༌།། དབུ་ལྕང་རྒྱབ་ལ་དབྱུགས་སོང༌།། ག་ལེ་ཕེབས་དང་བྱས་པས།། ག་ལེ་བཞུགས་ཤིག་གསུངས་བྱུང༌།། ཐུགས་སེམས་སྐྱོ་ཡོང་བྱས་པས།། མགྱོགས་པོ་འཕྲད་ཡོང་གསུངས་བྱུང༌།།” ལྟ་བུར་མཚོན་ན། རྒྱལ་བ་རིན་པོ་ཆེ་ཡིས་སྤྱིར་བཏང་གི་བུད་མེད་ཅིག་ལ་དེ་འདྲའི་ཞེ་ས་རྒྱག་གི་རེད་དམ། དེ་གཅིག་རེད། གཉིས་པ་སྐད་ཆའི་ཡོང་སྟངས་ལ་བལྟས་ན་བུད་མེད་དེ་ཚུར་ཚངས་དབྱངས་རྒྱ་མཚོའི་སར་ཡོང་སྟེ་ཕྱིར་ལོག་གི་ཡོད་པའི་རྣམ་པ་འདུག སྐབས་དེར་བུད་མེད་ཅིག་རྒྱལ་བ་རིན་པོ་ཆེའི་སར་ཚུར་ཡོང་ཕོད་གི་རེད་དམ། གལ་སྲིད་ཕོད་པའི་དབང་དུ་བྱས་ཀྱང་དབུ་ལྕང་རྒྱབ་ལ་གཡུགས་ཏེ། ཕྱི་མིག་ཙམ་ཡང་མི་ལྟ་བར་འགྲོ་གི་རེད་དམ། འདིའི་ནང་དོན་ལ་བསམ་བློ་ཞིབ་ཚགས་བཏང་ན། དབུ་ཞྭ་དབུ་ལ་བཞེས་ཏེ་ཕར་འགྲོ་མཁན་དེ་སྐབས་དེའི་སྐུ་དྲག་སྐྱེས་པ་ཞིག་ཡིན་པ་དང་། ཚུར་ཕྱོགས་ནས་མཐོང་ཚོར་གླུ་རུ་ལེན་མཁན་དེ་བུད་མེད་ཅིག་ཡིན་ན་འགྲིག་པ་འདྲ་བོ་ཞིག་འདུག
ཚངས་མགུར་ཡིན་ཟེར་བ་དེ་དག་ནང་ཁྱིམ་པ་ཕོ་མོའི་བརྩེ་དུང་མཚོན་སྟངས་དང་། སྤྱི་ཚོགས་ཀྱི་སྣང་བརྙན་འབྲི་བཞེངས་བྱེད་སྟངས་སོགས་ཧ་ལས་པ་རེད། འཛམ་གླིང་ལ་ངོ་གནོངས་མི་དགོས་པའི་བོད་པའི་ཐུན་མོང་མ་ཡིན་པའི་སྙན་ངག་འདི་དག་རེད་བསམ་ཡོད། དཔེར་ན། “གྲུ་ཤན་སེམས་པ་མེད་ཀྱང༌།། རྟ་མགོས་ཕྱི་མིག་བལྟས་བྱུང༌།། ཁྲེལ་གཞུང་མེད་པའི་བྱམས་པས།། ང་ལ་ཕྱི་མིག་མི་ལྟ།།” འདི་ལྟ་བུར་མཚོན་ན་བོད་པའི་སྐད་ཀྱི་བཅུད་དང་། བོད་རང་གི་རིག་གཞུང་གི་གཏིང་ཡོད་པ་དེ་འདྲ་རེད། བོད་ཀྱི་སྙན་ངག་གི་ཚབ་མཚོན་དེ་ལྟ་བུའི་རྩ་ཆེན་པོ་ཞིག་མི་གཅིག་གི་སྟེང་ལ་བཞག་པ་དང་། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེའི་སྟེང་ལ་བཞག་པ་དེ་སྙན་ངག་པའི་གཟུགས་བརྙན་བཞེངས་སྐྲུན་ལ་ཕན་ཐོགས་སྲིད་མོད། དེ་ནི་ལོ་རྒྱུས་དོན་དངོས་དང་མཐུན་ནམ་སྙམ་པའི་དོགས་པ་ཞིག་འདུག་པ་མ་ཟད། ཕྱོགས་གཞན་ཞིག་ནས་བཤད་ན། འཇིག་རྟེན་ཐུན་མོང་གི་བཤད་སྟངས་བྱས་ན་མགུར་གླུ་དེ་དག་ནང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་ཡོད་པ་མ་རེད། ཐུན་མོང་མ་ཡིན་པ་ཟེར་བ་དེའི་སྟེང་ལ་བཙན་གྱིས་བཞག་ན་ལུང་བསྟན་ཡིན་པ་འདྲ་བོ་ག་རེ་ལབ་ལབ་རེད།
ཚངས་དབྱངས་རྒྱ་མཚོའི་མགུར་ཡོངས་རྫོགས་ཚིག་རྐང་དྲུག་མ་རེད། ཏུན་ཧོང་ཡིག་རྙིང་གི་རྨང་གཞིའང་ཚིག་རྐང་དྲུག་མ་རེད། ཏུན་ཧོང་ཡིག་རྙིང་ནང་དུ་ཚིག་གི་ཁ་སྐོང་ལྟ་བུར་ ‘ནི’དང་ ‘ལ’མང་པོ་ཞིག་ཡོད་པ་དེ་ད་ལྟ་ང་ཚོའི་གླུ་གཞས་ནང་མང་པོ་འདུག དཔེར་ན། དབུས་གཙང་པས་ ‘མཆོད་ཆང་ལ་ནི་སྦྲང་རྩིའི་སྙིང་ཁུ།།’ ཟེར་བ་ལྟ་བུ་དང་། ‘ཡ་ལགས་ནི་སོ།༼ཡ་ལ་སོ། ཡ་ལགས་སོ༽’ཟེར་བ་ལྟ་བུ་ཡོད་པ་རེད། ཡིན་ནའང་མདོ་སྨད་ཕྱོགས་ལ་མི་རིགས་མང་པོ་འདྲེས་ཡོད་སྟབས་ས་གནས་རང་གི་གདོད་མའི་གཞས་དེ་གང་འདྲ་ཞིག་ཡིན་མིན་བཤད་ཐུབ་ཀྱི་མི་འདུག ཨ་མདོའི་ཕྱོགས་སུ་གྲྭ་བའི་སྡེ་ན། ‘གཞའ’ ཟེར་བའི་ལེན་རྒྱུ་ཞིག་ཡོད་པ་དེའང་ཚིག་རྐང་དང་མིང་ཐོགས་ཚུལ་སོགས་ལ་བལྟས་ན་ལྷ་སའི་དམངས་གཞས་ཀྱི་ཤུགས་རྐྱེན་འདུག གཞའ་ཟེར་བ་དེ་ཡོངས་གྲགས་ཀྱི་གཞས་ཤིག་མ་རེད། ངོ་ཚ་ཞིག་ལ་བརྩིས་ཏེ་རྒན་པ་ཚོས་མ་གཏོགས་ཤེས་ཀྱི་མ་རེད། གྲྭ་བ་གྲྭ་བར་དགའ་རོགས་སྒྲིག་སྐབས་ཀྱི་བརྩེ་དུང་གི་གཞས་ཤིག་ཡིན་ས་རེད། དབུས་གཙང་གི་གཞས་ཟེར་བ་དེ་ཨམ་སྐད་ནང་གཞའ་ལ་སྒྲ་འགྱུར་བ་རེད་བསམ་གྱི་འདུག དེ་སྤྱིར་བཏང་གི་བསམ་ཚུལ་ཙམ་ཞུས་པ་ཡིན། གཞན་ཡང་། གཞན་གྱི་ཤུགས་རྐྱེན་ཞུགས་མ་ཞུགས་དེ་གལ་ཆེན་པོ་མ་རེད་སྙམ། གཙོ་བོ་ཤུགས་རྐྱེན་འོག་ནས་རང་ཉིད་ཅན་ཆགས་རྒྱུ་དེ་ཁག་པོ་རེད་བསམ་།
དོན་འགྲུབ་བཀྲ་ཤིས། སྔོན་ཆད་ཁྱེད་རང་རྩོམ་པ་པོ་ཞིག་རེད། ཉིས་སྟོང་ལོའི་རྗེས་ནས་བཟུང་གློག་བརྙན་བཟོ་མགོ་བརྩམས་ཏེ་ <<མཚོ་སྔོན་པོ།>>དང་། <<དབྱར་རྩྭ་དགུན་འབུ།>>།<<སྔགས་པ།>>། <<ཨ་ནེ་ལྷ་ལྕམ།>>སོགས་བཟོས་པ་རེད།ཁྱེད་རང་གི་བསམ་བློའི་འགྱུར་རིམ་དང་མ་འོངས་ལས་འཆར་རོབ་ཙམ་གསུང་ཆོག་གམ།
ལྗང་བུ། སྤྱིར་རིག་གནས་གསར་བརྗེ་ཆེན་པོ་ཟེར་པ་དེ་བཤད་མ་དགོས་པ་རེད། ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་དུའང་བོད་པའི་རིག་གནས་གཏོར་བཤིག་མཚམས་བཞག་ཡོད་པ་མ་རེད། གཏོར་བཤིག་མི་ཐུབ་པ་དག་ཀྱང་དཔལ་འབྱོར་ཁེ་ཕན་སོགས་ལ་དམིགས་ཏེ་རྫུན་བཟོ་དང་འཁྱོག་བཤད་བྱས་ནས་འགྲོ་བཞིན་འདུག བོད་མི་དཔོན་པོ་དང་ཤེས་ཡོན་པ་ཚོའང་སངས་ལ་མ་སངས་བར་ན་ལྷག་ཡོད་པ་རེད། སྐབས་དེར་སོ་སོའི་གནས་སྟངས་ཀྱང་དེ་བཞིན་རེད། ཡིན་ནའང་སྐབས་དེར་མ་མཐར་ཡང་སོ་སོས་གང་ཐུབ་པ་དེ་བསྡུ་རུབ་བྱེད་ཐུབ་ན་སྙམ་ཏེ། ༡༩༨༢ ལོ་ཙམ་ནས་ང་ཚོའི་ས་གནས་ཀྱི་མི་རབས་རྒན་པ་ཁ་ཤས་ལ་ཇག་ལ་འགྲོ་སྟངས་དང་། ཁ་མཆུ་ལ་གཟུ་བཤད་སྟངས་སོགས་བཅར་འདྲི་བྱས་ཏེ་སྒྲ་འཇུག་བྱས་པ་ཡིན། གང་ལྟར་ང་རང་ཟིན་ཐོ་རྒྱག་པ་ལ་དགའ་པོ་ཡོད། ལོ་རྒྱུས་ཟེར་པ་དེ་ཡང་བྱུང་ཟིན་དག་ལས་ཟིན་ཐོར་འཁོད་ཚར་པ་དེ་ཉག་ཅིག་རེད།
ང་རང་གིས་གློག་བརྙན་བཟོས་པ་དེ་ ༡༩༩༣ ལོའི་མཇུག་ཙམ་ནས་མགོ་བརྩམས་པ་རེད། ཐོག་མ་རྒྱ་ནག་གི་གློག་བརྙན་བཟོ་མཁན་སྒེར་པ་འགའ་དང་མཉམ་དུ་རྒྱལ་དབང་ཀརྨ་པ་མཆོག་གི་སྐོར་ལ་ཆུ་ཚོད་ ༣ ཅན་གྱི་གློག་བརྙན་ཞིག་དང་། པོ་ཏ་ལ་ཡི་སྐོར་ལ་ཆུ་ཚོད་གཅིག་དང་ཕྱེད་ཀའི་སྤྱིན་ཤོག་གློག་བརྙན་གཅིག་དང་བརྙན་འཕྲིན་ལེའུ་ལྔ་ཡི་བདག་ཉིད་ཅན་ཞིག་བཟོས་ཡོད། དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཞི་ཞིག་རེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འོས་སྤྲུལ་སྐལ་བཟང་རྣམ་གྲོལ་མཆོག་ད་ལྟ་དངུལ་ཆུ་དྷརྨ་པ་ཊའི་དགོན་པ་བཀྲ་ཤིས་རྒྱན་འཕེལ་གླིང་གི་བླ་མར་བཞུགས་པ་དེའི་སྐོར་གྱི་གློག་བརྙན་ཞིག་བཟོས་ཡོད་པ་སོགས་གློག་བརྙན་བཅུ་གྲངས་ཞིག་གི་ལས་གཞིར་མཉམ་ཞུགས་བྱས་མྱོང་། ཡིན་ན་ཡང་དེ་དག་ནང་ང་རང་ལ་འཁྲབ་ཁྲིད་པའི་མིང་ཡོད་པ་མ་རེད། ༢༠༠༤ ལོར་སོ་སོ་འཁྲབ་ཁྲིད་བྱས་ཏེ་གློག་བརྙན་ཞིག་བཟོས་ཡོད་ཀྱང་དེ་འདོད་པ་ཁེངས་བ་ཞིག་བྱུང་མ་སོང་། དེའི་རྗེས་ལ་ <<མཚོ་སྔོན་པོ>>ཟེར་པ་ཞིག་དང་། <<དབྱར་རྩྭ་དགུན་འབུ>>ཟེར་བ་ཞིག་བཟོས་པ་དེ་རྒྱལ་ཁབ་བཅུ་གྲངས་ཤིག་ནང་བསྟན་ཏེ་དགའ་བསུའང་ཆེན་པོ་ཐོབ་སོང་། ད་ལྟ་སྐུ་ངོ་ཚ་རོང་བདུད་འདུལ་རྣམ་རྒྱལ་མཆོག་གི་གློག་བརྙན་སྐོར་གྱི་གློག་བརྙན་ཞིག་དང་རྡོ་སྒྲུང་ཟེར་པའི་གློག་བརྙན་ཞིག་བཟོ་བཞིན་ཡོད།
ཟུར་བརྗོད།
རྩོམ་པ་པོ་རྡོ་རྗེ་ཚེ་རིང་ངམ་ཡོངས་གྲགས་སྨྱུག་མིང་ལ་ལྗང་བུ་ལགས་ནི། ཕྱི་ལོ་ ༡༩༦༣ ཟླ་ ༦ པར་མདོ་སྨད་རྨ་ལྷོ་སོག་རྫོང་གི་སྐུ་ཁང་ཞེས་པར་རྔ་བའི་ལྕེ་ནག་ཚང་གི་རུས་སུ་ཕ་འཇམ་དབྱངས་ཐུབ་བསྟན་ལགས་དང་། མ་མགར་སྲས་དུད་ཁྱིམ་བཞིའི་རུས་ཁོངས་སུ་གཏོགས་པ་སྒྲོན་དཀར་སྐྱིད་ལགས་གཉིས་ལ་བུ་སྤུན་མིང་སྲིང་བཅུ་ཡོད་པ་ལས་གསུམ་པར་སྐུ་འཁྲུངས། ཕྱི་ལོ་ ༡༩༧༡ ལོར་རྨ་ལྷོ་སོག་རྫོང་གི་ཆ་ཚང་སློབ་ཆུང་དུ་སྐྱོད་པ་དང་། ༡༩༧༥ ལོར་རེབ་གོང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་ཤིང་ ༡༩༨༡ ལོར་སློབ་མཐར་ཕྱིན་ཏེ་ ༡༩༨༤ ལོའི་བར་རྨ་ལྷོ་སོག་རྫོང་གི་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༨༢ ལོར་རྒྱ་ནག་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཟླ་དྲུག་རིང་རྫས་འགྱུར་རིག་པ་ཟབ་སྦྱོང་གནང་བ་དང་། ༡༩༨༤ ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞུགས།
༡༩༨༨ ལོར་ལྷ་སར་ཕྱིན་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་དང་། <<སྤང་རྒྱན་མེ་ཏོག>>དང་། <<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>སོགས་ཀྱི་རྩོམ་སྒྲིག་པའི་ཕྱག་ལས་གནང་། ༢༠༠༢ ལོ་ནས་ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་རྒྱལ་སྤྱིའི་སྐད་ཡིག་དང་སྤྱི་ཚོགས་དཔལ་ཡོན་སློབ་ཆེན་གྱི་དགེ་རྒན་གནང་ཡོད་པ་དང་། ད་ཆར་ཧྥ་རན་སར་བཞུགས་མུས་ཀྱིས་ཕྲུ་གུ་བུ་ཞིག་དང་བུ་མོ་ཞིག་བཅས་ཡོད།
ལྗང་བུ་ལགས་ཀྱི་བརྩམས་སྒྲུང་<<ཆ་མི་འགྲིག་པའི་ལྷམ།>>དང་། རང་མོས་སྙན་ངག་<<གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས།>>སོགས་ལ་དེ་སྔར་སྤྱི་ཚོགས་ནང་གདེང་འཇོག་ཆེན་པོ་ཐོབ་ཡོད་པ་མ་ཟད། ༼ལྗང་བུའི་རྩོམ་བཏུས-སྙན་ངག་དེབ། ༡༩༩༥ལོ༽དང་། ༼ལྗང་བུའི་རྩོམ་བཏུས།-ལྷུག་རྩོམ་དེབ། ༡༩༩༧ ལོ༽། ༼གཟི་མིག་དགུ་བ། ༢༠༠༡ ལོར་ ༽ ༼གཟི་མིག་དགུ་བ་དབྱིན་འགྱུར་མ། ༢༠༡༠ ལོ ༽། ༼གཟུགས་མེད་ཀྱི་གཏུབ་གྲི་ཧྥ་རན་སིའི་འགྱུར་། ༢༠༡༣ལོ། ༽། ༼སྙན་ངག་ཉི་ཤུ་ཐམ་པ་མ་ཝྥ་རན་སིའི་འགྱུར་། ༽སོགས་སྔ་ཕྱིར་དེབ་དྲུག་ཙམ་དཔར་འགྲེམ་ཞུས་ཡོད་པ་དང་། ༡༩༩༧ ལོ་ནས་བཟུང་ད་བར་འཛམ་གླིང་ཡུལ་གྲུ་སོ་སོའི་སློབ་གྲྭ་ཆེན་མོ་དང་ཉམས་ཞིབ་ཁང་སུམ་བཅུ་ལྷག་ལ་བོད་ཀྱི་སྙན་ངག་དང་། གློག་བརྙན། རི་མོའི་སྒྱུ་རྩལ་སོགས་ལས་འཕྲོས་པའི་འཆད་ཁྲིད་དང་གཏམ་བཤད་བཅུ་ཕྲག་དུ་མ་སྤེལ་གནང་མྱོང་ལ། རྒྱལ་སྤྱིའི་རང་བཞིན་གྱི་སྙན་ངག་དུས་སྟོན་དུ་མར་མཉམ་ཞུགས་གནང་ཡོད་འདུག སྟོང་ལོ་གསར་པ་ནས་བཟུང་གློག་བརྙན་བཟོ་སྐྲུན་གྱི་ལས་སུ་ཞུགས་ཏེ་<<མཚོ་སྔོན་པོ།>>དང་། <<དབྱར་རྩྭ་དགུན་འབུ།>>། <<སྔགས་པ།>>། <<ཨ་ནེ་ལྷ་ལྕམ།>>ཟེར་བ་སོགས་བཟོས་ཏེ་རྒྱལ་ཁབ་མང་པོའི་ནང་གཟུགས་འབུལ་ཞུས་ཡོད། ད་ལྟ་གཟི་མིག་དགུ་བའི་རིག་གཞུང་ཚོགས་པའི་ཚོགས་གཙོ་དང་ཏྭ་རེ་གློག་བརྙན་བཟོ་སྐྲུན་གྱི་འགན་འཛིན་གནང་མུས་བཅས།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
༅༅། ང་བོད་པ་ཡིན་པས་ཁྱོད་ལ་དགའ། བོད་ཁ་བའི་མི་ལ་རྐྱེན་ཞིག་འཕྲད།
རྐྱེན་བྱུང་རྕ་རྒྱ་དམར་པོ་རེད། རྒྱ་དམར་པོས་ཇི་བྱས་བརྗེད་མི་ཉན།
བོད་གཞིས་བྱེས་གཉིས་པོ་ཁ་བྲལ་བཏང། ཕྱི་ལུང་པ་གང་སར་འཐོར་ནས་བསྡད།
འཐོར་དགོས་པ་སྔོན་གྱི་ལས་དབང་རེད། བརྗེད་མི་ཉན་རང་གི་སྐད་ཡིག་གཉིས།
སེམས་དཀྱིལ་དུ་བཟུང་ཞིག་བཙན་པོའི་བུ།