བྱང་པ་ངག་དབང་ཚེ་རིང་།
ཉམས་གསོག་གི་བྱ་བར་འཇུག་པའི་སྔོན་འགྲོའི་འཆར་སྣང་།
དུས་ཡུན་རིང་མོ་ཞིག་ནས་ཁོ་བོའི་བསམ་པར་སྨན་པ་ཚད་ལྡན་ཞིག་བྱ་རྒྱུ་ནི། གཞུང་ལུགས་ཀྱི་རྣམ་བཞག་འབའ་ཞིག་ལ་དོན་གཉེར་བྱས་པ་ཙམ་མིན་པར། ལག་ལེན་དངོས་ཀྱི་སྟེང་ནས་ཁ་ཚ་དགོས་གཏུགས་ལ་མཁོ་བའི་ཤེས་ཡོན་མི་ཉུང་བ་ཞིག་རང་རྒྱུད་དུ་བསླབ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་མཐོང་། དེ་ཡང་བྱ་སྤྱོད་དངོས་ཀྱི་ལམ་ནས་ཉམས་མྱོང་གསོག་སྒྲུབ་ཀྱིས་ལག་ལེན་དོན་འཁྱོལ་བྱ་རྒྱུ་ལས་གཞན་དུ་ཐབས་ཅང་མེད་པས། དེར་བརྟེན་ཉམས་གསོག་གི་བྱ་བར་བཞུག་རྒྱུ་སྐོམ་པ་ཆུ་འདོད་ལྟར་བུར་གྱུར་བས། ཡན་ལག་སྨན་ཁང་མང་པོའི་ཁོངས་ནས་ཡན་ལག་གང་ཞིག་ཏུ་ཉམས་གསོག་བྱ་དགོས་མིན་སྐོར། སྔོན་ཚུད་ནས་མཁྱེན་ལྡན་སྨན་པར་བགྲེས་པ་ཚོར་བཀའ་འདྲི་དང་། དྲ་རྒྱ། བརྙན་ཐུང་སོགས་ལ་བལྟ་ཞིབ་ནན་མོ་བྱས་མཐར་ལྡི་ལི་ཎིཛམ་མུ་ལྡིན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དུ་ཉམས་གསོག་གི་ཤེས་བྱ་བསྒྲུབ་རྒྱུར་བདམས་པ་ཡིན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༡ ཉིན་ཝཱཎ་མཐོ་སློབ་ནས་ཐོན་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡ རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཎིཛམ་མུ་ལྡིན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དུ་འབྱོར། དེ་ཉིན་ཕྱི་ལོ་གསར་པའི་དུས་ཆེན་འཁེལ་པས་གུང་གསེང་དང་། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢ ནས་བཟུང་སྟེ་ཉིན་ལྟར་སྨན་ཁང་དུ་ཆད་ལུས་མེད་པར་ཉམས་གསོག་གི་བྱ་བ་གཉེར་མགོ་ཚུགས་ཤིང་། ཉམས་གསོག་གི་བྱ་བར་མ་འཇུག་སྔོན་ལ་གསོ་རིག་གཞུང་དུ་གསུངས་པའི་ལེགས་བཤད་འགའ་ཞིག་གིས་རང་ཉིད་ཀྱི་སེམས་ལ་དྲན་སྐུལ་བཏང་བྱུང་། མཇུག་དོན་ལས། མདའ་གཤའ་ཕང་བ་བཀང་ཡང་གཏད་ས་མདེ་རྩེ་གང་། །སོ་ནམ་དུས་བཞིར་བཙལ་ཡང་མདོ་དོན་ལྟོ་རྒྱབ་གཉིས། །ཞེས་དང་། སྨན་དཔྱད་ཤེས་ལོ་མ་བྱེད་རྟོག་དཔྱོད་གཟོབས། །མི་སྲོག་ཚོད་ལེན་མ་བྱེད་གདེང་ལྡན་སློབས། །ལག་འཛུད་མ་སྔ་ནད་ཀྱི་སྐད་ལ་དྲིས། །དཔྱད་སྙིང་མ་ཆེ་སྨན་པའི་ལག་དགྲས་འཕུང་། །གཞན་ཡང་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ལྟ་བུ་ཕྱི་མ་རྒྱུད་དང་། ཕྱི་མ་རྒྱུད་ནི་ལག་ལེན་སྙིང་པོར་དྲིལ། །ཡང་གསོ་བ་པོ་སྨན་པའི་ལེའུ་ལས། སྡུག་བསྔལ་མཐོང་དང་ཕན་ཐོགས་དད་པ་དང་། །ཞེས་སོགས་ཀྱི་གདམས་པ་འདི་དག་ཉམས་ལེན་དངོས་ཀྱི་སྟེང་དུ་ཁ་ཆད་ལག་བསྟར་བྱ་རྒྱུའི་བསམ་པ་བཅངས་ཡིན།
ལག་ལེན་དམར་འཁྲིད་ཀྱི་མྱོང་ཚོར་།
ཉམས་གསོག་གི་བྱ་བའི་བརྒྱུད་རིམ་ནང་དུ་དངོས་མཐོང་བྱུང་བའི་མྱོང་ཚོར་ས་བཅད་མ་སྟོངས་ཙམ་ཞིག་ཞུས་ན། ནད་པར་བརྟག་དཔྱད་སྨན་བཅོས་མ་བྱེད་གོང་ཞོགས་པ་ཆུ་ཚོད་ ༨།༣༠ ནས་ ༨།༤༥ བར་སྨན་པ་དང་། འབྲེལ་ཡོད་སྨན་ལས་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་ངང་། གཡུ་ཐོག་གསོལ་འདེབས་དང་སྨན་བླའི་གཟུངས་སྔགས་སྐད་ངག་སྙན་མོའི་རྟ་ལ་བསྐྱོན་ནས་གསོག་སྒྲུབ་གནང་རྗེས་ནད་པར་བརྟག་དཔྱད་སྨན་བཅོས་གནང་བའི་སྲོལ་བཟང་ཞིག་འདུག དེ་འདྲའི་ཞལ་འདོན་གསོག་སྒྲུབ་བྱེད་པ་མཐོང་ཐོས་དྲན་རེག་ལ་ཐོགས་མ་ཐག་སེམས་ལ་དམིགས་བསལ་སྤྲོ་སྣང་དང་ལྷིང་འཇགས་ཀྱི་ཚོར་སྣང་ཞིག་ཀྱང་སྟེར་གྱི་འདུག ཉམས་གསོག་ཉིན་དང་པོར་ལོ་ངོ་ཉེར་ལྔ་ལྷག་གི་རིང་ཉམས་མྱོང་ལྡན་པའི་སྨན་རམས་པ་པདྨ་དབྱངས་ཅན་ལགས་ཀྱི་གམ་དུ། རྒྱ་གར་ནད་པ་ཞིག་བོད་སྨན་བསྟེན་གཏུགས་སུ་འབྱོར་འདུག་ཅིང་། ཁོ་པའི་ནད་གཞི་བོད་སྨན་གྱིས་དྲག་བསྐྱེད་ལེགས་པོ་བྱུང་བར་བརྟེན་དགའ་ཚོར་ཆེན་པོས་མིག་ཆུ་གཏོང་བཞིན་ཨེམ་ཆིའི་ཞབས་ལ་གཏུགས་ཏེ་ཕྱག་འཚལ་བ་དང་ཐུགས་རྗེ་ཆེ་ཞུ་བ་མཐོང་བྱུང་། དེས་ཁོ་བོར་བོད་སྨན་ལ་ཡིད་རྟོན་སྔར་ལྷག་དང་། ཐོག་མའི་བྱ་བར་འཇུག་པའི་བག་ཆགས་བཟང་པོ་ཞིག་ཏུ་སྙམ་ཞིང་སེམས་སུ། ཐམས་ཅད་འདུས་པའི་རྒྱུད་འདི་ཁྱུང་ལྡིང་འདྲ། །ནད་ཀྱི་གཡང་སར་ཉམ་ང་བག་ཚ་མེད། །ཅེས་པ་འདི་ཡིད་ལ་ལྷང་ངེར་དྲན་བྱུང་། ཡན་ལག་སྨན་ཁང་དུ་བོད་སྨན་བསྟེན་གཏུགས་བྱེད་མཁན་ཉིན་རེར་ནད་པ་གྲངས་ ༡༥༠ ནས་ ༢༥༠ བར་འཆར་ཅན་ཡོང་གི་འདུག ནད་པ་བརྒྱ་ཆ་ ༩༥% ལྷག་ནི་རྒྱ་གར་ཡུལ་མི་རེད་འདུག ནད་པ་ནི་དབུལ་ཕྱུག་འདྲ་མིན་འདུག་པ་མ་ཟད། དེ་དག་ཕལ་མོ་ཆེ་དེ་སྔོན་ཕྱི་ལུགས་སྨན་བཅོས་དཔེར་ན། Allopathy, Unani,Homopathy,Ayurveda སོགས་ཀྱིས་དྲག་བསྐྱེད་མ་བྱུང་བའམ་འདོད་བློ་མ་ཚེམས་པར། བོད་སྨན་བསྟེན་གཏུགས་བྱེད་མཁན་ཤ་སྟག་ཡིན་འདུག ནད་པ་དེ་དག་ནི་ནད་སྣ་མང་དུ་འཛོམས་པའི་ནད་པ་ལས་ན་ཚ་གཅིག་ཁོ་ནའི་སླད་དུ་བསྟེན་གཏུགས་ལ་ཡོང་བ་ཞིག་མིན། ད་དུང་ནད་པ་དེ་དག་གི་ལག་པར་ཕྱི་ལུགས་སྨན་བཅོས་བརྟག་དཔྱད་སྙན་ཐོ་མཐུག་པོ་རེ་མཉམ་དུ་འཁྱེར་ནས་ཡོང་གི་འདུག
ལོ་ངོ་ཉེར་ལྔ་ལྷག་གི་རིང་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་རམས་པ་པདྨ་དབྱངས་ཅན་ལགས་ནས་ལྷག་བསམ་རྣམ་ཐག་ངང་བལྟ་རེག་དྲི་གསུམ་གྱི་བརྟག་ཐབས་གང་ལ་གང་དགོས་ཚུལ་དུ་སྦས་གསང་མེད་པར་སློབ་འཁྲིད་དང་། ཁྱད་པར་ཚོན་ཀན་ཆག་གསུམ་གྱི་རྩའི་འཕར་ཚུལ་རེ་རེའི་ལུང་རིག་གཉིས་ཀྱི་འགྲེལ་བཤད་ཟབ་མོ་བརྒྱབས་གནང་གི་འདུག དཔེར་ན། ལོང་དང་མཁལ་མའི་རྩ་ལ་ཕྲ་མགྱོགས་བྱུང་ན་བུ་སྣོད་ལ་གཉན་ཁ་དང་། ལག་གཡོན་པའི་ཚོན་རྩ་དལ་གྱིས་གློད་ཡང་མུ་མཐུད་རྩའི་རྩེ་མོ་ཟུག་ན་སྙིང་གཟེར་རྒྱག་པ། ལྕེའི་མཐའ་འཁོར་དུ་སོག་ལེ་འདྲ་བ་ཡོད་ན་ལུས་ལ་སྐྱུར་རྫས་(Acid)མང་པོ་ཡོད་པ་བཅས་ཀྱི་རྟགས་དང་། པུས་མོར་ལག་པ་འཕྱང་སྟེ་འཕྲིག་འཕྲིག་ཚོར་ན་ཆུ་སེར་ཞུགས་པ་སོགས། ལག་ལེན་དམར་འཁྲིད་མཛུབ་མོ་རི་སྟོན་གྱི་ཚུལ་དུ་གནང་དུས་དགའ་ཚོར་ཆེན་པོ་བྱུང་། མ་ཟད་ཁོང་གིས་ནད་པ་སོ་སོའི་ཁམས་དང་མོས་པ་བཞིན་ཟས་སྤྱོད་ལམ་སྟོན་གནང་སྟངས་དང་། ནད་པའི་དྲི་བ་ཅི་ཞིག་ལ་བཀའ་ལན་གཟབ་ནན་གནང་བ། ཤིན་ཏུ་ཉམ་ཐག་པའི་ནད་པ་ལ་སྨན་རིན་གནང་བ་བཅས་མཐོང་སྐབས་སླད་མར་རང་ཉིད་ཀྱང་ཁོང་ལྟ་བུ་ཞིག་བྱ་ཐུབ་ན་སྙམ་པའི་ཚོར་སྣང་ཞིག་ངང་གིས་སྐྱེས་བྱུང་། གཞན་ཡང་། ནད་གཞི་ཅི་ལྟ་བུ་ཞིག་ལ་སྨན་ཅི་འདྲ་བ་ཞིག་གནང་དགོས་པའི་རྒྱུ་མཚན་ཁ་གསལ་དང་། ཟུར་དུ་ནུས་པ་ཕྱོགས་བསྡུས་བལྟ་ཀློག་བཅུག་པ་དེས་དྲན་པར་བརྟན་པོ་ཆགས་པའི་ཚོར་སྣང་བྱུང་།
དེ་མིན་ཨེམ་ཆི་ལགས་ཀྱིས་གསུངས་དོན་ཁོང་གི་དགེ་རྒན་སྨན་པ་དཀོན་འགྱུར་ལགས་ཀྱི་མན་ངག་སྟེ། སྨན་གང་ཞིག་ཕན་བསྐྱེད་བྱུང་རྗེས་དེ་མུ་མཐུད་རྐྱང་བྱེད་ནས་ནད་པར་གཏོང་རྒྱུ་མེད། སྐབས་མཚམས་རེ་ནས་སྨན་དེ་བརྗེ་བའམ་འཕོ་འགྱུར་བྱེད་དགོས་པ་གལ་ཆེན་པོ་ཡིན་ཏེ། མི་དང་མི་བར་ལ་འདྲིས་དྲགས་ཚེ་ཕན་ཚུན་མི་བཀུར་བ་བཞིན་གཟུགས་པོ་སྨན་འདྲིས་ཆེ་ན་སྨན་གྱི་ནུས་པ་ཇི་ལྟ་བ་བཞིན་ཐོན་མི་ཐུབ་པའི་ཕྱིར་སྨན་བརྗེ་དགོས། འོན་ཀྱང་སྨན་གང་ཞིག་བཏང་མ་ཐག་བརྗེ་རྒྱུ་མེད་དེ་ཕན་ཚུན་འདྲིས་མ་འདྲིས་སྐབས་ངོ་མ་འཕྲོད་པ་བཞིན་སྨན་ནུས་ཀྱང་ཐོན་དཀའ་བས་ན་དེ་དོན་འཚོ་བྱེད་ལས་དང་པོ་བ་རྣམས་ཀྱིས་དགོངས་མངའ་ཡོད་པ་ཞུ། ཕྱི་ལོ་༢༠༡༦ ཟླ་ ༡ ཚེས་ ༢༥ ཉིན་གུས་པ་བྱང་པ་ངག་ཚེ་ནས་ཡི་གེར་ཕབས།
བརྗེད་དཀའ་བའི་བཅུ་དྲུག་ཉིན་མོ།
ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༦ ཉིན་ལོ་ན་ ༦༥ སོན་པའི་རྒན་པོ་ཞིག་མཁལ་མའི་བྱེད་ལས་ཉམ་པས། ཕྱི་ལུགས་སྨན་བཅོས་བལྟ་སྐྱོང་འོག་མཁལ་མར་Dialysis བཅུག་པའི་ནད་པ་ཞིག་བོད་ལུགས་སྨན་དང་སྨན་པ་བསྟེན་གཏུགས་སླད་མྱུར་སྐྱོབ་རླང་འཁོར་བརྒྱུད་ལྡི་ལི་ཎིཛམ་མུ་ལྡིན་སྨན་རྩིས་ཁང་གི་སྒོ་ཁར་བསླེབས་སྐབས་སེམས་ལ་དངངས་འཚབ་དང་ཞེད་སྣང་ཆེན་པོ་ཞིག་སྐྱེས་བྱུང་། འོན་ཀྱང་ཡུན་རིང་ཉམས་མྱོང་ལྡན་པའི་ཁོ་བོའི་ཉམས་གསོག་ལག་ལེན་སློབ་འཁྲིད་པ་སྨན་རམས་པ་པདྨ་དབྱངས་ནི་ཞེད་སྣང་དང་འཚབ་འཚུབ་ཅི་ཡང་མེད་པར་གདེངས་སྤོབས་ཆེན་པོས་ཁོ་བོ་འཁྲིད་དེ་རླང་འཁོར་ནང་དུ་ལུས་པའི་ནད་པར་བལྟ་རུ་ཕེབས། ཁོང་གིས་བལྟ་རེག་དྲི་གསུམ་གྱིས་ལེགས་པར་བརྟག་གནང་རྗེས། ནད་པ་དེའི་མཁལ་མའི་བྱེད་ལས་ཡོངས་སུ་ཉམ་པར་བརྟེན་ཟུངས་སྟོབས་ཞན་པ། མཁལ་མཆིན་ཚད་པ། ཕོ་རླུང་འགྱིངས་པ། མགོ་འཁོར་བ། ལུས་ཀྱི་ཤ་གནད་ཤོར་བ་སོགས་ཤེས་རྟོགས་བྱུང་རྗེས་བོད་སྨན་ཉིན་བཅོ་ལྔ་གནང་སོང་། ཞོགས་པ་རྒས་གསོས། ཉིན་གུང་བྲེ་ག་བཅུ་གསུམ། དགོང་དྲོ་ལུག་ཀླད་རིལ་བུ་བཅས་གསོལ་སྨན་དང་། དེ་མཉམ་དུ་ཟས་སྤྱོད་ལམ་སྟོན་གཙོ་བོ་སྟེ། གནས་སྐབས་རིང་ཤིང་ཏོག་དང་རྗེན་ཟས། གྲང་མོའི་རིགས་སྤང་ནས་འཇུ་སླ་ཞིང་དྲོ་བཅུད་ལྡན་པའི་ཟས་ཉུང་ཞིང་ཐུན་མང་ཙམ་གཏད་དགོས་པ། གཟུགས་པོ་དྲོ་པོ་ཉར་རྒྱུ་དང་དམིགས་བསལ་མཁལ་རྐེད་དྲོ་པོ་ཉར་དགོས་པའི་ལམ་སྟོན་གནང་སོང་། མ་ཟད་རང་གི་གཉེན་ལྟར་ནད་པའི་ནང་མི་ཚོར་ནད་པར་གཟིགས་རྟོགས་གང་ལེགས་གནང་དགོས་པའི་བཀའ་མངགས་ལམ་སྟོན་གནང་གྲུབ་རྗེས་ནད་པ་དང་ནད་པའི་གཉེན་ཉེ་ནང་མི་རྣམས་རེ་བ་ཆེན་པོ་བཅོལ་བཞིན་མཛུམ་དམུལ་དམུལ་ངང་ཕྱིན་སོང་། ཉིན་བཅོ་ལྔའི་རྗེས་ནད་པའི་ཚ་བོ་ཞིག་དགའ་ཚོར་ཆེན་པོས་སྨན་ཁང་དུ་བསླེབས་རྗེས་དེ་སྔོན་མཁལ་མའི་བྱེད་ལས་ཉམ་པའི་ནད་པ་རྒན་པོ་ཁོང་དྲག་བསྐྱེད་ཆེན་པོ་ཕྱིན་ཚུལ་བརྗོད་ནས་མུ་མཐུད་བོད་སྨན་གནང་རོགས་ཞེས་ཐོས་མ་ཐག་དགའ་ཚོར་ཆེན་པོ་ཞིག་སྐྱེས་བྱུང་། དེ་མིན་ཐེངས་དེར་བོད་ལུགས་སྨན་པས་མྱུར་སྐྱོབ་རླང་འཁོར་ནང་དུ་ནད་པ་གཟིགས་ཞིབ་གནང་བ་ཐོག་མ་མཇལ་བས་དམིགས་བསལ་བརྗོད་དཀའ་བའི་ཚོར་སྣང་ཞིག་བྱུང་། མདོར་ན་ཉམས་མྱོང་ལྡན་པའི་བོད་ལུགས་སྨན་པ་དང་གསོ་བ་རིག་པ་ལ་གདེངས་སྤོབས་ཆེན་པོ་ཞིག་ཐོབ་པ་མ་ཟད་ཕྱི་ལུགས་སྨན་བཅོས་རིག་པ་ལ་གནོང་མི་དགོས་པའི་སྨན་བཅོས་ལག་ལེན་ཕུན་སུམ་ཚོགས་པ་མང་པོ་ཡོད་པ་ཚོར་བྱུང་།
ཨེམ་ཆིའི་ཞབས་སྟེགས་སྟེང་ནས་ནད་པ་ཐོག་མར་བལྟས་པའི་མྱོང་ཚོར།
ཕྱི་ལོ་ ༢༠༡༦ ཟླ་བ་ ༣ ཚེས་ ༢༥ རེས་གཟའ་པ་སངས་ཉིན་ནི། གུས་པར་མཚོན་ན་དམིགས་བསལ་གྱི་བྱས་རྗེས་འཇོག་པའི་ཉིན་མོ་ཞིག་ཏུ་གྱུར། ལྡི་ལི་ཎི་ཛམ་མུ་ལྡིན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དུ་ཉམས་གསོག་བྱེད་ནས་ཉིན་གྲངས་བརྒྱད་ཅུ་གྱད་ལྔ་འགྲོ་བཞིན་པའི་ཉིན་འདིར་ཨེམ་ཆིའི་བསྐལ་བཟང་ལགས་དང་ཨེམ་ཆི་དབྱངས་ཅན་ལགས་རྣམ་གཉིས་ཀྱིས་ཉམས་གསོག་སློབ་མར་གདེངས་སྤོབས་དང་ཉམས་མྱོང་ཐོབ་ཆེད་ཨེམ་ཆི་ཞབས་སྟེགས་སྟེང་ནས་ནད་པ་བལྟ་རྒྱུའི་གོ་སྐབས་གནང་བ་ལྟར་། རང་ངོས་ནས་ཀྱང་དགའ་སྤོབས་ཆེན་པོའི་ངང་ནས་དང་ལེན་ཞུས། ནད་པ་མ་བལྟས་གོང་དུ་སེམས་ལ་འཆར་བ་ནི་དེ་སྔོན་བཤད་རྒྱུད་ལེའུ་སོ་གཅིག་པ་གསོ་བ་པོ་སྨན་པའི་ལེའུ་ལས། སྡུག་བསྔལ་མཐོང་དང་ཕན་ཐོགས་དད་པ་དང་། །ཞེས་པའི་ཚིག་དོན་ལ་བསྐྱར་དུ་མནོ་བསམ་ཞིག་བཏང་ནས་ནད་པ་བལྟ་རྒྱུའི་གོམ་སྟབས་དང་པོ་དེ་གཏད་པ་ཡིན། ཐོག་མར་ནད་པ་བལྟ་དུས་སེམས་ལ་འཚབ་འཚུབ་དང་ཚེར་སྣང་ཞིག་སྐྱེས་ཀྱང་རང་གི་རང་ལ་སྐུལ་ལྕག་ཅིག་བྱས་ཏེ་གཟབ་ནན་ངང་བལྟ་རྒྱུའི་འབད་བརྩོན་བྱས་པ་ཡིན། ཐེངས་འདིར་ཁྱོན་བསྡོམས་ནད་པ་གྲངས་ཉི་ཤུ་རྩ་གཉིས་བལྟ་རྒྱུའི་གོ་སྐབས་ཐོབ་བྱུང་། སྤྱིར་ནད་པའི་གྲངས་འབོར་ཉུང་ཡང་ནད་པ་རེ་རེར་དུས་ཚོད་བཏང་ནས་བལྟ་རེག་དྲི་གསུམ་གྱི་བརྟག་ཅིང་དཔྱད་ནས་སྨན་སྤྲད་པ་ཡིན། རང་ཉིད་ཨེམ་ཆིའི་ཞབས་སྟེགས་སྟེང་ནས་ནད་པ་བལྟ་བ་ཐོག་མ་དེ་ཡིན་པར་བརྟེན་ནད་ལ་གཞིགས་པའི་སྨན་དང་ཟས་སྤྱོད་སློབ་སྟོན་གང་ཐུབ་ཅི་ཐུབ་བྱས་ཀྱང་། ཐེངས་རྗེས་མར་ནད་པའི་ངག་ནས་ཕན་གནོད་ཅི་ཞིག་བརྗོད་ཡོང་སྙམ་པའི་ཚོར་སྣང་ཞིག་ཀྱང་འདུག བཅས་གོང་དུ་ས་བཅད་མ་སྟོངས་ཙམ་གྱི་མྱོང་ཚོར་འདི་ལྡིལླི་ཎི་ཛམ་མུ་ལྡིན་དུ་ཉམས་གསོག་བྱེད་བཞིན་པའི་བྱང་པ་ངག་ཚེ་ནས།
ཉམས་གསོག་བྱས་པའི་རིང་དངོས་སུ་མཐོང་བའི་ནད་རིགས།
དཔེར་ན། འབྲས་ནད་ཁོངས་ནས་ནུ་འབྲས། ཁ་འབྲས། མིད་འབྲས།(Esophagal cancer) གློ་བའི་འབྲས་ནད། མཁྲིས་འབྲས། རུས་འབྲས།(Fibrosarcoma) མགོ་རུས་འབྲས་ནད། མཆིན་འབྲས། ལྕེ་འབྲས། བུ་སྣོད་འབྲས་ནད། མཁལ་འབྲས། ཁྲག་འབྲས།Luekemia རླིག་འབྲས། གཉན་ནད་AIDS མོ་ནད་ཁྲག་སྐྲན། (Endometriosis) ཆུ་སྐྲན། ཚིལ་སྐྲན། མཁྲིས་རྡོ། མཁལ་རྡོ། རྒྱུ་ལྷག རྒྱུ་རླུགས། རླིག་རླུགས། གཞང་རླུགས། གཞང་འབྲུམ།(Piles) མཚན་བར་རྡོལ་བ།(Fistula) མཆིན་རྣག(liver Cihrrosis) མཁྲིས་ནད་ཤ་སེར་མིག་སེར། མཁྲིས་ནད།(Jaundice) འབྲས་བུ་ཆུ་ཡིས་སྐྲངས་ནད། (Hydrocele) ལྒང་རྨེན་གཉན་ཁ།(Prostatitis) གཅིན་ལམ་རྡོ་སྐྲན།(Renal Calculi) རྩ་དཀར་ནད། (Spondylitis) རྩ་མདུད།(Ganglion) རྩ་འདར།(Parkinson’s disease) ལྕེ་རྩའི་རྨེན་བུའི་ནད། (Tonsil) རྩ་འབམ།(Varicose Vein) ཚིགས་གྲུམ།(Rheumatoid Arthritis) རུས་གྲུམ།(Osteo Arthritis) མཁལ་རྩ་འགྲམ་གྲུམ།(Sciatica) དྲེག་ནད།(Gout) དྲེག་གྲུམ།(Gouty Arthritis) རྐང་འབམ།(Filaria) སྐྱ་རྦབ།(Anemia) འོར་དང་དམུ་ཆུ།(Dropsy /Edema) བརྒྱལ་གཟེར།(Epilepsy) དཔུང་འཇའ།(Frozen shoulder) དབུགས་མི་བདེ་བ།(Asthma) མལ་གཅིན།(Bed wetting) པགས་ནད་ཤ་ཁྲ་ཅན།(Leukoderma) ཆུ་སེར་པགས་ནད།(Eczema) ལྷ་འབྲུམ། /གཉན་ནད་འབྲུམ་པ། (smallpox) གཅིན་སྙི་ཟ་ཁུ།(Diabetes Millustis(Tpye 1-2) ཁྲག་རླུང་སྟོད་འཚངས། (Hypertension(blood preasure) བུ་མི་འབྱུང་བའི་ནད།(Infertility) གློང་གཅོང་།(Lungs Tuberculosis) བད་ཀན་བྲང་ཚ་ཆུ་སྐྱུར།(Acidity) བརྗེད་བྱེད།(Alzheimer disease) རུས་པ་གས་ཆགས།(Bone fracture) ཁྲག་གི་འཁོར་རྒྱུགས་ནད།(Circulation problem) ཆམ་པ།(Common cold) མིག་ནད་གཤེར་ཚག(Conjunctivitis) རྩ་འགག་ནད།(Constipation) སེམས་ཞུམ་པ། (Depression) སྒལ་ཚིགས་འཆུས་པ།(Disc prolapsed) རིམས་ཆམ།(flu) མི་འཕྲོད་ཟ་འཕྲུག(Allergy) ཕོ་བ་སྨུག་པོ།(Gastric) སྨྲ་མི་ཤེས་པ།(Aphonia) ཁྲག་ཚིལ་མཐོ་པོ།(High cholesterol) རོ་ཙ་ཉམས་པ།(Impotency) མ་ཞུ་བ།(Indigestion) གཉིད་ཡེར་བ།(insomnia) སྙིང་རྩ་རྡོལ་ཅན།(Ischemic heart) རྣ་བ་འུར་བའི་ནད།(Tinnitus) ཀླད་སྐྱིའི་ཚད་ནད།(Meniningitis) ཀླད་གཟེར། (Migraine) ཤ་གནད་ཤོར་བའི་ནད།(Muscular Dystrophy) ས་བོན་དང་ཟླ་མཚན་ཉུང་སྐྱོན།(Oligospermia/Oligo Menorrhea) རུས་པ་སོབ་སོབ་ཆགས་པའམ་རུས་ཁུམ་ནད། (Osteomalacia Osteoporosis (Calcium deficiency) སྙིང་གཡུག་པ།(Palpitation) གྲིབ་སྐྱོན། (Paralysis/ stroke) བྱིས་པའི་རྩ་སྦྲིད།(Polio myelitis) ཕོ་ཡུའི་རྨ།(Peptic Ulcer) ཁ་རྨ།(Mouth Ulcer) པགས་ནད་མེ་དབལ།(Ringworm) སིབ་བའི་ནད།(Measles) ལུས་ལ་དམར་ཐིག་ཆགས་པའི་ཚད་ནད།(Typhus) རྒྱུ་ཚད།(Typhoid) ཡ་མ།(Sinusitis) སེམས་ངལ།(Stress) མོ་མཚན་ནང་དུ་གཉན་ཁ།(Vulvitis) གྲང་བ་འཛགས་པའི་ནད།(Gonorrhea) སོགས་བགྲངས་ལས་འདས་པ་མཐོང་རྒྱུ་འདུག
ཐུགས་རྗེ་ཆེ་ཞུའི་གཏམ།
མཐར་འདི་ལོའི་ཕྱི་ཟླ་དང་པོ་ནས་དྲུག་པ་བར་ལྡི་ལི་ཎི་ཛམ་མུ་ལྡིན་བོད་ཀྱི་སྨན་རྩིས་ཁང་དུ་སྨན་བཅོས་ཉམས་གསོག་གི་ལག་ལེན་ཉམས་མྱོང་གསོག་སྒྲུབ་ཀྱིས། ད་ཆ་ཉམས་གསོག་གི་སློབ་གཉེར་ཐོན་ཞིང་། ཉམས་གསོག་གི་བྱ་བའི་བརྒྱུད་རིམ་ཁྲོད་དེ་སྔའི་གཞུང་ལུགས་ཀྱི་རྣམ་བཞག་རྣམས་ཉམས་ལེན་དངོས་ཀྱི་སྟེང་དུ་དམར་ཁྲིད་ལྟ་བུར་ཕན་ཐོགས་རླབས་ཆེན་དང་། ཁྱད་པར་བོད་སྨན་གྱིས་ཕན་འབྲས་བཟང་པོ་ཐོན་པ་དངོས་མཐོང་བྱུང་བས་གསོ་བ་རིག་པར་བློ་གཅིག་སེམས་གཅིག་གིས་ཡིད་སྨོན་དང་། ཉམས་གསོག་དོན་སྙིང་ལྡན་པ་ཞིག་བྱུང་སོང་སྙམ་པའི་ཚོར་སྣང་ཆེན་པོ་ཞིག་བྱུང་། དོན་སྙིང་ལྡན་པའི་ཉམས་གསོག་གི་ལག་ལེན་འཐུས་ཚང་བྱས་རྒྱུ་བྱུང་བ་འདི་དག་རྐྱེན་མེད་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་འདི་ནི་མགོ་ནག་བོད་མི་ཡོངས་ཀྱི་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་༧གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་དང་། གཞན་ཡང་གནས་ཡུལ་རྒྱ་གར་གཞུང་དང་མི་མང་། རང་རེའི་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་དང་། འབྲེལ་ཡོད་ལས་བྱེད་རྣམ་པ། ལྷག་པར་དུ་ཝཱཎ་གསོ་རིག་སྡེ་ཚན་གྱི་རིགས་སྡེ་འགན་འཛིན་མཆོག་དང་། སྡེ་ཚན་འགན་འཛིན་མཆོག དངོས་སུ་ཉམས་གསོག་བྱ་ཡུལ་གྱི་ཡན་ལག་སྨན་ཁང་དང་སྡོད་གནས་སོགས་ཀྱི་མཐུན་རྐྱེན་བཀའ་འཁྲོལ་གནང་མཁན་རྡ་ས་དབུས་བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་མཆོག་དང་། ཁྱད་པར་ཉམས་གསོག་གི་ལག་ལེན་དམར་འཁྲིད་གནང་མཁན་སྨན་རམས་པ་བསྟན་འཛིན་བདེ་བྱེད་དང་སྨན་རམས་པ་པདྨ་དབྱངས་ཅན། སྨན་པ་མིག་དམར་ལགས་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་ནད་གྲངས་༧༠༠༠ལྷག་ལ་བརྟག་དཔྱད་སྨན་བཅོས་དང་མཐོང་བརྒྱུད་ལག་ལེན་དམར་འཁྲིད་ཀྱི་ཉམས་མྱོང་མ་ཚང་བ་མེད་པར་ཐོབ་པས་ཁོང་རྣམས་ལ་བཀའ་དྲིན་བླ་མེད་དུ་ཞུ་བ་དང་སྦྲགས། ཐུགས་རྗེ་ཆེ། བཅས་ཟླ་དྲུག་རིང་ཉམས་གསོག་གི་བྱ་བའི་བརྒྱུད་རིམ་ནང་དུ་དངོས་མཐོང་བྱུང་བའི་སྙན་ཐོ་སྙིང་བསྡུས་འདི་བྱང་པ་ངག་ཚེ་ནས། བོད་རྒྱལ་ལོ་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ལོའི་སྣྲོན་ཟླ་བའི་དཀར་ཕྱོགས་བཟང་པོ་གསུམ་པ་དང་། ཕྱི་ལོ་༢༠༡༦ ཟླ་ ༧ ཚེས་ ༡༦ ཉིན་སྤེལ།
ཐུགས་རྗེ་ཆེ། ཁྱེད་ཀྱི་ཉམས་གསོག་སྙན་ཐུང་འདི་ཡིས་རང་རེའི་གསོ་བ་རིག་པ་འདི་དུས་རབས་ཉེར་གཅིག་གི་ནང་དུའང་མེད་ཐབས་མེད་པ་ཞིག་ཡིན་པ་ལ་ངེས་ཤེས་སྐྱེས་བྱུང་། ད་ལམ་ཉམས་གསོག་གི་གནས་སྐབས་འདིར་ཁྱེད་ཀྱི་བསམ་བློ་གཏོང་སྟངས་ཇི་ལྟར་ཡིན་པ་དེ་བཞིན་མི་ཚེ་ཧྲིལ་པོའི་སྤྱོད་ལམ་དུ་འཁྱེར་ཐུབ་པའི་སྨོན་ལམ་ཡོད། རྗེས་སུ་ཡི་རང་ཞུ།།