རྒྱ་ནག་གཞུང་གིས་ད་ལྟའི་བར་རྒྱ་ནག་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ། ཁོང་ཚོའི་འབྲེལ་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ ༧༠༩ ཙམ་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་འདུག
ཁ་སང་ཉིན་རྒྱབ་ཐེན་ཅིན་གྲོང་ཁྱེར་ཧི་ཞེ་ (Hexi) རྫོང་ཉེན་རྟོག་པས་ཐེན་ཅིན་གྲོང་ཁྱེར་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཞུ་གཏུག་བ་རྒྱ་མོ་བཞི་བཙན་ཁྲིད་བྱས་ཡོད་འདུག
ཕྱི་ཟླ་ ༨ པའི་ཚེས་ ༡ ཉིན་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་རྒྱ་མོ་དེ་ཚོའི་བཟའ་ཟླ་སྟེ། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལེ་ཧི་ཕིན་ (Li Heping) དང་ཝང་ཆུན་ཀྲང་ (Wang Quanzhang)། འགྲོ་བ་མིའི་ཐོང་ཐང་དོན་གཉེར་བ་ཀོ་ཧོང་ཀོ་ (Gou Hongguo) དང་ཀྲེ་ཡན་མིན་ (Zhai Yanmin) བཅས་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ། རྒྱ་མོ་དེ་ཚོ་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་དུ་སོང་ནས་གནས་ཚུལ་དེའི་སྐོར་སྐད་ཆ་འདྲི་སྐབས། ཁྲིམས་ཁང་གི་དཔོན་རིགས་ཚོས་གནས་ཚུལ་དེ་འཆལ་གཏམ་ཡིན་ལུགས་བརྗོད་ཡོད་པ་དང་། རྒྱ་མོ་དེ་ཚོས་ཡང་ནས་བསྐྱར་དུ་གནས་ཚུལ་དེ་བདེན་མིན་དྲིས་པར་བརྟེན། ཁྲིམས་ཁང་གི་དཔོན་རིགས་ཚོས་ཐེན་ཅིན་གྲོང་ཁྱེར་ཧི་ཞེ་རྫོང་ཉེན་རྟོག་པར་སྐད་བཏང་སྟེ། རྒྱུ་མཚན་ཅི་ཡང་མེད་པར་རྒྱ་མོ་དེ་ཚོ་འཛིན་བཟུང་བཙན་ཁྲིད་བྱེད་དུ་བཅུག་ཡོད་འདུ
ཧི་ཞེ་རྫོང་ཉེན་རྟོག་པས་རྒྱ་མོ་དེ་ཚོའི་ལག་ཁྱེར་ཁ་པར་བཙན་འཕྲོག་མ་བྱས་པའི་གོང་དུ་ཁོ་ཚོས་ཁ་པར་བརྒྱུད་རྒྱ་ནག་ལྷོ་ཕྱོགས་ཞོགས་པའི་ཚགས་པར་ཁང་གི་གསར་འགོད་པར། རྒྱ་ནག་དབུས་གཞུང་གི་དབང་འཛིན་དཔོན་རིགས་ཚོ་རྒྱལ་ནང་གི་རང་དབང་ཚོགས་སྡེ་ཁག་གི་ལས་འགུལ་ལ་ཞེད་སྣང་སྐྱེས་ཏེ། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་རྩོད་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་སྤེལ་བཞིན་པར་དྲག་གནོན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
རྒྱ་མོ་ཝང་ཆོ་ལིན་ (Wang Qiaoling) གྱིས། ཁོང་ཚོའི་སེམས་ཁྲལ་ཆེས་ཤོས་དེ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཀྲེ་ཡན་མིན་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ཚོར་སོ་སོའི་ནང་མི་དང་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་མ་བཅུག་པར་གསང་བའི་སྒོ་ནས་ཁྲིམས་ཐག་གཅོད་སྲིད་པ་དེ་ཡིན་སྐོར་བརྗོད་འདུག
རྒྱ་མོ་ལུའུ་ཨར་མིན་ (Liu Ermin) གྱིས། ཟླ་སྔོན་མའི་ནང་ཁོང་ཚོས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ། འབྲེལ་ཡོད་མི་སྣ་མང་པོ་འཛིན་བཟུང་བཀག་བསྐྱིལ་འོག་ཡོད་པ་མྱུར་ཏུ་ཀློད་གྲོལ་དགོས་པའི་ངོ་རྒོལ་ཁྲོམ་སྐོར་བྱས་པར་བརྟེན། གསང་བའི་ཉེན་རྟོག་པ་བཞི་ཁོང་ཚང་ལ་ཡོང་ནས་མོར་གཅར་རྡུང་བཏང་སྟེ་རྩིབས་མ་མང་པོ་བཅག་ཡོད་པ་དང་། གསལ་བརྡ་ཙམ་ཡང་མེད་པར་མོའི་བཟའ་ཟླ་འདས་པའི་ལོ་གཅིག་ལྷག་རིང་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་སྐོར་བརྗོད་འདུག
ཧོང་ཀོང་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཁྲིམས་རྩོད་ཚོགས་པས་ (CHRLCG) རྒྱ་ནག་གཞུང་གིས་ཞིང་ཆེན་ཁག་ ༢༤ ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་ཁྱོན་མི་གྲངས་ ༣༡༩ ཙམ་བཀག་ཉར་འོག་ཡོད་པ་དང་། ཆུ་ཚོད་ ༢༤ རིང་མི་སྒེར་དང་ཚོགས་སྡེ་ཁག་གི་ངོ་རྒོལ་ལས་འགུལ་ལ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།
༅༅། རྒྱ་མོ་གསུམ་པོ་སྙིང་རྗེ་།