བཙན་བྱོལ་བོད་མིའི་མཐོ་སློབ་དང་དགོན་སྡེ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ཀྱི་འཐུས་མི་ཚོས་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་དགོས་པའི་བསམ་འཆར་ཁག་ ༥༦ དང་འོས་བསྡུའི་ཆ་ཤས་ལེན་པར་ཚད་བཀག་ཐེབས་ཀྱི་ཡོད་པའི་དོན་གནད་ ༧ བཏོན་ཡོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༣ ནས་ཚེས ༢༤ བར་ཉིན་གཉིས་རིང་དྷ་ས་ནོར་བུ་མགྲོན་ཁང་དུ། བཙན་བྱོལ་བོད་མིའི་མཐོ་སློབ་ཁག་དང་། དགོན་སྡེ་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་སྤྱི་ཚོགས་ཁྲོད་ཀྱི་ཤེས་འཇོན་ཐུགས་སྣང་ཅན་སོགས་འཐུས་མི་བཞི་བཅུ་ལྷག་བསྡུ་སྐོང་བྱས་ཏེ། འདི་ལོའི་སྲིད་སྤྱིའི་འོས་བསྡུའི་གནས་ཚུལ་ལ་གཞིགས་པའི་འོས་བསྡུའི་སྒྲིག་གཞིར་ལེགས་བཅོས་གནང་དགོས་པ་གང་ཡོད་ཐོག་དགོངས་འཆར་ཕྱོགས་བསྡུས་བྱས་པ་བརྒྱུད། བཙན་བྱོལ་བོད་མིའི་འོས་བསྡུའི་དགེ་མཚན་ ༢༠ དང་སྐྱོན་གནད་ ༣༠ ། འོས་བསྡུའི་ཆ་ཤས་ལེན་པར་ཚད་བཀག་བཟོ་ཡི་ཡོད་པའི་དོན་གནད་ ༧། བསྐྱར་བཅོས་དགོས་པའི་བསམ་འཆར་ཁག་ ༥༦ བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ལ་ཕུལ་ཡོད་འདུག
དགོངས་འཆར་ཕྱོགས་བསྡུས་ཀྱི་ནང་བསམ་འཆར་ཁག་ ༥༦ ཕུལ་ཡོད་པ་ནི།
༡། གྲོས་ཚོགས་འཐུས་མི་རྣམ་པས་རང་ཉིད་རྒྱ་ཆེའི་མང་ཚོགས་ཀྱི་སྐུ་ཚབ་ཡིན་པའི་ཐུགས་འགན་ཁུར་སྟེ་ཚོགས་ དུས་སོ་སོར་ཆད་ལུས་མི་ཡོང་བ་གནང་གལ་ཆེ་བ་མ་ཟད། ཁྱད་པར་དུ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ ཚོགས་གཞོན་བསྐོ་འདེམས་གནང་སྐབས་ཚང་འཛོམས་གནང་རྒྱུ་ཧ་ཅང་གལ་ཆེ།
༢། སྤྱི་ཚོགས་དྲ་ལམ་གྱི་ཚོགས་ཆུང་ཞིག་གསར་འཛུགས་གནང་ཐུབ་ཚེ་སྤྱི་ཚོགས་ནང་རྙོག་ཟིང་མི་ཡོང་པར་དགེ་ མཚན་ཆེ།
༣། མང་གཙོའི་ལམ་ལུགས་དང་མཐུན་པའི་ཐོབ་ཐང་ཆ་ཚང་ལོངས་སུ་སྤྱོད་པ་དང་སྦྲགས། དེ་མཚུངས་ཀྱི་འོས་ འགན་འཁུར་ཐུབ་པ་གནང་རྒྱུའང་ཧ་ཅང་གལ་ཆེ།
༤། འོས་བླུགས་སྐབས་ཡིག་རྨོངས་བ་དང་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཟོལ་གྱིས་འོས་ཀྱི་ཁེ་ཕན་ ལེན་ཐབས་བྱེད་པ་ཡག་པོ་མི་འདུག
༥། སྔོན་འགྲོའི་འོས་བསྡུ་ཚར་རྗེས་འོས་བསྡུའི་སྒྲིག་གཞིའི་ནང་དེ་སྔ་གསལ་ཁ་མེད་རིགས་ཐག་གཅོད་གནང་ཚེ་ མི་མང་བསམ་འདུན་ལ་དོ་ཕོག་འབྱུང་གི་ཡོད།
༦། བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་དུས་ཚོད་མི་འདྲ་བ་བཟོ་རྒྱུ་གལ་ཆེ།
༧། མི་མང་ལ་བཀའ་སྤྱི་གཉིས་ཀྱི་འོས་མི་སོ་སོའི་རྒྱབ་ལྗོངས་ལོ་རྒྱུས་ཞིབ་གསལ་ངོ་སྤྲོད་གནང་གལ་ཆེ།
༨། སྔོན་འགྲོའི་འོས་བསྡུ་དང་དངོས་གཞིའི་འོས་བསྡུའི་བར་གྱི་དུས་ཡུན་ཐུང་དུ་གཏོང་དགོས།
༩། ཆོལ་ཁ་དང་ཆོས་བརྒྱུད་ངོས་ནས་སྲིད་སྐྱོང་འོས་མི་དམིགས་བཙུགས་བྱ་མི་ཆོག་པ་བཟོས་དགོས།
༡༠། ས་གནས་ཚང་མར་གཅིག་གྱུར་གྱི་འོས་སྒམ་དགོས་པ་མ་ཟད། རབ་བྱུང་ན་འཕྲུལ་ཆས་འོས་སྒམ་(Electronic Voting Machine)སྤྱོད་གལ་ཆེ།
༡༡། འོས་བསྡུའི་དུས་སྐབས་སུ་དབུས་དང་ཁ་ཐག་རིང་བའི་ས་གནས་ཁག་གི་འབྲེལ་ཡོད་ལས་བྱེད་རྣམས་ལ་ལམ་ སྟོན་བཀོད་ཁྱབ་ངེས་འདྲོངས་ཡོང་གལ་ཆེ།
༡༢། འོས་མིར་ལངས་སྐབས་༧གོང་ས་མཆོག་གི་མཚན་གང་བྱུང་བེད་སྤྱོད་མི་ཆོག་པ་བཟོ་དགོས།
༡༣། གསར་འགྱུར་བརྒྱུད་ལམ་ཁག་གིས་ཆ་ཤས་ལེགས་པོ་ལེན་དགོས།
༡༤། འབྲེལ་ཡོད་ཚོགས་སྡེ་ཁག་གིས་མང་གཙོའི་འཕེལ་རིམ་དང་འོས་བསྡུའི་གལ་གནད་སྐོར་མང་ཚོགས་ལ་གོ་ རྟོགས་སྤེལ་སླད་ལས་འགུལ་གང་མང་སྤེལ་གལ།
༡༥། འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ལམ་སྟོན་ཁག་སྔ་ཕྱིར་འགྱུར་བ་མེད་པར་དུས་ཐོག་གསལ་བསྒྲགས་ཁ་ གསལ་གནང་དགོས།
༡༦། བཟང་སྤྱོད་ཀྱི་རིན་ཐང་དང་། བོད་མིའི་རང་གཤིས་བཟང་པོ་མ་དོར་བར་སྤྱི་དོན་ལ་འགན་འཁུར་དགོས།
༡༧། འོས་འཕེན་པའི་ཆ་རྐྱེན་དུ་དང་བླངས་དཔྱ་ཁྲལ་ལག་དེབ་སྤྱོད་མི་དགོས་པར་འོས་བསྡུའི་ལག་འཁྱེར་ལོགས་ སུ་ཡོད་པ་བཟོ་དགོས། (འོས་འཕེན་པའི་ཐོབ་ཐང་དང་དཔྱ་ཁྲལ་གཉིས་ཁ་ཁ་བཟོ་དགོས།)
༡༨། འོས་བསྡུ་མ་རན་གོང་ལ་དབུས་འོས་བསྡུ་ལས་ཁང་གིས་ས་གནས་འོས་བསྡུའི་ལས་བྱེད་རྣམས་ལ་ལས་དོན་ བསྒྲུབ་ཕྱོགས་ལམ་སྟོན་གནད་སྨིན་གནང་དགོས།
༡༩། འོས་བསྡུའི་སྒྲིག་གཞིའི་ནང་ལོ་ཟླ་ཚེས་གྲངས་ཁ་གསལ་འཁོད་དགོས།
༢༠། མ་འོངས་པར་༸གོང་ས་མཆོག་ཐུགས་ཕམ་མི་ཡོང་བ་དང་། ཆོལ་གསུམ་ཆིག་སྒྲིལ་ཡོང་བར་སྔར་བས་འབད་བརྩོན་གནང་གལ་ཆེ།
༢༡། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་མང་ཚོགས་ལ་དུས་ནས་དུས་སུ་དམངས་གཙོ་དང་འོས་བསྡུའི་གོ་རྟོགས་སྤེལ་རྒྱུ་རྒྱུན་འཁྱོངས་གནང་དགོས།
༢༢། བོད་སྤྱིའི་ཚབ་མཚོན་ཐུབ་པའི་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ཡོད་སྟབས། ཆོས་ལུགས་སམ་ཆོས་བརྒྱུད་ཁག་གི་སྤྱི་འཐུས་མེད་ན་འཐུས་པ།
༢༣། ད་ཡོད་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞིར་འགྱུརབ་བཏང་སྟེ། ས་གནས་མི་འབོར་ལ་གཞིགས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་གསར་བཟོ་གནང་དགོས།
༢༤། ང་ཚོར་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའིདབུ་ཁྲིད་ཅིག་དགོས་མིན་ལ་བསྐྱར་དུ་དགོངས་པ་བཞེས་ དགོས།
༢༥། གྲོས་ཚོགས་གོང་འོག་གཉིས་བཟོ་དགོས་པ།
༢༦། མི་གཅིག་ལ་འོས་ཤོག་གཅིག་གི་ཐོབ་ཐང་བཟོ་དགོས།
༢༧། འོས་བསྡུ་མཇུག་རྫོགས་རྗེས་འོས་བསྡུ་ལྷན་ཁང་གིས་འགྲེལ་བཤད་ཁ་གསལ་གནང་དགོས།
༢༨། འོས་བསྡུ་མཇུག་བསྒྲིལ་རྗེས། ས་གནས་སོ་སོའི་གྲུབ་འབྲས་དུས་གཅིག་ཏུ་དབུས་འོས་བསྡུ་ལས་ཁང་གིས་ཁྱབ་བསྒྲགས་གནང་དགོས།
༢༩།མི་མང་ལ་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་ཡོངས་རྫོགས་མཁྱེན་རྟོགས་དང་ཉམས་ལེན་གྱི་ཐོབ་ཐང་འདྲ་མཉམ་ཡོང་ཐུབ་པ་བྱ་དགོས།
༣༠། འོས་འཕངས་ཟིན་པའི་རྟགས་སུ་བསུབ་དཀའ་བའི་སྣག་ཚ་སྟེ་རྒྱ་གར་གཞུང་གིས་སྤྱོད་བཞིན་པའི་(indelible ink)ཞེས་པ་བོད་སྤྱོད་གནང་ན་ལེགས།
༣༡། འོས་བསྡུའི་སྐོར་ལ་ཆེད་ལས་པ་གདན་འདྲེན་གྱིས་ཟབ་སྦྱོང་གནད་སྨིན་སྤྲོད་ཐབས་ཅི་དགེ་གནང་གལ།
༣༢། སྒྲིག་གཞི་ཁ་གསལ་བཟོ་དགོས།
༣༣། སྒྲིག་གཞི་ཚུལ་བཞིན་ལག་བསྟར་གནང་དགོས།
༣༤། སྲིད་སྐྱོང་འོས་མི་གཉིས་པ་དང་གསུམ་པའི་དབར་འོས་གྲངས་བརྒྱ་ཆ་ ༢༠ ཧེ་བག་ཅེས་པ་དེ་འོས་བསྡུའི་སྒྲིག་གཞིར་འཁོད་གནང་དགོས།
༣༥། གཞུང་ཞབས་དང་མང་ཚོགས་ཀྱི་འཐུས་ཚབ་ཚང་འཛོམས་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གནང་ དགོས།
༣༦། དོན་ཚན་ ༡༨ ནང་གསེས་ ༤ འོས་འཕེན་པའི་ཆ་རྐྱེན་ལ། བོད་ཀྱི་ཡུལ་མི་གང་ཞིག་དང་བླངས་དཔྱ་དངུལ་ ལག་དེབ་ཀྱི་སྐྱེས་ལོ་སྐྱེས་ཚེས་གཞིར་བཟུང་རང་ལོ་བཅོ་བརྒྱད་ཧྲིལ་པོ་ལོན་པ་དགོས་ཚུལ་སྣོན་དགོས།
༣༧། དོན་ཚན་ ༢༤ ནང་གསེས་ ༡༠ པར། མཐོ་སློབ་ཁག་ལས་དགོན་སྡེ་གྲྭ་ཚང་དང་སློབ་གྲྭ་ཁག་ཏུ་འོས་བསྡུའི་ དྲིལ་བསྒྲགས་སྤེལ་ཆོག་གི་མེད་ཚུལ་འཁོད་དགོས།
༣༨། ནང་གསེས་ ༡༢ གསར་འཇུག འོས་བསྡུའི་དྲིལ་བསྒྲགས་སྐབས་སྦྱར་ཡིག་རྣམས་གཅིག་གྱུར་དང་ཚད་ལྡན་ཡོང་དགོས།
༣༩། ལེའུ་བཞི་པའི་དོན་ཚན་ ༣༧ ནང་། ས་གནས་མི་འབོར་ལ་གཞིགས་ཏེ་སྤྱི་འཐུས་འོས་འདེམས་བྱ་རྒྱུ་ཞེས་འཁོད་དགོས།
༤༠། འོས་བསྡུ་སྒྲིག་གཞིའི་དོན་ཚན་ ༢༤ ནང་གསེས་ ༤ པ། གཞུང་འབྲེལ་ལས་བྱེད་ཞེས་པའི་ངོ་བོ་དང་ཁྱབ་ཚད་ གསལ་བོ་དགོས།
༤༡། འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འོས་བསྡུའི་སྒྲིག་གཞི་བསྒྱུར་བཅོས་དང་ལམ་སྟོན་གསལ་ བསྒྲགས་གཏོང་མི་ཆོག དཔེར་ན། དབུས་འོས་བསྡུ་ལྷན་ཁང་གིས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༤ ལ་སྤེལ་བའི་གསལ་བསྒྲགས་ལྟ་བུའོ།།
༤༢། སྲིད་སྤྱིིའི་འོས་ཆོས། དོན་ཚན་ ༦༣ པར། ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པའམ། བཙན་བྱོལ་ བོད་མིའི་ཁྲིམས་ཞིབ་ཁང་ནས་མཐའ་མའི་བཅད་ཁྲ་བཏང་བར་ཉམས་ལེན་ལག་བསྟར་མ་བྱས་པས་བོད་ཀྱི་ ཡུལ་མིའི་ལས་འགན་མ་བསྒྲུབས་པར་ངོས་འཛིན་གྱིས་བཀའ་རྒྱ་བསྒྲཌ་པ་མ་ཡིན་པ་ཞིག་ཅེས་འཁོད་དགོས།
༤༣། དོན་ཚན་ ༢༤ དང་འགལ་ཚེ། ཉེས་པ་ལ་འོས་ཐོབ་ཆ་ཚང་རྩིས་མེད་གནང་རྒྱུ་ཞེས་པ་དེ། འོས་ཐོབ་བརྒྱ་ཆ་ ༤༥ རྩིས་མེད་གཏོང་རྒྱུ་ཞེས་པར་བཅོས་དགོས། རྒྱུ་མཚན་ནི་ལག་བསྟར་བྱེད་བདེ་བ་དང་ལག་བསྟར་བྱེད་ རུང་བས་སོ།
༤༤། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༦ པའི་ནང་གསེས་ ༤ པར། འོས་བསྡུ་དང་འབྲེལ་བའི་རྩོད་རྙོག་རིགས་ས་གནས་འོས་བསྡུ་ལས་ཁང་ནས་ཞིབ་འཇུག་ཐག་གཅོད་བྱེད་དགོས་པ་དང་། ས་གནས་འོས་བསྡུ་ལས་ཁང་ལ་ཞུ་གཏུགས་ཆོག དབུས་འོས་བསྡུ་ལས་ཁང་ནས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་ཆོག་པ་ཡིན། ཞེས་ཞུ་གཏུགས་བྱེད་ཕྱོགས་ཙམ་འཁོད་ཡོད་པ་ཙམ་ལས། རིམ་པ་རེ་རེ་བཞིན་དུས་བཅད་ག་ཚོད་ནང་ཐག་གཅོད་ཟིན་དགོས་མིན་འཁོད་མི་འདུག་པས། དེ་དག་རེ་རེ་བཞིན་དུས་བཅད་ཁ་གསལ་དགོས་ཀྱི་འདུག
༤༥། འོས་བསྡུ་ལྷན་ཁང་གི་ལས་ཁུངས་ཟུར་འཛུགས་དང་། གཏན་འཇག་རྒྱུན་ལས་བསྐོ་དགོས།
༤༦། འོས་བསྡུ་ལས་ཁང་གི་རྒྱུན་ལས་རྣམས་ནས་འོས་བསྡུ་འགན་འཛིན་གྱི་འོས་དམིགས་གསུམ་ལས་མི་ཉུང་བ་བདམས་ཏེ། སྤྱི་འཐུས་ལྷན་ཁང་ནས་མང་མོས་ཀྱིས་ཐག་གཅོད་གནང་དགོས།
༤༧། འོས་བསྡུ་ལྷན་ཁང་གི་རྒྱུན་ལས་རྣམས་ནས་མི་མང་ལ་དུས་ནས་དུས་སུ་འོས་བསྡུའི་སྐོར་གོ་རྟོགས་སྤེལ་བའི་ལས་གཞི་སྣ་ཚོགས་བརྩམ་གནང་དགོས།
༤༨། འོས་བསྡུ་ལྷན་ཁང་གི་ལས་བྱེད་རྣམས་ཆེད་ལས་པའི་ངོ་བོར་བསྒྱུར་ཐབས་གང་དགེ་གནང་དགོས།
༤༩། ཤེས་འཇོན་ལྷག་བསམ་ལྡན་པའི་ན་གཞོན་རིགས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ལ་བསྐོ་ཐབས་གནང་ན་ལེགས།
༥༠། འོས་བསྡུའི་ལས་མི་དག་ལ་ཟབ་སྦྱོང་གནད་སྨིན་སྤྲོད་དགོས།
༥༡། འོས་བསྡུའི་སྐབས་ས་གནས་སོ་སོར་འོས་འཕེན་མཁན་ཚོར་ལྟ་རྟོག་བྱེད་མཁན་མང་དུ་གཏོང་དགོས།
༥༢། འོས་བསྡུ་ཆེན་མོའི་སྐབས་སུ་ཆེད་དུ་རྟོགས་ཞིབ་པ་བསྐོ་དགོས།
༥༣། འོས་བསྡུའི་སྐབས་ཆ་འཕྲིན་དང་སྤྱི་ཚོགས་དྲྭ་བར་ཚད་བཀག་ལྡན་པའི་སྒྲིག་གཞི་བཟོ་དགོས།
༥༤། འོས་བསྡུའི་ལས་སྣེ་བ་རྣམས་ཀྱིས་སྐད་ཆ་གཅིག་གྱུར་ཡོང་ཆེད་ཟབ་སྦྱོང་དང་ལམ་སྟོན་ཞིབ་ནན་གནང་དགོས།
༥༥། འོས་བསྡུའི་སྒྲིག་གཞི་ལེགས་བཅོས་བྱེད་པར་འོས་བསྡུའི་སྒྲིག་གཞིའི་སྐོར་ལ་རྒྱུས་མངའ་ཟབ་པའི་ཆེད་ལས་པ་གདན་འདྲེན་ཞུ་དགོས། དཔེར་ན། རྒྱ་གར་འོས་བསྡུ་ལས་ཁུང་གི་ཆེད་ལས་མི་སྣ་ལྟ་བུ་འོས་བསྡུའི་སྒྲིག་གཞིའི་ སྐོར་ལ་གོ་རྟོགས་དང་ཉམས་མྱོང་གཉིས་ལྡན་རྣམས་ནས་ལམ་སྟོན་ཞུས་ན་དགེ་མཚན་ཆེ་བར་མཐོང་།
༥༦། འོས་བསྡུའི་སྒྲིག་གཞི་ལེགས་བཅོས་སམ་བསྐྱར་བཅོས་ཚོགས་ཆུང་ཞིག་འཛུགས་རྒྱུ་གལ་ཆེ་ལ། ཚོགས་ཆུང་གི་གྲུབ་ཆར་བཀའ་བློན་དང་སྤྱི་འཐུས་སོགས་གཞུང་དང་འཛིན་སྐྱོང་ལ་ཐད་ཀར་འབྲེལ་བ་ཡོད་པ་ཤ་སྟག་ཙམ་མ་ཡིན་པར། མང་ཚོགས་ཁྲོད་ནས་ཀྱང་ཤེས་འཇོན་ཉམས་མྱོང་ལྡན་ཅིང་དོ་སྣང་ཡོད་མཁན་རིགས་ནས་འཐུས་མི་བསྐོ་ཐབས་བྱུང་ན་དགེ་མཚན་ཧ་ཅང་ཆེ་སྙམ།
དེ་བཞིན་འོས་བསྡུའི་ཆ་ཤས་ལེན་པར་ཚད་བཀག་ཐེབས་ཀྱི་ཡོད་པའི་དོན་གནད་བདུན་ནི།
༡། བོད་མི་རྣམས་ཀྱིས་གནས་ཡུལ་རྒྱལ་ཁབ་སོ་སོའི་ཆབ་སྲིད་ཁེ་ཕན་དང་ཁྲིམས་སྒྲིག་གི་འགྲོ་ལུགས་སོགས་གཞན་དབང་སྟབས་བསྟུན་གནང་དགོས་པའི་དཀའ་ངལ་ཡོད་པ།
༢། འོས་བསྡུའི་བརྒྱུད་རིམ་སྐབས་སྲུང་སྐྱོབ་མེད་པ།
༣། འོས་གྲངས་འབོར་ཆེན་སླེབས་མི་ཐུབ་པ། རྒྱ་གར་འོག་ལས་ཀ་ལས་མཁན་དང་སློབ་གཉེར་གནང་མཁན་དག་ལ་འོས་ཤོག་ཉིན་མོར་གུང་གསེང་མེད་པ།
༤། ལྷ་ཕེབས་པ་སོགས་རྨོངས་དད་ཀྱི་རང་བཞིན་ལྡན་པ།
༥། བལ་ཡུལ་དང་འབྲུག་ཡུལ་ནང་རང་དབང་ངང་འོས་འཕེན་པར་བཀག་རྒྱ་ཡོད་པ།
༦། གྲོས་ཚོགས་སུ་ཆོས་ལུགས་འཐུས་མི་འདེམས་རྒྱུ་ནི་མང་གཙོའི་ཚད་བཀག་ལས་བརྒལ་ཡོད་པ།
༧། ཁྲིམས་ཞིབ་ལྷན་ཁང་གིས་འགན་དབང་ཆ་ཚང་ལག་བསྟར་བྱེད་མི་ཐུབ་པ་བཅས་རེད་འདུག
གསར་འགོད་པ། པདྨ་མཚོ།
མི་གཅིག་ལ་འོས་ཤོག་གཅིག་གི་ཐོབ་ཐང་བཟོ་དགོས།
ཆོས་བརྒྱུད་སྤྱི་འཐུས་རྣམ་པ་སྤྱིར་བཏང་ཆོས་བརྒྱུད་སོ་སོའི་སྐུ་ཚབ་ལྟ་བུའི་རྣམ་པའི་སྒོ་ནས་ཡོང་བ་ཡིན་ནའང་། དོན་དུ་ཆོལ་ཁའི་སྤྱི་འཐུས་ལྟ་བུ་ཆགས་འགྲོ་ཡི་ཡོད་པ་གསལ་པོ་ཡིན་པས། འདིའི་ཕྱོགས་ལ་ངེས་པར་དུ་དགོངས་པ་བཞེས་ཚད་ལ་སླེབས་འདུག རབ་བྱུང་ན་གོང་གི་བསམ་འཆར་བཞིན་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་པ་དང་། དེ་མ་བྱུང་ན་ཆོས་བརྒྱུད་སྤྱི་འཐུས་ལ་ཆོས་བརྒྱུད་སོ་སོའི་ཁོངས་ནས་སྟངས་འཛིན་གནང་ཐུབ་པ་ཞིག་དགོས་འདུག དེ་མིན་དེང་སང་གི་ཆོས་བརྒྱུད་སྤྱི་མཐུས་མང་ཆེ་བ། ཕྱི་སྟོན་པའི་མནབ་བཟའ་གྱོན་ཡང་། ནང་བསམ་པར་གཞན་ཕན་དང་སྤྱི་སེམས་མེད་པར་ཞེན་ཁོག་དང་། མཁྲེགས་འཛིན། དཀྲུགས་ཤིང་། དབང་ཆ་འཐབ་རྩོད་བྱ་བར་སྡིག་པ་མིག་བཙུམས་བྱེད་མཁན་ཤ་སྟག་ཆགས་ཡོང་གི་འདུག བྱེད་སྤྱོད་འདིའི་བག་ཆགས་ཀྱིས་མི་མང་པོ་ཞིག་གི་བསམ་པར་ད་ཆོས་བརྒྱུད་སྤྱི་འཐུས་མ་ཡོང་ན་ཡག་པོ་འདུག་བསམ་གྱི་ཡོད་པ་རེད།
ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཚོ་དམངས་གཙོ་འཕེལ་རྒྱས་ཡོང་བར་བཀག་རྡོ་ལྟ་བུ་ཡིན་པས། མ་འོངས་པར་ཆོས་བརྒྱུད་ཁག་གི་སྤྱི་འཐུས་མེད་པར་བཏང་ན་ལེགས་སོ།
ང་རང་ཡིན་ན་ཡང་ཆོས་ལུགས་སྤ྄ི་འཐུས་མི་དགོས་ཟེར་མཁན་ཞིག་ཡིན །ཡིན་ནཡང་ཡིན་ཅིག་ཆོས་ལུགས་སྤྱི་འཐུས་དགོས་ན་དགེ་མདུན་པས་ཆོས་ལུགས་སྤྱི་འཐུས་འོས་བླུག་པ་ལས་ཆོལ་ཁའི་སྤྱི་འཐུས་བླུག་མི་དགོས་པ་བཟོས་ནའང་ཆོག །
དོན་གནད་ཚ་ཆང་ཡག་པོ་འདུག དེའི་ནང་ནས་དོན་ཚན།
༦
༨
༩
༡༧
༢༢ རྣམས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ནས་དགོངས་པ་ཆེ་བཞེས་ཀྱིས་དེ་གའི་སྙན་ཐོ་ནང་ངེས་པར་དུ་འཇུག་དགོས་པ་དང་ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་བསྐྱར་བཅོས་གནང་བས་རེ་བ་དང་ཡིད་ཆེས་ཡོད།
དམངས་གཙོ་ཚད་ལྡན་དགོས་ན། མི་དམངས་མ་ཡིན་པའི་མི་སྒེར་དང་། ཚོགས་པ་བྱེ་བྲག་པ། དམིགས་བསལ་སྔར་འགན་ཁུར་ལེན་མྱོང་མཁན་ཡིན་ཟེར་ནས་དེ་དག་གི་མུ་མཐུད་དབང་ཆ་ལ་འཐབ་རྩོད་རིགས་བྱེད་པ་དེ་དམངས་གཙོའི་གེགས་ཆེ་ཤོས་དེ་རེད།
དམངས་གཙོ་ཚད་དང་ལྡན་པ་ཞིག་དགོས་ན
རྡ་རམ་ས་་ལ་སྤྱི་མཐུན་གསུམ་མ་ཏོགས་ཐོབ་དབང་མེད །།
ཆོས་བརྒྱུད་སྤྱི་འཐུས་མེད་ན་ནི་ང་ཚོའི་གྲོས་ར་བ་ཁུ་སིམ་མེར་འདུག་ཐུབ་ཅིང་། གྲོས་ཚོགས་ར་བ་རུ་བཟའ་མི་བུ་ཕྲུག་གི་སླད་དུ་ཆོས་དང་རིག་གཞུང་གིས་ཡི་དྭགས་ཀྱི་འཚོ་བ་རོལ་བར་སོམ་ཉི་མེད། ཆོས་བརྒྱུད་སྤྱི་འཐུས་མེད་ན་ནི་ང་ཚོ་དྲ་འབུ་བྱིངས་ལ་སྐུར་འདེབས ཀྱི་མུ་གེ་འབྱུང་ཞིང་། ཆོས་བརྒྱུད་རྣམས་ཀྱི་དགེ་འདུན་པ་ཚང་མར་ཆོས་ཁོ་ན་ལས་ལེ་ལོའི་ལས་འགྲན་མེད་པས་ཆོས་ཆོས་སུ་འགྲོ་བར་ཡང་ཐེ་ཚོམ་མེད། མདོར་དེད་ན་གྲོས་ཚོགས་ཁོར་ཡུག་ཏུ་ཆོས་བརྒྱུད་སྤྱི་འཐུས་ཡོད་ཀྱང་རུང་ལ་མེད་ཀྱང་བླའི་ལྟ་བུ་མ་ཡིན་ཏེ། ད་སྔའི་ཆོས་བརྒྱུད་སྤྱི་འཐུས་ནང་གི་སྤྱི་འཐུས་ཚོས་བོད་སྤྱི་པའི་དོན་འབའ་ཞིག་སྒྲུབ་པ་ལས། ཆོས་བརྒྱུད་དེ་དང་དེའི་ཆེད་དུ་འདུར་བ་གཅིག་ཀྱང་བྱུང་མེད། འདི་ནི་མུན་ནག་མདའ་འཕེན་མིན། ཡིན་ཡང་འོས་འཕེན་སྟངས་ནི་ཆོས་བརྒྱུད་སྤྱི་འཐུས་རྣམས་དགེ་འདུན་པའི་ཁྲོད་ནས་ཡོང་དགོས་ཤིང་། དགེ་འདུན་པ་རྣམས་ལ་དེ་ལས་འོས་ཤོག་གཉིས་པ་གཅིག་བླུགས་པའི་ཐོབ་ཡང་གཏན་ནས་མི་དགོས་སོ།།
༡༧། འོས་འཕེན་པའི་ཆ་རྐྱེན་དུ་དང་བླངས་དཔྱ་ཁྲལ་ལག་དེབ་སྤྱོད་མི་དགོས་པར་འོས་བསྡུའི་ལག་འཁྱེར་ལོགས་ སུ་ཡོད་པ་བཟོ་དགོས། (འོས་འཕེན་པའི་ཐོབ་ཐང་དང་དཔྱ་ཁྲལ་གཉིས་ཁ་ཁ་བཟོ་དགོས།)
ཡིན་ནའང་དཔྱ་ཁྲལ་འབུལ་འབབ་གཙང་ཕུལ་ཟིན་པ་དགོས་གལ་ཆེ་བའི་འོས་འཕེན་ལག་འཁྱེར་ལོགས་སུ་བཟོ་ནའང་རྒྱུ་གྲོན་ཆེ་བའི་བཙན་བྱོལ་གྱི་རིང་ལ་དེ་ཙམ་དགོས་པ་མ་མཐོང།།
འཐུས་མི་ཚོས་བསམ་ཚུལ་ཡག་པོ་བཏོན་འདུག ང་རང་ཡིན་ན་ཆོས་བརྒྱུད་ཀྱི་སྤྱི་འཐུས་གཏན་ནས་མི་དགོས་པ་ཞིག་ལ་ངོས་འཛིན་བྱེད་མཁན་ཡིན། གང་ཡིན་ཟེར་ན། ཆོལ་ཁ་གསུམ་གྱི་ནང་ཆོས་བརྒྱུད་ཁག་ཡོངས་སུ་འདུས་ཡོད་པས། དམངས་གཙོའི་འགྲོ་ལུགས་དང་འགལ་ཏེ་ང་ཚོས་ཨུ་ཚུགས་བརྒྱབ་ནས་ཆོས་བརྒྱུད་སྤྱི་འཐུས་འདེམས་པ་དེར་དགེ་མཚན་གཏན་ནས་མི་འདུག ཆོས་ཕྱོགས་ཀྱི་ལས་གཞི་དང་ཁྲིམས་སྒྲིག་ག་འདྲ་ཞིག་མགོ་རྩོམ་དགོས་ནའང་ཆོས་རིག་ལས་ཁུངས་ཀྱི་འོག་ཏུ་འཛུགས་ཆོག་ཆོག་ཡོད་པས། ངེས་པར་དུ་དམངས་གཙོའི་འགྲོ་ལུགས་དང་འགལ་ནས་གྲོས་ཚོགས་ནང་ཞབས་བཀྱག་ཅིག་འདོན་དགོས་པའི་རྒྱུ་མཚན་མི་འདུག་ལ། ལྷག་པར་བོད་ཀྱི་སྤྱི་འབངས་ཡིན་པ་གཅིག་མཚུངས་ཡིན་ནའང་ཁག་ཅིག་ལ་འོས་གཉིས་ཀྱི་ཐོབ་ཐང་སྤྲོད་པ་ནི་འདྲ་མཉམ་མིན་པའི་བྱེད་སྟངས་ཤིག་ཡིན་པས་ད་ལྟའི་བར་ང་ཚོའི་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ད་ལྟའི་བར་གྱི་ཆོས་བརྒྱུད་སྤྱི་འཐུས་ཁག་ཅིག་གི་གྲོས་ཚོགས་ནང་ཆ་ཤས་ལེན་སྟངས་དང་། འོས་བསྡུ་དང་འབྲེལ་བའི་སྤྱི་ཚོགས་ནང་བྱ་འགུལ་སྤེལ་སྟངས་སོགས་ལ་སྐྱོན་དང་རྙོག་དྲ་མང་པོ་ཞིག་ཡོང་གི་ཡོད་པ་དེ་ཤེས་གསལ་རེད། སྤྱིར་བཏང་༧གོང་ས་མཆོག་གིས་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་ཟིན་ཡང་ཁོང་གི་ལམ་སྟོན་དང་སྣེ་ཁྲིད་མེད་ན། རྒྱལ་སྤྱིའི་སྤྱི་ཚོགས་དང་གནད་ཡོད་མི་སྣ་ཚོ་ཕར་ཟད། ཐ་ན་བོད་ཕྱི་ནང་གི་བོད་མི་རྣམས་ཀྱིས་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ངོས་ལེན་དང་མ་ལེན་ཐད་དཀའ་ངལ་ཆེན་པོ་ཞིག་ཡོད་པ་ཤེས་གསལ་རེད། དེ་འདྲ་ཡིན་པར་བརྟེན་ང་ཚོས་༧གོང་ས་མཆོག་གི་བླང་དོར་ལམ་སྟོན་གྱི་གཟི་བྱིན་ལ་བརྟེན་ནས་ཆབ་སྲིད་ཀྱི་འཁོར་ཡུག་ཅིག་རྙེད་ཐབས་མི་བྱེད་ཐབས་མེད་རེད། ཡིན་ནའང་། སྤྱི་འཐུས་དང་སྲིད་སྐྱོང་འོས་མི་ཚོས་རང་ཉིད་ལ་འོས་ཐོབ་ཆེད་༧གོང་ས་མཆོག་གི་མཚན་མང་པོ་བེད་སྤྱོད་གཏོང་ཡོང་བ་དེ་གཏན་ནས་ཡག་པོ་མི་འདུག
གྲོས་ཚོགས་སུ་ཆོས་ལུགས་འཐུས་མི་འདེམས་རྒྱུ་ནི་མང་གཙོའི་ཚད་བཀག་ལས་བརྒལ་ཡོད་པ་དེ་དངོས་བདེན་ཡིན་ལ་དེ་མེད་པར་བཟོས་རྒྱུ་དང་ཡང་ན་སྐྱ་གསེར་གཉིས་ཀའི་ཆོས་རྒྱུད་སྤྱི་འཐུས་འདེམས་རྒྱུ་དགོས་སྐབས་ཡོད་པ་ཞིག་དགོས་རྒྱུ་གལ་གང་ཆེ།།།། དེ་མིན་ད་བར་སེར་མོ་བ་རྣམས་ལ་འདོས་གཉིས་རེ་དང་སྐྱ་བོ་ལ་འོས་གཅིག་ལས་བླུག་རྒྱུ་དགོས་སྐབས་མེད་པའི་ཆ་མཉོམ་དང་འདྲ་མཉམ་མེད་པ་དེ་མང་གཙོའི་རྩ་འཛིན་ལས་བརྒལ་བ་ཞིག་ཡིན་།།།།།།
འཕགས་པའི་དགེ་འདུན་པ་རྣམས་འཇིག་རྟེན་ཐ་མལ་བའི་བྱ་བ་སྲིད་དོན་གྱི་དབང་ཆའི་འཐབ་རྩོད་ནང་དུ་ཞུགས་མི་འོས་པའི་བསམ་ཚུལ་དེ་བཀོད་མི་འདུག
༡ བོད་ཀྱི་ཆོས་བརྒྱུད་ཚང་མར་གཅིག་མཚུངས་ཀྱི་འོས་གཞི་འདེམས་པ་དང་། འོས་ཤོག་འཕེན་པའི་ཐོབ་ཐང་ཡོད་དགོས།
༢ ཡང་ན་སྤྱི་འཐུས་ནང་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས།
༣ དེང་སྐབས་བཙན་བྱོལ་ཁྲོད་བོད་ཀྱི་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཕེབས་ཕྱོགས་ཐད་གཅིག་གྱུར་མིན་པ་ཁྲིམས་ཐོག་ནས་གཅིག་མཚུངས་བཟོ་དགོས།
ཁ་སྣོན།
༥༧༽ འོས་བསྡུ་དང་འབྲེལ་བའི་རྙོག་ཟིང་བྱུང་ན། ཁྲིམས་ཞིབ་ལྷན་ཁང་ལས་གཞན་སྐྱབས་མགོན་རིན་པོ་ཆེའི་མཚན་བེད་སྤྱོད་དང་། ལྷ་འདྲེ་ཁོག་ཞུགས་ཀྱིས་འོས་མི་རྣམས་ལ་སྣོན་བཙིར་རིགས་བྱེད་མི་ཆོག
༥༨༽ རང་ཉིད་འོས་གཞི་མ་ཐོབ་པ་དང་། རྒྱལ་ཁ་མ་ཐོབ་པ་བྱུང་ཚེ་སྐུ་སྒེར་ཡིག་ཚང་ལྟག་པར་ཁྱེར་ནས་ཁ་ཐད་ཀྱིས་འོས་མི་དང་། དེའི་རྒྱབ་སྐྱོར་བ་རྣམས་ལ་སྣོན་ཤུགས་རིགས་སྤྲད་མི་ཆོག
༥༩༽ སྐྱབས་མགོན་རིན་པོ་ཆེ་བོད་ཀྱི་སྲིད་ནས་དགོངས་པ་གཙང་མ་ཞུས་ཟིན་པར་བརྟེན། སྐུ་སྒེར་ཡིག་ཚང་ཆབ་སྲིད་ནང་མཉམ་ཞུགས་མི་ཆོག
གོང་གསལ་འདི་གསུམ་པོ་ངེས་པར་བཀོད་གནང་དགོས་འདུག ཐུགས་རྗེ་ཆེ།