མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པས་བོད་ཞེན་བྱས་པ་དེ་རྒྱུ་མཚན་ལྡན་པ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ལ་དྭགས་རྒྱལ་ས་སླེ་རུ་མི་མང་ལ་བཀའ་སློབ་གནང་སྟེ་བོད་པའི་སྐད་ཡིག་རིག་གཞུང་གི་རིན་ཐང་དང་། བོད་མི་རིགས་དང་ཤེས་རིག་གི་འབྱུང་ཁུངས། བོད་ནང་གི་བོད་མིའི་ལ་ཞེན་དང་ལྷག་བསམ་ལ་གདེང་འཇོག་བཅས་གནང་།

2016-07-25-Ladakh-tibettimes G10-_DSC3210

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ སྟེང་། ལ་དྭགས་སླེ་ལྕོག་ལམ་སར་བརྟེན་གཞི་བྱས་པའི་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རིགས་མི་མང་ལ་བཀའ་སློབ་གསུང་བཤད་གནང་སོང་། གསུང་བཤད་མཛད་སྒོའི་སྟེང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་ལ་དྭགས་ཁུལ་གྱི་དགོན་སྡེ་ཁག་གི་བླ་སྤྲུལ་དང་། ལ་དྭགས་པའི་ཚོགས་པའི་ཚོགས་གཙོ་མཆོག་དང་། སླེའི་རི་ལྗོངས་ཡར་རྒྱས་ཚོགས་པའི་ཚོགས་གཞོན་རྡོ་རྗེ་དངོས་གྲུབ་ལགས། སླེ་ཉེན་རྟོག་ལས་ཁུངས་ཀྱི་མགོ་བ། དེ་བཞིན། ལ་དྭགས་ས་གནས་གཞིས་མགོ་གཙོས་པའི་ས་གནས་ཀྱི་བོད་པའི་གནད་ཡོད་མི་སྣ་རྣམས་དང་འཚམས་གཟིགས་སྤྱི་འཐུས་རྣམ་གཉིས། དམིགས་བསལ་དམག་སྒར་ཁག་གི་བོད་པའི་དམག་མི། བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་དང་མི་མང་བཅས་མི་མང་ ༥༠༠༠ ལྷག་འཛོམས་སོང་།

སྐབས་དེར་༧གོང་ས་མཆོག་གིས་ཆུ་ཚོད་གཉིས་ཙམ་རིང་གསུང་བཤད་གནང་བ་ལས་དུམ་ཚན་ཁག་ཅིག་འདིར་བཀོད་ཡོད། ༧གོང་ས་མཆོག་གིས་རྒྱ་གཞུང་གི་དམ་དྲག་འོག་གི་བོད་མིའི་ལ་ཞེན་སྐོར་གསུངས་དོན། ལོ་ནས་ལོ་བསྟུད་དེ་མི་རབས་བརྗེ་འགྲོ་བཞིན་ཡོད་པ་དང་། མི་རབས་རྒན་པ་རྫོགས་ཏེ་གཞོན་པའི་གཞུག་མཐུད་ཀྱི་ཡོད་པ་རེད། ཁྱེད་རང་ཚོར་ཆ་བཞག་ན་མི་རབས་གསར་པ་ཆགས་བསྡད་ཡོད་པ་རེད། ཡིན་ནའང་ཁྱེད་རང་ཚོ་བོད་མིའི་ལྷག་བསམ་དང་ལ་ཞེན་འགྱུར་བ་མེད་པར་གནས་ཡོད། ལྷག་བསམ་ལ་རྒྱའི་ལག་ལེན་ག་རེ་བྱེད་ཀྱིན་ཡོད་པ་རེད་ཟེར་ན། སོ་སོའི་མི་རིགས་དང་སྐད་ཡིག་ཟུར་དུ་ཡོད་པ་དེ་ལ་དོ་སྣང་བྱེད་ཀྱིན་ཡོད་པ་རེད། དེ་བཞིན། ཨ་རི་དང་ཡུ་རོབ་སོགས་སུའང་དུས་ཚོད་དང་བསྟུན་ཏེ་བོད་ཡིག་གི་འཛིན་གྲྭ་ཚོགས་པ་སོགས་བྱེད་ཀྱི་ཡོད་པ་རེད། གལ་ཆེ་ཤོས་གཞིས་བཞུགས་རྒྱ་ཆེའི་མི་མང་དེ་དཀའ་ངལ་ཆེན་པོ་ཞིག་གི་འོག་ཏུ་སོ་སོའི་མི་རིགས་ཀྱི་ལ་ཞེན་དང་ལྷག་བསམ་གཡོ་བ་མེད་པར་གནས་ཡོད། སྔོན་ཆད་བོད་ནང་གི་ས་ཁུལ་ཡོངས་སུ་རྫོགས་པར་གངས་ཅན་པ་ཡིན་སྙམ་པའི་འདུ་ཤེས་གཅིག་གྱུར་ཞིག་ཧ་ལམ་མེད་པ་འདྲ་བོ་རེད། བར་སྐབས་ཤིག་ནས་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་གངས་ཅན་པའི་འདུ་ཤེས་གཅིག་གྱུར་ཞིག་མངོན་ཡོང་གི་འདུག

འདས་པའི་ལོ་དྲུག་ཅུར་ཉེ་བའི་རིང་རྒྱ་གུང་ཁྲན་ཏང་གིས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་དྲག་གནོན་དང་བསད་གཏུབ་བྱས་ཏེ་བོད་པ་འབུམ་ཕྲག་ཧ་ལམ་བཅུ་གྲངས་རྩ་མེད་ཕྱིན་པ་རེད། བཙོན་ལ་ཚུད་དེ་དཀའ་སྡུག་གི་འོག་གནས་པ་མང་པོ་ཡོད་པ་རེད། འཇམ་པོའི་སློབ་གསོའི་ཐོག་ནས་བསམ་བློ་བསྒྱུར་ཐབས་བྱས་པ་ཚིག་དམར་པོར་བཤད་ན། བོད་པས་བོད་མིའི་ཞེན་ཁོག་བྱས་ན་ཁ་བྲལ་དང་ཁྲིམས་འགལ་དུ་བརྩིས་ཏེ། བོད་མིས་རྒྱ་ཡི་ཞེན་ཁོག་བྱེད་དགོས་པ་བཟོས་པ་རེད། དེ་བོད་མིའི་བསམ་བློའི་ནང་ཡོང་གི་མ་རེད། སྤྱིར་བཏང་རྒྱ་མི་རིགས་ལ་མཚོན་ལ་ལོ་ངོ་སྟོང་ཕྲུག་ལྔ་ལྷག་གི་རིག་གཞུང་དང་སྐད་ཡིག་ཡོད་པའི་རླབས་ཆེན་གྱི་མི་རིགས་ཤིག་རེད། རྒྱ་མི་རིགས་ཀྱིས་རྒྱ་ཡི་ཞེན་ཁོག་བྱས་ན་དེ་རྒྱུ་མཚན་ལྡན་པ་ཞིག་རེད། དེ་བཞིན། བོད་པར་ཡང་ཟུར་གསལ་གྱི་རང་གི་རིག་གཞུང་ལོ་རྒྱུས་དེ་ལོ་ཉིས་སྟོང་ལྷག་ཕྱིན་ཡོད་པ་ཞིག་རེད། བོད་པའི་མི་རིགས་ལ་ཆ་བཞག་ན་ཧ་ལམ་ལོ་སྟོང་ཕྲག་བདུན་བརྒྱད་ནས་ཁྲི་ཡི་ལོ་རྒྱུས་ཡོད་པ་ཞིག་རེད། བོད་པའི་ས་གནས་ཁ་ཤས་ནས་ཐོན་པའི་གནའ་རྫས་རིགས་ལ་བརྟག་དཔྱད་བྱས་ན་ལོ་ངོ་ཁྲི་གཉིས་གསུམ་གྱི་སྐད་ཆ་འདུག དེ་དག་ལ་བལྟས་ཡོང་ན་ང་ཚོ་མི་རིགས་ཟུར་གསལ་ཞིག་ཡིན་པ་གསལ་བོ་རེད། ལོ་ཉི་ཤུ་སུམ་ཅུ་ཞིག་གི་གོང་ལ་ང་ཨ་རིའི་ཧ་ཝར་ཌར་ཡོད་སྐབས་ཤིག་ལ། རྒྱ་རིགས་གནའ་རྫས་ཞིབ་འཇུག་པ་ཞིག་གིས་གསང་བའི་ཐོག་ནས་ང་ལ་ཐུག་དགོས་ཟེར། ཁོས་ས་འོག་ནས་འཐོན་པའི་ཅ་དངོས་ལ་དཔར་རྒྱབ་ཡོད་པ་མང་པོ་ཞིག་བསྟན་ཏེ། རྒྱ་ནག་གཞུང་འབྲེལ་ཐོག་ནས་བོད་མི་རིགས་ཀྱི་འཕེལ་རིམ་(Civilization)དེ་རྒྱ་ནག་ནས་བྱུང་བ་རེད་ཟེར་གྱི་ཡོད་ཀྱང་། ང་རང་གིས་ཞིབ་འཇུག་བྱས་ན་བོད་པའི་མི་རིགས་འཕེལ་རིམ་དེ་བོད་ས་རང་ནས་བྱུང་བ་ཞིག་རེད་འདུག་ཅེས་ལབ་སོང་། དེ་འདྲའི་རིགས་མང་པོ་ཞིག་ལ་བལྟས་ཡོང་ན་ང་ཚོ་བོད་མི་རིགས་དེ་སྐད་ཡིག་རིག་གཞུང་ཟུར་དུ་ཡོད་པ་ཞིག་ཡིན་སྟབས། བོད་པའི་ཞེན་ཁག་ཡོང་གི་རེད། རྒྱ་ནག་གཞུང་གིས་ཀྱང་བོད་པར་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་རིག་གཞུང་ཟུར་གསལ་དུ་ཡོད་པ་མཐོང་སྟེ་ཁ་བྲལ་འགྲོ་བར་དོགས་ནས་དམིགས་བསལ་དམ་དྲག་བྱེད་ཀྱིན་ཡོད་པ་རེད།

སོ་སོའི་རིག་གཞུང་ལས་གཏིང་ཟབ་པ་ཞིག་ཡིན་ན་དེ་ལ་རྗེས་སུ་ཡི་རངས་བྱེད་དགོས། སྤྱི་ལོའི་དུས་རབས་བདུན་པའི་ནང་ལ་རྒྱ་གར་ནས་ནང་ཆོས་དར་ཡོང་སྐབས། སོག་པོར་བོན་གྱི་ཆོས་དང་རིག་གཞུང་ཡོད་ཀྱང་། དེ་ལས་ལྷག་པ་དང་གཏིང་ཟབ་པ་ཞིག་ཡོད་ན་ཁོ་རང་ཚོས་ལེན་གྱི་འདུག་གཱ ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་སྐབས། རྒྱ་ནག་ལ་ནང་ཆོས་དར་ནས་ལོ་བརྒྱ་ཕྲག་གཉིས་ལྷག་ཕྱིན་ཡོད། རྒྱ་བཟའི་རྟེན་སྐལ་དུ་སྟོན་པའི་སྐུ་བསྣམས་ཕེབས་པ་དེ་ལྷ་སའི་ཇོ་ཁང་དུ་བཞུགས་ཡོད་པ་རེད། སྐབས་དེར་རྒྱ་ནག་ནས་ནང་ཆོས་གདན་འདྲེན་ཞུས་ན་ལས་སླ་བོ་ཡོད་ཀྱང་། ཁུངས་དག་མོ་ཞིག་དང་གཏིང་ཟབ་མོ་ཞིག་དགོས་ཀྱི་ཡོད་སྟབས། དུས་རབས་བརྒྱད་པའི་ནང་ལ་ན་ལེན་ཊའི་མཁས་པའི་གཙུག་རྒྱན་ཞི་བ་འཚོ་གདན་འདྲེན་ཞུས་ཏེ། བོད་ཀྱི་ནང་ཆོས་དེ་ཆུ་མགོ་གངས་ལ་གཏུག་པ་ལྟར་ན་ལེན་ཊ་ནས་ཞུས་འདུག དེར་བརྟེན། དེང་སྐབས་རྒྱ་རིགས་མང་པོ་ཞིག་གིས་བོད་པའི་ནང་ཆོས་ལ་དོ་སྣང་བྱེད་ཀྱིན་ཡོད་པ་རེད། བོད་མིས་བོད་པར་ཞེན་ཁོག་བྱས་པ་དེ་ལྐུག་པ་ཨུ་ཚུགས་ཀྱི་ཞེན་ཁོག་མ་རེད། རྒྱུ་མཚན་ལྡན་པའིི་ཞེན་ཁོག་རེད། བོད་ནང་དུ་ཡོད་མཁན་ཚོར་རང་དབང་ཡོད་པ་མ་རེད། ཕྱི་ལོགས་རང་དབང་ལོག་པར་ཡོད་མཁན་ཚོས་རིག་པ་བསྒྲིམ་དགོས་པ་རེད། ཞེས་གསུངས་སོང་།

༧གོང་ས་མཆོག་གིས་བོད་པའི་ཤེས་རིག་གི་འབྱུང་ཁུངས་སྐོར་གསུངས་དོན། ལྷ་སའི་གཡས་གཡོན་ནས་འཐོན་པའི་གནའ་རྫས་དང་། ས་གཤིས་སོགས་ལ་བརྟག་དཔྱད་བཏང་ན། སྔོན་ཆད་ལྷ་སའི་ལུང་གཞུང་དེར་མཚོ་ཆེན་པོ་ཞིག་གིས་བཀང་ཡོད་པ་དང་། མཐའ་རུ་ཤིང་ནགས་ཡོད་པ་གསལ་བོ་རེད། གང་ཡིན་ཟེར་ན། ཤིང་ནགས་ཀྱི་ཡལ་ཀ་སོགས་མཚོའི་ནང་ལ་ལྷུང་སྟེ་རིམ་གྱིས་འདམ་ནང་ལ་འཐིམ་ཏེ་ལོ་ངོ་ཁྲི་གཉིས་གསུམ་ཕྱིན་པའི་ཤུལ་རིས་དང་། གནའ་སྔ་མོའི་རྡོ་ཆས་དུས་རབས་ཀྱི་དངོས་པོ་དེ་འདྲ་ད་ལྟ་རྙེད་ཀྱི་ཡོད་པ་རེད། རིམ་གྱིས་མཚོ་དེ་འཕྲི་ནས་སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་ལ། སྲོང་བཙན་སྒམ་པོའི་སྐབས་སུ་ལྷ་སའི་དཀྱིལ་དེར་མཚོ་ཆུང་ཆུང་ཞིག་ཡོད་པ་དེར་འོ་ཐང་གི་མཚོ་ཟེར་བ་དང་། དེའི་སྟེང་ལ་གཙུག་ལག་ཁང་བཞེངས་པ། གཙུག་ལག་ཁང་གི་འོག་ཏུ་མཚོ་ཡོད་ཟེར་བ་སོགས་ཀྱི་ལོ་རྒྱུས་ཡོད་པ་དེ་རེད། གནས་ཚུལ་དེ་དག་ལ་བརྟག་དཔྱད་བཏང་ན། བོད་པ་རང་གི་སྔ་མོའི་བཤད་རྒྱུན་དང་། དེང་རབས་ཚན་རིག་གི་བརྟག་དོན་གཉིས་ཕན་ཚུན་མགོ་ཐུག་གི་ཡོད་པ་ཞིག་ཆགས་ཡོད།

རྒྱ་ནག་ཏུ་བསྒྱུར་ལ་མཚོན་ན། བཀའ་འགྱུར་རྒྱ་ཡིག་ནང་མང་བ་འདུག བསྟན་འགྱུར་བོད་ཡིག་ནང་ཏོག་ཙམ་མང་བ་ཡོད་བསམ་སོང་། ཡིན་ནའང་ཚད་མའི་གཞུང་རྒྱ་ཡིག་ནང་ཕྲན་བུ་རེ་མ་གཏོགས་ཡོད་པ་མ་རེད། བོད་ཡིག་ནང་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་སོགས་ཀྱི་ཚད་མའི་གཞུང་ཆ་ཚང་བ་ཡོད་པ་རེད། རྒྱ་ནག་ཏུ་ནང་ཆོས་ལ་དད་མཁན་ཞེ་དྲགས་མང་པོ་རེད། མའོ་ཡི་ཁྱིམ་ཚང་ནང་པ་རེད། ཅིང་གི་ཁྱིམ་ཚང་ནང་པ་རེད། ཡིན་ནའང་བོད་པའི་ནང་ཆོས་ལྟ་བུའི་ཆ་ཚང་ལ་གཏིང་ཟབ་པ་ཞིག་ཡོད་པ་མ་རེད། དེ་བཞིན། ཐེ་ཝན་དང་ཝེ་ཐི་ནམ་སོགས་ཀྱི་ནང་ཆོས་མཁས་པ་མང་པོར་ཐུག་སྐབས། ཚིག་འགྲེལ་ཏོག་ཙམ་རེ་མ་གཏོགས་ཞིབ་ཚགས་མོ་དང་གཏིང་ཟབ་མོ་འགྲེལ་བཤད་རྒྱག་རྒྱུ་མི་འདུག ཐ་ན་དབུ་སེམས་གྲུབ་མཐའ་གཉིས་ལའང་ངོས་འཛིན་གསལ་བོ་མི་འདུག ཅེས་གསུངས་སོང་།

༧གོང་ས་མཆོག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྐོར་གསུངས་དོན། དེ་རིང་ཁ་སང་འཛམ་གླིང་ཐོག་ཆོས་ལུགས་མང་པོ་ཡོད་པ་རེད། ངས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་བཞིན་ཡོད། ངས་དད་པ་དང་གུས་པ་དབྱེ་བ་འབྱེད་ཀྱིན་ཡོད། གུས་པ་ཆོས་ལུགས་ཚང་མ་ལ་བྱོས། དད་པ་སོ་སོའི་ཆོས་ལུགས་ལ་བྱོས་ཟེར་གྱི་ཡོད། དད་པ་དེའང་ཡིད་ཆེས་ཀྱི་དད་པ་དང་དྭངས་བའི་དད་པ། དེ་ནས་མངོན་འདོད་ཀྱི་དད་པ་སྐྱེས་ཏེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཞོགས་ཀྱི་ཡོད་པ་རེད། འཛམ་གླིང་གི་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། ཆོག་ཤེས་སོགས་ཉམས་ལེན་གནང་གི་ཡོད་པ་རེད། མི་ས་ཡ་མང་པོར་ཕན་ཐོགས་ཀྱི་ཡོད་པ་རེད། ཡིན་ནའང་སངས་རྒྱས་ཆོས་ལུགས་འདི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་མོ་བྱེད་རྒྱུ་ཡོད་པའི་ཆོས་ལུགས་རྩ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།

པ་ལིའི་ཆོས་བརྒྱུད་དེ་འཕགས་པ་གནས་རྟེན་པའི་སྡེ་བ་རེད། ཐེ་ལན་ཌི། སེང་གྷ་ལ། ཀཱམ་པོ་ཌི་ཡ། ལའོ་སི་སོགས་པཱ་ལིའི་ཆོས་བརྒྱུད་རེད། རྒྱ་ནག་ལེགས་སྦྱར་གྱི་ཆོས་བརྒྱུད་རེད། རྒྱ་ནག་བརྒྱུད་དེ་ཝེ་ཐི་ནམ་དང་ཀོ་རི་ཡ། ཉི་ཧོང་སོགས་སུ་དར་ཡོད་པ་རེད། དེ་བཞིན། དཔལ་ན་ལེན་ཊའི་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་ཆེན་པོ་ཧོར་གྱི་ཡུལ་ཕྱི་སོག་ནང་སོག་དང་། ཨུ་རུ་སུའི་མངའ་ཁོངས་ཁག་ཅིག་བཅས་ཆགས་ཡོད་པ་རེད།

སྐུ་གོང་མ་རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཏེ། སངས་རྒྱས་ཀྱི་བསྟན་པ་སོག་ཡུལ་དུ་དར་སྤེལ་མཛད་པ་རེད། ང་རང་གིས་ས་ཡིག་སོགས་རྒྱག་སྐབས། ‘ཏཱ་ལའི་བླ་མ’ ཟེར་གྱི་ཡོད་པ་དེ་བོད་སྐད་མ་རེད། སོག་སྐད་རེད། ནང་དོན་རྒྱ་མཚོའི་བླ་མ་ཟེར་གྱི་ཡོད་པ་དེ་དེང་སྐབས་ཤེས་ཡོན་ཞིག་ལ་འགྲེལ་བཤད་རྒྱག་གི་ཡོད་ཀྱང་། ངས་བསམ་བློ་བཏང་ན་ཕལ་ཆེར་དེ་ཡིན་ས་མ་རེད། རྒྱལ་བ་བསོད་ནམས་རྒྱ་མཚོའི་མཚན་གྱི་ཟུར་དུ་རྒྱ་མཚོ་ཡོད་སྟབས། རྒྱ་མཚོའི་བླ་མ་ཞེས་མཚན་དེ་ཐོགས་པ་ཡིན་ས་རེད། གང་ལྟར། རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་སོག་ཡུལ་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་དམིགས་བསལ་ཞིག་ཡོད་པ་ཞིག་རེད།

དེ་སྔ་ཕྱི་རྒྱལ་གྱི་མི་ཚོས་བོད་པའི་ནང་ཆོས་ལ་བླ་མའི་ཆོས་ལུགས་(Lamaism)ཟེར་གྱི་ཡོད་པ་རེད། ཁག་ཡོད་པ་མ་རེད་ཕྱི་རྒྱལ་བ་ཚོས་ནང་ཆོས་གཏིང་ཟབ་མོ་ཞིག་ཤེས་ཐུབ་ཀྱི་ཡོད་པ་མ་རེད། ཧོབ་དེ་ཁ་ལ་བལྟས་ན་འཆམ་རྒྱག་པ་དང་། འདོན་པ་རེ་བཏོན་ཏེ་བསྡད་ཡོད་པའི་བཟོ་འདྲ་བོ་ཞིག་མཐོང་གི་ཡོད་པ་རེད། བླ་མ་མང་པོ་ཞིག་མ་གཏོགས་དགེ་བཤེས་དེ་ཚོ་མཐོང་ཐུབ་ཀྱི་ཡོད་པ་མ་རེད། བོད་པའི་སྤྱི་ཚོགས་ནང་དུའང་བླ་མ་དེ་ཚོ་ཞེ་དྲགས་རྩ་ཆེན་པོར་བརྩི་བ་དང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཉམས་ཆུང་ཆུང་བྱས་ཏེ་འགྲོ་མཁན་ཚོར་མཐོང་ཡོད་པ་མ་རེད། ཕྱི་རྒྱལ་བ་ཚོས་བོད་པའི་ནང་ཆོས་དེ་འཆམ་རྒྱག་པ་དང་ཆེ་ཆེ་རྫིག་རྫིག་བྱས་ནས་ཡ་མཚན་པོ་ཞིག་ལ་མཐོང་སྟེ། པར་རྒྱག་པ་དང་ལྟད་མོར་ལྟ་ས་ཞིག་མ་གཏོགས་དེ་ལས་སློབ་སྦྱོང་ལེན་རྒྱུ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་སྟབས། བླ་མའི་ཆོས་ལུགས་ལབ་ཀྱི་ཡོད་པ་རེད། དེང་སྐབས་བོད་པའི་ནང་ཆོས་དེ་དཔལ་ན་ལེན་ཊའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་པ་དང་། སྨོན་ལམ་རྒྱག་རྒྱུ་དང་ཞབས་རྟེན་བསྒྲུབ་རྒྱུ་ཙམ་མ་ཡིན་པར། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་རིགས་ལམ་དང་རྒྱུ་མཚན་ལྡན་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་རེད་ཅེས་ཚན་རིག་པ་ཚོས་ཀྱང་དོ་སྣང་དང་མཐོང་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ང་རང་ལ་ཆ་བཞག་ན་སྤོབས་པ་སྐྱེ་ཡི་འདུག་ཅེས་ངས་སྔོན་ཆད་ཨ་མི་རི་ཁའི་མི་ཞིག་ལ་ལབ་པ་ཡིན། དེའི་མཇུག་ཏུ་ངས་འབོར་ཤོབ་ཅིག་བཤད་པ་ཡིན། བླ་མའི་ཆོས་ལུགས་ཞེས་པའི་ཞ་མོ་དེ་ཕུད་ནས་ནཱ་ལེན་ཊའི་ཆོས་བརྒྱུད་ཞེས་མཐོང་སླེབས་པ་དེ་ངས་བྱས་པ་ཡིན་ལབ་པ་ཡིན། ཞེས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས་ལ་དྭགས་ཡུལ་བ་དང་བོད་མིས་མཐུན་སྒྲིལ་སྒོས་ཆོས་དང་རིག་གཞུང་གཅེས་འཛིན་གནང་དགོས་སྐོར་ལ་འབོད་སྐུལ་གནང་དོན། ཁྱེད་རང་ཚོ་ལ་དྭགས་པ་ལ་མཚོན་ན་བོད་པར་ཤ་ཚ་དང་ལྷག་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་པའི་ཆོས་དང་རིག་གཞུང་རང་དབང་ལྡན་པའི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་ཁྱེད་རང་ཚོ་དང་། འབྲས་ལྗོངས། གར་ཞཱ། ཁུ་ནི། སྤེལ་ཏི་སོགས་ལ་ཡོད་པ་རེད། ཁྱེད་རང་ཚོས་འཛིན་སྐྱོང་སྤེལ་གསུམ་ཐོག་དོ་སྣང་གནང་གི་ཡོད་པ་དེར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོ་བོད་པ་བཙན་བྱོལ་བ་ཚོར་འགན་དམིགས་བསལ་ཡོད་པ་རེད། ང་ཚོ་ཐུན་མོང་གིས་ནུས་པ་འདོན་རྒྱུ་དང་ཆིག་བསྒྲིལ་གནང་རྒྱུ་གལ་ཆེན་པོ་རེད། ཆུང་ས་ཞིག་ལ་ང་དང་ཁྱོད་ལབ་བསྡད་ན་ཆེ་ས་འཐུས་ཤོར་འགྲོ་བ་རེད། ད་བར་ཡག་ཐག་ཆོད་བྱུང་བ་རེད། ད་དུང་མུ་མཐུད་དེ་ཆིག་བསྒྲིལ་གྱི་ཐོག་ནས་ཧུར་ཐག་བྱོས་ཨཱ། ཞེས་གསུངས་སོང་།

གསར་འགོད་པ་དོན་གྲུབ་བཀྲ་ཤིས་ཀྱིས་ལ་དྭགས་རྒྱལ་ས་སླེ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༥ སྔོན་ལ།

མཆན། 2

  1. ྸྸཨ་འབར་འཇིགས་དབང། says:
    ལོ་ 9 སྔོན།

    ༅༅། བཀའ་དྲིན་ཆེ་༧གོང་ས་མཆོག་ གངས་ཅན་གྱི་མགོན་པོ་། མཁས་པའི་དབང་པོ་མཆོག་
    རིས་མེད་ཆོས་ལུགས་ཀུན་ལ་གུས་ཤིང་བཀུར་མཁན། ཞི་བདེའི་དེད་དཔོན་ཆེན་པོ།
    འཛམ་གླིང་ས་ཡ་པོས་བཀུར་བའི་དེད་དཔོན། འགྲོ་བ་ཡོངས་ལ་བྱམས་དང་བརྕེ་བའི་སྐྱོང་མཁན།
    ས་ཡ་འབུམ་ཕྲག་མང་པོས་བཀུར་བའི་དེད་དཔོན་ཆེན་པོ།
    ཁྱེད་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་པའི་མ་བཅོས་སྒོ་གསུམ་ནས་གསོལ་འདེབས་ཞུ།
    ནམ་ཡང་སྐྱབས་འོག་ནས་འདོར་བ་མ་གནང།

    Reply
    • ྸྸཨ་འབར་འཇིགས་དབང། says:
      ལོ་ 9 སྔོན།

      ༅༅། རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་ཕུང་པོའི་སྐུ།།འགྲོ་ལ་བརྩེ་ཕྱིར་མི་ཡི་གར་བསྒྱུར་བ།།
      ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོ་མཆོག། ཁྱེད་ནི་མཚུངས་ཟླ་བྲལ་བའི་ཉི་མ་ཡིན།།

      ཐོས་བསམ་སྒོམ་པའི་ཆ་ཤས་ཡོངས་སུ་རྫོགས།། འཆད་རྩོད་རྩོམ་པའི་སྟོང་ཀུན་ནས་འཕྲོ།།
      མཁས་བཙུན་བཟང་པོས་བསྟན་འགྲོའི་པད་ཚལ་རྒྱས།། ཁྱེད་ནི་སྙིགས་ལྔའི་མུན་སེལ་ཟླ་བ་ཡིན།།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese