རྒྱ་ནག་དམངས་སྲིད་ཁང་གིས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ལོ་རེའི་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་གྱི་ལོ་འཁོར་ལས་སྡོམ་སྙན་སེང་མ་འཚོགས་སྔོན་ལ་ལས་སྡོམ་ཁག་སྙན་འབུལ་ཞུ་དགོས་སྐོར་བརྗོད་འདུག
ཁ་སང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་དམངས་སྲིད་ཁང་གིས་སྲིད་བྱུས་གསར་བ་ཞིག་བསྒྲགས་ཡོད་པ་དང་། དེའི་ནང་དུ་ལོ་རེའི་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་གྱི་རྒྱ་ནག་གཞུང་གི་ལོ་འཁོར་ལས་སྡོམ་སྙན་སྒྲོན་ཚོགས་ཆེན་མ་འཚོགས་སྔོན་ལ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ལས་སྡོམ་སྙན་འབུལ་ཞུ་དགོས་པ་དང་། གལ་ཏེ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ལས་སྡོན་སྙན་འབུལ་མ་ཞུས་ཚེ། ཁོ་ཚོ་སྤྱི་མང་གི་སྒྲིག་སྲོལ་དང་འགལ་བའི་ཉེས་མིང་ཐེར་འདོན་བྱ་རྒྱུ་དང་། དཔྱ་ཁྲལ་ཆགས་ཡང་མེད་པ་བཟོ་རྒྱུ། དེ་བཞིན་སྤྱི་མང་གི་ཁེ་ཕན་གཞན་ཚང་མ་མེད་པ་བཟོ་རྒྱུ་ཡིན་པ་དང་། སྤྱི་ཚོགས་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་སྡེ་ལྟ་བུའི་སྒེར་གཉེར་ཚོགས་སྡེ་སུ་ཞིག་གིས་སྲིད་བྱུས་འདིར་གཏོར་བརླག་བྱས་ཚེ། ཚོགས་སྡེ་དེའི་སྒོ་རྒྱག་རྒྱུ་ཡིན་ཞིང་། སྲིད་བྱུས་གསར་བ་དེ་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་སྔོན་ལ་སྤྱི་མང་གི་རེ་སྐུལ་གཞིར་བཟུང་ལག་བསྟར་བྱ་རྒྱུ་ཡིན་ལུགས་སོགས་བཀོད་འདུག
གནས་ཚུལ་ལྟར་ན། རྒྱ་ནག་ནང་གི་གཞུང་འབྲེལ་མིན་པའི་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་སྡེ་ཁག་གིས་ད་རེབ་ཀྱི་སྲིད་བྱུས་གསར་བ་དེས་ཁོ་ཚོའི་བྱ་འགུལ་དང་ཉོ་འཚོང་རང་དབང་ཐད་ལ་སྔར་ལས་ལྷག་པའི་གནོན་ཤུགས་ཆེན་པོ་ཐེབས་སྲིད་པར་སེམས་འཚབ་བྱེད་ཀྱིན་ཡོད་ཅིང་། ཕྱིའི་རྒྱལ་ཁབ་ཁག་དང་ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་ ༤ ནང་བརྒྱུད་བསྒྲགས་དང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེའི་དམིགས་ཡུལ་གཙོ་བོ་ནི། ཕྱིའི་རྒྱལ་ཁབ་ཁག་གི་རང་དབང་ཚོགས་སྡེ་ཁག་ལ་དམ་དྲགས་བྱེད་རྒྱུ་དེ་ཡིན་པ་དང་། རྒྱ་གཞུང་གིས་ནམ་རྒྱུན་རྒྱ་ནག་ནང་གི་རང་དབང་ཚོགས་སྡེ་ཁག་ནི་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པའི་ཉེས་འདོག་བྱས་ཏེ་རང་དབང་ཚོགས་སྡེ་མང་པོ་བཙན་གྱིས་རྒྱ་ནག་ནང་ནས་ཕྱིར་ཕུད་གཏོང་གི་ཡོད་སྐོར་བརྗོད་ཅིང་། རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས་ཕྱི་ཕྱོགས་ཀྱི་སྒེར་གཉེར་ཚོགས་སྡེ་ཁག་གི་ཐོག་བཏོན་པའི་བཅའ་ཁྲིམས་ལ་སྲུང་སྐྱོབ་དང་ལག་བསྟར་བྱེད་དགོས་པར་ཁ་གཡར་ཏེ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་གཏོར་བཤིག་གཏོང་མཁན་ཚོགས་སྡེ་ཁག་ལ་ཉེས་ཆད་ལྕི་མོ་གཅོད་དགོས་ལུགས་བཤད་འདུག
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གི་བསྡོམས་རྩིས་ལྟར་ན། ན་ནིང་གཅིག་པུར་རྒྱ་ནག་གཞུང་ལ་དེབ་སྐྱེལ་བྱས་ཟིན་པའི་སྒེར་གཉེར་ཚོགས་སྡེ་ཁག་ ༣༢༩༠༠༠ ལྷག་ཟིན་གྱི་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།