ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨ་རིའི་ནང་ཡོད་པའི་ཨུ་རུ་སུའི་གཞུང་གི་མི་སྣ་ཚོས་ཨ་རིའི་གསང་བའི་གནས་ཚུལ་མང་པོ་ཨུ་རུ་སུའི་གཞུང་ལ་སྤྲད་པའི་ཞིབ་འཇུག་སྙན་ཐོ་ཤོག་ལྷེ་ ༥༠ ཅན་ཞིག་བཏོན་འདུག
དེ་རིང་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨ་རིའི་ནང་ཡོད་པའི་ཨུ་རུ་སུའི་མི་སྣ་འགས་ཉེ་ཆར་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས། དྲ་རྒྱའི་ནང་ལྐོག་འཛུལ་བྱས་ཏེ་ཁྲིམས་བརྒལ་ཐོག་གསང་བ་རྐུ་འཁྱེར་བྱས་པའི་སྙན་ཐོ་ཤོག་ལྷེ་ ༥༠ ཅན་ཞིག་སྲིད་འཛིན་ཨོ་བྷ་མར་སྤྲད་ཡོད་པ་དང་། དེ་རིང་ཨ་རིའི་གསང་བའི་ལས་བྱེད་པ་ཁ་ཤས་ཨ་རིའི་ནེའུ་ཡོག་གྲོང་འཁྱེར་དུ་ཕྱིན་ཏེ་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཊི་རུམ་ཕི་ལ་འབུལ་འཆར་ཡོད་འདུག
ཨ་རིའི་ཝ་ཤིང་ཏོན་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཚོགས་ནང་ཨ་རིའི་འོས་བསྡུའི་གསང་བ་ཤོར་བའི་ལབ་གླེང་འབྱུང་བཞིན་པའི་སྐབས་ཏེ། ཟླ་འདིའི་ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཊི་རུམ་ཕི་ཡིས་སྤྱི་ཚོགས་བརྒྱུད་ལམ་ཊུཨེ་ཏར་(Twitter)སྟེང་། ངས་གནད་དོན་དེ་འདྲ་ཞིག་བྱུང་ཡོད་ཟེར་བ་ལ་དོགས་པ་ཡོད། ཅེས་བྲིས་པ་དེར། ཨ་རིའི་གསང་བའི་ལས་ཁུངས་ཀྱི་མགོ་ཁྲིད་ཚོས། སྲིད་འཛིན་ཊི་རུམ་ཕི་ཡིས་རང་གི་རྒྱལ་ཁབ་གྱི་གསང་བའི་ལས་ཁུངས་ལ་ཡིད་ཆེས་མེད་སྐོར་བརྗོད་པར་བློ་ཕམ་ཡོད་སྐོར་བརྗོད་ཡོད་པ་དང་། དེར་ཊི་རུམ་ཕི་ཡིས་སླར་ཡང་། ངས་ཨ་རིའི་གསང་བའི་ལས་ཁུངས་ལ་ཡིད་ཆེས་མེད་ཟེར་བ་མིན། དེ་ནི་གསར་འགྱུར་བརྒྱུད་ལམ་ཁག་གིས་དཀྲོག་གཏམ་བཟོས་པ་ཞིག་རེད། ཅེས་བརྗོད་འདུག
མི་མང་པོ་ཞིག་གིས་ཨ་རིའི་འོས་བསྡུའི་གསང་བ་ཕྱིར་ཤོར་བའི་གནད་དོན་དེ་ལོ་ཤས་གོང་ཨ་རིའི་གཞུང་འབྲེལ་གྱི་གསང་བ་ཕྱིར་འདོན་བྱེད་མཁན་ཇོ་ལི་ཡན་ཨ་སངྒེ་(Julian Assange)དང་ཨུ་རུ་སུ་གཉིས་འབྲེལ་བ་དམ་པོ་ཡོད་པ་དེར་དོགས་པ་བྱེད་བཞིན་པ་མ་ཟད། ཨ་སངྒེ་དང་ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཊི་རུམ་ཕི་ལའང་འབྲེལ་བ་ཡོད་སྐོར་རྗོད་ཀྱིན་ཡོད་ཀྱང་། ཨ་སངྒེ་ཡིས་ད་སྔ་དེའི་སྐོར་ལ་གསལ་བཤད་གང་ཡང་བྱས་མེད།
ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས། ཕྱི་ཟླ་ ༡༡ ཚེས་ ༨ ཉིན་འོས་བསྡུའི་རྒྱལ་ཁ་ཊི་རུམ་ཕི་ལ་ཐོབ་མ་ཐག་ཨུ་རུ་སུ་གཞུང་གི་མཛད་གཙོ་རྣམ་པས་དགའ་བསུ་བྱས་ཡོད་པ་མ་ཟད། ཁོང་ཚོས་འོས་བསྡུའི་ལས་དོན་ནང་ཐེ་ཇུས་བྱེད་ཐུབ་པ་བྱུང་བར་སྤོབས་པ་སྐྱེས་ཡོད། ཅེས་བརྗོད་ཡོད་ལ། ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་མ་ཐག་ཨུ་རུ་སུའི་གཞུང་གི་མི་སྣ་གཙོ་གྲས་ཚོས་སྤྲོ་སྐྱིད་བཏང་ཡོད་འདུག
ཟླ་སྔོན་མའི་ཚེས་ ༢༩ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས། ཨ་རིའི་ནང་ཡོད་པའི་ཨུ་རུ་སུའི་གཞུང་གི་མི་སྣ་ཁག་ཅིག་གིས་ལྐོག་ཏུ་ཁྲིམས་འགལ་ཐོག་ཨུ་རུ་སུའི་གཞུང་ལ་དྲ་རྒྱའི་ནང་གི་གསང་བ་སྤྲད་ཡོད་དང་། གསང་བ་ཕྱི་ལ་ཤོར་བར་བརྟེན་ཏེ་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རི་ལ་ཕམ་ཉེས་བྱུང་ཚུལ་སོགས་བརྗོད་དེ། ཨ་རིའི་ནང་གི་ཨུ་རུ་སུའི་གཞུང་གི་མི་སྣ་ ༣༥ ཆུ་ཚོད་ ༧༢ ནང་ཨ་རི་ནས་ཐོན་ཏེ་ཕྱིར་ཨུ་རུ་སུར་ལོག་དགོས་པའི་བཀའ་བཏང་ཡོད། སྐབས་དེར་འཛམ་གླིང་མི་མང་ཚོས་དེ་ལ་ཨུ་རུ་སུའི་སྲིད་འཛིན་པུ་ཊེན་གྱིས་ལན་འདེབས་བྱེད་ངེས་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་ཀྱང་། པུ་ཊེན་གྱིས་དེ་ལས་ལྡོག་སྟེ་ཕྱི་ཚེས་ ༣༠ ཉིན་གསར་འགོད་བརྒྱུད་ལམ་ལ། ངས་ཨ་རིའི་གཞུང་འབྲེལ་མི་སྣ་ཨུ་རུ་སུར་ཡོད་པ་རྣམས་ཕྱིར་འཕུད་བྱ་རྒྱུ་མིན་ལ། ད་དུང་ཁོང་ཚོའི་ནང་མི་ཨ་རི་ནས་ཨུ་རུ་སུར་ཕྱི་ལོ་གསར་པའི་དགའ་སྟོན་ཆེད་སྤྲོ་སྐྱིད་གཏོང་བར་ཕེབས་བསུ་ཞུ་གི་ཡིན། ཅེས་བརྗོད་ཡོད།
ད་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཏེ་སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ཊི་རུམ་ཕི་ལ་རྒྱལ་ཁ་ཐོབ་ཡོད་པ་ཤེས་རྟོགས་བྱུང་མ་ཐག་ཨུ་རུ་སུའི་སྲིད་འཛིན་པུ་ཊེན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཊི་རུམ་ཕི་ལ་དགའ་བསུའི་འཚམས་འདྲི་ཞུ་མཁན་དང་ཤོས་དེ་ཆགས་ཡོད་པ་རེད།