བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་ཡུ་རོབ་ཤར་རྒྱུད་རྒྱལ་ཁབ་ཁག་གིས་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་གཞི་ལྕམ་ཧེ་ལ་རེ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་འདུག
ཁ་སང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་སོ་བྷོ་ཊ་ཀ་ (Sobotka) མཆོག་གིས་བྱང་ཆིངས་མཉམ་འབྲེལ་སྒྲིག་འཛུགས་ (NATO) ཀྱི་ཁོངས་གཏོགས་ཡུ་རོབ་ཤར་རྒྱུད་རྒྱལ་ཁབ་ཁག་ཅིག་གིས་མང་མོས་ཐོག ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་ (Trump) མཆོག་ལས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་གཞི་ལྕམ་ཧེ་ལ་རེ་ (Hillary) མཆོག་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་ཡིན་ན། ནུབ་གླིང་རྒྱལ་ཁབ་ ༢༨ གྱིས་གྲུབ་པའི་བྱང་ཆིངས་སྒྲིག་འཛུགས་ཀྱི་མ་འོངས་བདེ་འཇགས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན་པར་ངོས་འཛིན་གཅིག་གྱུར་བྱུང་ཡོད་པའི་སྐོར་བརྗོད་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་སོ་བྷོ་ཊ་ཀ་མཆོག་གིས། དེང་གི་ཨ་རིའི་སྲིད་འཛིན་འོས་གཞི་གཉིས་ཀྱི་གཏམ་བཤད་ལ་གཞིག་ན། ཊི་རུམ་ཕི་ལས་ཧེ་ལ་རེ་ལ་སྲིད་འཛིན་རྒྱལ་ཁབ་ཁ་འཐོབ་པ་ཡིན་ན། བྱང་ཆིངས་སྒྲིག་འཛུགས་ཀྱི་མ་འོངས་བདེ་འཇགས་ལ་ཕན་ནུས་ཆེན་པོ་འཐོན་ཐུབ་པར་ཡིད་ཆེས་ཡོད་ལ། ལྕམ་ཧེ་ལ་རེ་མཆོག་གིས་རང་ངོས་ནས་ཀྱང་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་མཉམ་ལས་ཐད་སྔར་ལས་ལྷག་པའི་ཕན་ནུས་འདོན་རྒྱུ་ཁག་ཐག་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག
ཨ་རིའི་སྲིད་འཛིན་གཞོན་པ་བྷ་ཊན་ (Biden) མཆོག་གིས་བྱང་ཆིངས་སྒྲིག་འཛིགས་ནང་གསར་ཞུགས་ཨེ་སི་ཊོ་ནེ་ཡ་ (Estonia) དང་ལ་ཊི་བེ་ཡ་ (Latvia)། ལེ་ཐུ་ནེ་ཡ་ (Lithuania) བཅས་ཀྱི་རྒྱལ་ཁབ་གསུམ་གྱི་མ་འོངས་བདེ་འཇགས་སྲུང་སྐྱོབ་སྐོར་ལ་བརྗོད་དོན། “ཨ་རིའི་གཞུང་གིས་བྱང་ཆིངས་སྒྲིག་འཛུགས་ནང་གསར་ཞུགས་རྒྱལ་ཁབ་གསུམ་ (Baltic nations)ལ་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་སྐད་ཆ་དེ་བདེན་པ་མ་རེད། ཨ་རིས་བྱང་ཆིངས་སྒྲིག་འཛུགས་ཀྱི་གྲོས་ཆོད་ཁག་དང་། ལྷག་པར་དུ་ཆིངས་ཡིག་དོན་ཚན་ ༥ བ་དེ་གལ་འགངས་ཆེན་པོར་མཐོང་གི་ཡོད་ལ། ཨ་རིའི་གཞུང་གིས་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུ་མ་ཟད། ཨུ་རུ་སུའི་མཐའ་མཚམས་རྒྱལ་ཁབ་ཁག་ཀྱང་མ་འོངས་པར་བྱང་ཆིངས་སྒྲིག་འཛུགས་ནང་མཉམ་ཞུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།” ཅེས་སོགས་བརྗོད་འདུག
སྐུ་ཞབས་ཊི་རུམ་ཕི་མཆོག་གིས་བྱང་ཆིངས་སྒྲིག་འཛུགས་ནང་གསར་ཞུགས་རྒྱལ་ཁབ་གསུམ་ (Baltic nations) གྱི་མ་འོངས་བདེ་འཇགས་དང་དམག་དཔུང་གི་རམ་འདེགས་ཐད། གལ་ཏེ་ཨུ་རུ་སུས་རྒྱལ་ཁབ་དེ་དག་ལ་བཙན་འཛུལ་བྱས་པ་ཡིན་ན། ཁོས་ཐོག་མར་རྒྱལ་ཁབ་དེ་དག་ལས་འཐོབ་པའི་ཁེ་ཕན་ལ་གཞིགས་ཏེ། ཁོ་ཚོར་རོགས་འདེགས་བྱ་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་དེ་བྱང་ཆིངས་སྒྲིག་འཛུགས་ཀྱི་རྩ་དོན་དང་འགལ་ཡོད་འདུག ནུབ་གླིང་རྒྱལ་ཁབ་ ༢༨ གྱིས་གྲུབ་པའི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཆིངས་ཡིག་དོན་ཚན་ ༥ བའི་ནང་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སུ་ཞིག་ལ་གཞན་གྱིས་བཙན་འཛུལ་བྱས་པ་ཡིན་ན། དེ་ནི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཁག་ཚང་མར་བཙན་འཛུལ་བྱས་པ་ཡིན་པར་ངོས་འཛིན་གཏན་འབེབས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༩ ཚེས་ ༡༡ ཉིན་འཇིགས་སྐུལ་དྲག་སྤྱོད་པས་ཨ་རིར་གཏོར་རྒོལ་བཏང་བ་དང་འབྲེལ་ཏེ། བྱང་ཆིངས་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་དམག་དཔུང་གིས་ཨ་ཧྥི་གྷ་ནེ་སི་ཐན་གཙོས་པའི་ཁ་ཆེའི་རྒྱལ་ཁབ་ཁག་ནང་རྟོགས་ཞིབ་བྱས་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།