ཧིན་སྒོར་བརྗེ་སྒྱུར་མ་ཐུབ་པར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་བོད་ནས་གསར་དུ་ཕེབས་པའི་གནས་མཇལ་ཆོས་ཞུ་བ་རྣམས་ལ་དབུས་སྣེ་ལེན་ཁང་གིས་བཞུགས་གནས་དང་ཞལ་ལག་སོགས་ཀྱི་རོགས་རམ་མཐུན་འགྱུར་གནང་རྒྱུ་རེད།
བོད་ནས་གསར་དུ་ཕེབས་པ་རྣམས་ཀྱི་གཙོས་འཛམ་གླིང་གི་ཕྱོགས་མཐའ་འདྲ་མིན་ནས་རྒྱ་གར་དུ་ཡོང་བའི་གནས་མཇལ་ཆོས་ཞུ་བ་རྣམས་ཀྱིས་ཧིན་སྒོར་བརྗེ་སྒྱུར་མ་ཐུབ་པར་བཞུགས་གནས་དང་ཞལ་ལག་སོགས་ཀྱི་ཐོག་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་ཉིན་རྒྱབ་ཏུ། བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཚོགས་འདུ་བསྡུས་ཏེ། དྷ་སའི་ཉེ་འཁོར་དུ་ཡོད་པའི་བོད་ནས་ཕེབས་པའི་གནས་མཇལ་ཆོས་ཞུ་བ་རྣམས་ལ་དྷ་སར་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་ནས་བཞུགས་གནས་དང་ཞལ་ལག་སོགས་ཀྱི་མཐུན་འགྱུར་གང་ཐུབ་གནང་རྒྱུ་དང་། བསྙེན་བཀུར་དང་འགྲོ་སོང་སོགས་དངུལ་གྱི་འགྲོ་སྤྱོད་གཏོང་ཕྱོགས་སྐོར་ལ་རྡོར་གདན་དུ་སླེབ་སྐབས་རོགས་མགོན་ཇི་དགོས་སྐབས་མཚམས་ས་གནས་ནས་གནང་རྒྱུ་ཡིན་ལ། ཕྱོགས་མཐའ་ནས་ཕེབས་པའི་གནས་མཇལ་ཆོས་ཞུ་བ་རྣམས་ཀྱིས་ལམ་གྲོན་གཏོང་བར་ཨ་སྒོར་འཁུར་ཐུབ་ན། དངུལ་བརྗེ་སྒྱུར་དང་འགྲོ་གྲོན་གཏོང་བར་དཀའ་ངལ་ཆུང་བ་ཡོད་པའི་ལམ་སྟོན་གནང་འདུག
གཞན་ཡང་། ཉེ་སྔོན་བལ་ཡུལགྱི་་ཉེན་རྟོག་པས་བོད་མི་གནས་མཇལ་བ་ཁག་ཅིག་ས་མཚམས་ནས་འཛིན་བཟུང་གིས་བཀག་སྡོམ་བྱས་པ་དང་། དེང་སྐབས་རྒྱ་ནག་གཞུང་གིས་གཞིས་བཞུགས་བོད་མི་ཚོས་ཕྱི་སྐྱོད་ལག་ཁྱེར་བཟོ་བར་བཀག་སྡོམ་དང་། བཟོས་ཚར་བ་རྣམས་ཀྱང་ཡར་བསྡུ་ཡི་ཡོད་པ་དེར་དུས་དབང་གོ་སྒྲིག་ཚོགས་ཆུང་ནས་སེམས་འཚབ་དང་སྦྲགས་བློ་ཕམ་ཤུགས་ཆེན་ཡོད་པ་དང་། བོད་མི་དེ་དག་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཤ་སྟག་ཡིན་སྟབས། བོད་དང་བལ་ཡུལ་སོགས་ཀྱི་ནང་གཙོ་བོ་གནས་མཇལ་དང་བཀའ་ཆོས་ཞུ་ཆེད་ཡོང་ཐབས་བྱེད་བཞིན་ཡོད། དེ་ནི་ཡེ་ཤུའི་རྣམ་དག་ཆོས་ལུགས་ལྟ་བུར་མཚོན་ན་ཡེ་ཤུའི་རྣམ་དག་གི་ཆོས་པ་ (Catholic) རྣམས་རང་གི་རྩ་ཆེར་འཛིན་བཞིན་པའི་གནས་ (Vatican) ཝེ་ཊི་ཀན་དང་། ཁ་ཆེའི་ཆོས་པ་ (Muslim) རྣམས་ཀྱིས་གནས་མཆོག་མ་ཀར་ (Mecca) ལ་གནས་མཇལ་དུ་བསྐྱོད་པ་དང་གཅིག་མཚུངས་ཆགས་ཡོད། དེར་བརྟེན་བཀའ་ཤག་ནས་རྒྱ་ནག་གཞུང་ལ་བོད་མིའི་གཞི་རྩའི་ཆོས་དད་རང་དབང་གི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེན་ཞུས་ཡོད་པ་གསུངས་འདུག
པདྨ་མཚོས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།