སི་པན་ནས་བཟོ་སྐྲུན་བྱས་པའི་ཏལ་གོ་ Talgo ཞེས་པའི་མགྱོགས་ཚད་ཅན་གྱི་མེ་འཁོར་དེ་རྒྱ་གར་རྒྱལ་ས་ལྡི་ལི་ནས་མུམ་བྷེ་སེན་ཊལ་འབབ་ཚུགས་བར་ཚོད་ལྟ་བྱས་ཏེ་ཆུ་ཚོད་ ༡༡ དང་སྐར་མ་ ༤༨ འགོར་ཡོད་འདུག
དེ་ཡང་ཐེངས་འདིའི་མེ་འཁོར་རྒྱུག་འགྲོས་ཀྱི་ཚོད་ལྟའི་ནང་མེ་འཁོར་དེས་ཆུ་ཚོད་གཅིག་གི་ནང་མང་མཐར་སྤྱི་ལེ་མི་ཊར་ ༡༥༠ རྒྱུག་ཡོད་པ་དང་། ཚོད་ལྟའི་སྐབས་རྒྱང་ཐག་སྤྱི་ལི་མི་ཊར་ ༡༣༨༤ ཙམ་འཁོར་འགྲོས་ཐུབ་ཡོད་སྟབས། དེ་སྔའི་མེ་འཁོར་མགྱོགས་ཤོས་ལས་ཆུ་ ༤ ཙམ་གྱི་སྔོན་ལ་བསླེབས་ཡོད་པ་རེད།
རྒྱ་གར་མེ་འཁོར་སྡེ་ཁག་གིས་གཞུང་འབྲེལ་གྱིས་ཐེངས་འདིའི་མེ་འཁོར་ཚོད་ལྟའི་སྐོར་བརྗོད་དོན་ལྟར་ན། མེ་འཁོར་དེ་རེས་གཟའ་སྤེན་པའི་ཉིན་རྒྱབ་ཆུ་ཚོད་ ༢།༤༥ ཐོག་རྒྱལ་ས་ལྡི་ལི་ནས་ཐོན་ཏེ་རེས་གཟའ་ཉིན་མའི་སྔ་དྲོའི་ཆུ་ཚོད་ ༢།༣༣ ཐོག་མུམ་བྷེ་སེན་ཊལ་འབབ་ཚུགས་ Mumbai Central དུ་འབྱོར་ཏེ་ཆུ་ཚོད་ ༡༡ དང་སྐར་མ་ ༤༨ འགོར་ཡོད་པ་བཤད་འདུག
སྤྱིར་རྒྱ་གར་ནང་རྒྱུག་བཞིན་པའི་རྒྱུན་ལྡན་རྭ་ཇི་ཐན་ནི་ལྡི་ལི་ནས་མུམ་བྷེ་སེན་ཊལ་འབབ་ཚུགས་བར་ཆུ་ཚོད་ ༡༥ དང་སྐར་མ་ ༥༠ འགོར་གྱི་ཡོད་པ་མ་ཟད། ཆུ་ཚོད་གཅིག་གི་ནང་སྤྱི་ལི་མི་ཊར་ ༡༣༠ རྒྱུག་གི་ཡོད་འདུག དེ་བཞིན། ནམ་རྒྱུན་རྒྱ་གར་ནང་འགྲུལ་སྐྱེལ་མེ་འཁོར་གཞན་དང་བསྡུར་ན་ཐེངས་འདིའི་མེ་འཁོར་དེ་སྟབས་བདེ་བ་དང་རྒྱུག་འགྲོས་མགྱོགས་པ་སོགས་ཀྱི་ཆ་རྐྱེན་ཡོད་ལུགས་བཤད་འདུག ཐེངས་འདི་མེ་འཁོར་དེ་བཞིན་རྒྱ་གར་ནང་འདི་ལོའི་ཟླ་བ་བཞི་པའི་ནང་སི་པན་ནས་ཚུར་བླངས་པ་ཞིག་ཡིན་འདུག
མེ་འཁོར་འདི་རྒྱ་གར་ནང་ཚོད་ལྟ་བྱས་པ་ཐེངས་གསུམ་པ་དེ་ཡིན་པ་དང་། ད་ལོའི་ཕྱི་ཟླ་ ༤ པའི་ནང་མཚོ་གྲུ་བརྒྱུད་རྒྱ་གར་ལ་ནང་འདྲེན་བྱས་ཡོད་པ་དང་། ད་ལྟའི་ཆར་ཚོད་ལྟ་ཙམ་ལས་འགྲུལ་སྐྱོད་རིན་གོང་གཏན་འབེབས་བྱས་མེད།
བསྟན་འཛིན་གྱིས་བསྡུ་སྒྲིག་བྱས།