ད་ལོའི་རེའོ་ཨོ་རྩེད་འགྲན་ཚོགས་སྟེང་ཨ་རིར་གསེར་གྱི་རྟགས་མ་ ༤༦ ཐོབ་སྟེ་ཨང་དང་པོ་དང་དབྱིན་ཇིར་གསེར་གྱི་རྟགས་མ་ ༢༧ ཐོབ་སྟེ་ཨང་གཉིས་པ། རྒྱ་ནག་ལ་གསེར་གྱི་རྟགས་མ་ ༢༦ ཐོབ་སྟེ་ཨང་གསུམ་པ་བཅས་ཆགས་འདུག
ཁ་སང་གཟའ་ཉི་མའི་ཕྱི་དྲོར། ལྷོ་ཨ་མི་རི་ཁའི་བྷར་རྫིལ་(Brazil)རྒྱལ་ཁབ་ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྐབས་༣༡ པ་དེ་མཇུག་རྫོགས་ཡོད་པ་དང་། མཇུག་བསྡོམས་མཛད་སྒོའི་སྟེང་རྒྱལ་སྤྱིའི་ཨོ་རྩེད་ཚོགས་ཆུང་གི་འགན་འཛིན་ཐོ་མ་སི་བྷ་ཆི་ (Thomas Bach) ལགས་ཀྱིས་རྒྱལ་སྤྱིའི་ཨོ་རྩེད་དར་ཆ་སྐབས་རྗེས་མའི་ཨོ་རྩེད་མགྲོན་བདག་ཉི་ཧོང་གི་ཀྲོག་ཁྱའོ་གྲོང་ཁྱེར་སྤྱི་ཁྱབ་ལྕམ་ཡུ་རེ་ཀོ་ཀེ་ཀི་ (Yuriko Koike) མཆོག་ལ་བརྒྱུད་སྤྲོད་གནང་སོང་།
ད་ལོའི་ཨོ་རྩེད་འགྲན་ཚོགས་སྟེང་ཨ་རིའི་རྩེད་འགྲན་རུ་ཁག་ལ་གསེར་གྱི་རྟགས་མ་ ༤༦ དང་དངུལ་གྱི་རྟགས་མ་ ༣༧ ། ཟངས་ཀྱི་རྟགས་མ་ ༣༨ བཅས་ཁྱོན་བསྡོམས་རྟགས་མ་ ༡༢༡ ཐོབ་སྟེ་ཨང་དང་པོ་དང་། དབྱིན་ཇིའི་རྩེད་འགྲན་རུ་ཁག་ལ་གསེར་གྱི་རྟགས་མ་ ༢༧ དང་། དངུལ་གྱི་རྟགས་མ་ ༢༣ ། ཟངས་ཀྱི་རྟགས་མ་ ༡༧ བཅས་ཁྱོན་རྟགས་མ་ ༦༧ ཐོབ་སྟེ་ཨང་གཉིས་པ། རྒྱ་ནག་གི་རྩེད་འགྲན་རུ་ཁག་ལ་གསེར་གྱི་རྟགས་མ་ ༢༦ དང་དངུལ་གྱི་རྟགས་མ་ ༡༨ ཟངས་ཀྱི་རྟགས་མ་ ༢༦ བཅས་ཁྱོན་རྟགས་མ་ ༧༠ ཐོབ་སྟེ་ཨང་གསུམ་པ་བཅས་ཆགས་ཡོད་པ་རེད།
བྷར་རྫིལ་ (Brazil) རྒྱལ་ཡོངས་ངལ་རྩལ་ཚོགས་པའི་གཙོ་འཛིན་ཟུར་བ་ལ་གྷོ་ (Lago) ཞུ་བ་ཞིག་གིས། རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྐབས་ ༣༡ རེའོ་གྲོང་ཁྱེར་ནང་བདེ་ལེགས་ངང་ཚུགས་པ་དེས་རེའོ་གྲོང་ཁྱེར་ལ་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་བརྩམས་པ་མ་ཟད། དེ་ནི་འདས་པའི་མི་ལོ་ ༢༠ ནས་ ༣༠ རིང་གི་བྷར་རྫིལ་རྒྱལ་ཁབ་ཀྱི་ཆབ་སྲིད་དཔལ་འབྱོར་འཕེལ་རྒྱས་ཀྱི་མངོན་རྟགས་ཤིག་ཡིན་སྐོར་བརྗོད་ཡོད་འདུག ཡང་། རེའོ་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཕི་སི་ (Paes) ཞུ་བ་ཞིག་གིས་གསར་འགོད་པའི་དྲི་བའི་ལན་དུ། ད་ལོའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་རེའོ་གྲོང་ཁྱེར་ནང་ཚོགས་པ་དེས་གྲོང་དང་གྲོང་ཁྱེར་མི་མང་གི་དབུལ་ཕོངས་དང་གནས་སྤོར་དཀའ་རྙོག་སོགས་གང་ཡང་སེལ་ཐུབ་མེད་སྐོར་དང་། ད་ལོའི་ཨོ་རྩེད་འགྲན་ཚོགས་ཀྱི་རྩལ་འགྲན་དོ་རྭ་འཛུགས་སྐྲུན་སོགས་སྤྱིའི་འགྲོ་གྲོན་ལ་ཨ་སྒོར་ཐེར་འབུམ་ ༡༢ བཏང་ཡོད་པ་དང་། འགྲོ་གྲོན་གྱི་ཡོང་ཁུངས་གཙོ་བོ་སྒེར་བཙུགས་ཚོང་གཉེར་ཁང་ཁག་ཅིག་ཡིན་སྐོར་སོགས་བརྗོད་འདུག
ཐེངས་འདིའི་ཨོ་རྩེད་སྟེང་རྒྱ་གར་ལ་དངུལ་གྱི་རྟགས་མ་གཅིག་དང་ཟངས་ཀྱི་རྟགས་མ་གཅིག་བཅས་ཐོབ་སྟེ་ཨང་རིམ་ ༦༧ པ་ཆགས་ཡོད་པ་རེད། ཨང་བཞི་པ་ཨུ་རུ་སུའི་རྩེད་འགྲན་རུ་ཁག་ལ་ཁྱོན་རྟགས་མ་ ༥༦ དང་། ཨང་ལྔ་པ་འཇར་མན་གྱི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༤༢། ཧྥ་རན་སིའི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༤༢། ཉི་ཧོང་གི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༤༡། ཨང་དྲུག་པ་ཨོ་སི་ཊིར་ལེ་ཡའི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༢༩། ཨང་བདུན་པ་ཨེ་ཊ་ལེའི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༢༨། ཨང་བརྒྱད་པ་ལྷོ་ཀོ་རི་ཡའི་རྩེད་འགྲན་རུ་ཁག་ལ་རྟགས་མ་ ༢༡ བཅས་ཐོབ་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།