ཨ་རིའི་བདམས་ཐོན་སྲིད་འཛིན་ཊི་རུམ་ཕི་ཡིས་ཐའེ་ཝན་ནི་ཨ་རིའི་གོ་མཚོན་ཚོང་གྲོགས་གཙོ་བོ་ཞིག་ཡིན་པ་དང་། ཨ་རིའི་རྒྱ་ནག་གཅིག་གི་སྲིད་ཇུས་འཛིན་མིན་དེ་མ་འོངས་པར་རྒྱ་ནག་དང་གྲོས་མོལ་བྱས་ཏེ་སྐབས་བབ་གནས་སྟངས་ལ་བལྟ་དགོས་སྐོར་བརྗོད་འདུག
དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་ཕྱོགས་གིས་ཨ་རིའི་སྲིད་འཛིན་བདམས་ཐོན་པ་ཊི་རུམ་ཕི་ཡིས་ཟླ་འདིའི་ཚེས་ ༢༠ ཉིན་སྲིད་འཛིན་དམ་འབུལ་ཞུས་རྗེས། མུ་མཐུད་དུ་ཐའེ་ཝན་གྱི་གནད་དོན་ཐད་ནས་རྒྱ་ནག་ལ་དོ་ཕོག་བཟོས་པ་ཡིན་ན། རྒྱ་ནག་གིས་དེ་ལ་མཐའ་གཅིག་ཏུ་ཡ་ལན་བསློག་རྒྱུ་ཡིན་པ་དང་། ཊི་རུམ་ཕི་གཞུང་གིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་པའི་མཇུག་འབྲས་ཀྱིས་ཐའེ་ཝན་ལ་གྱོང་ཆེན་པོ་རག་རྒྱུ་ཡིན་ཚུལ་བཤད་འདུག
རྒྱ་ནག་མི་མང་ཉིན་རེའི་ཚགས་པར་ནང་། གལ་ཏེ་ཊི་རུམ་ཕི་ཡིས་མ་འོངས་པའི་ཨ་རིའི་སྲིད་འཛིན་ལས་འཁུར་རིང་། ཕྱོགས་གཉིས་བར་གྱི་འབྲེལ་ལམ་གཏོར་བརླག་བཏང་བ་ཡིན་ན། རྒྱ་ནག་གིས་དེ་ལ་བཟོད་བསྲན་བྱ་ཐབས་མེད་པས་མཐའ་གཅིག་ཏུ་ཡ་ལན་བསློག་རྒྱུ་ལས་འདམ་ག་གཞན་མེད། ཅེས་བཀོད་འདུག་པ་དང་། གོ་ལའི་དུས་བབ་ཀྱིས་ཀྱང་། རྒྱ་ནག་གིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་སྙིང་བརྗེ་མི་སྒོམ་པར་འཐབ་འཛིང་བྱས་ཏེ། གང་མགྱོག་གིས་ཐའེ་ཝན་མཚོ་འགག་ཕྱིར་རྒྱ་ནག་གི་མངའ་ཁོངས་སུ་ལེན་རྒྱུ་ཡིན་པ་དང་། ཊི་རུམ་ཕི་ཡིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་པ་དེ་ནི་ཁོ་རང་གི་ཁེ་ཕན་ཁོ་ན་ཡིན་སྟབས། དེའི་མཇུག་འབྲས་ཐའེ་ཝན་མཚོ་འགག་ལ་གྱོང་ཆེན་པོ་རག་རྒྱུ་སྐོར་བཀོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན། ཊི་རུམ་ཕི་ཡིས། ཨ་རིའི་གསར་དེབ་ཁང་གི་བཅར་འདྲིའི་སྐབས། རྒྱ་ནག་གིས་ཐའེ་ཝན་ཐོག་འཛིན་པའི་སྲིད་ཇུས་ཐད་གྲོས་མོལ་བྱ་དགོས་པ་དང་། ཁོས་རྒྱ་ནག་གཅིག་གི་སྲིད་ཇུས་རྒྱུན་སྐྱོང་བྱ་རྒྱུ་མིན་ཞིང་། རྒྱ་ནག་གཅིག་གི་སྲིད་ཇུས་ཚུད་པའི་རྒྱལ་ཁབ་ཕན་ཚུན་བར་གྱི་རྩོད་རྙོག་ཚང་མ་གྲོས་མོལ་བརྒྱུད་དེ། སྐབས་བབ་ཀྱི་གནས་སྟངས་ལ་གཞིགས་ཏེ་ཐག་གཅོད་བྱེད་དགོས་སྐོར་སོགས་བརྗོད་ཡོད་པ་དང་། དེར་རྒྱ་ནག་ཕྱི་འབྲེལ་བློན་ཆེན་ཝང་ཡེས། རྒྱ་ནག་གཅིག་གི་སྲིད་ཇུས་དེ་ནི་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་གྱི་རྨང་གཞི་ཡིན་སྟབས། དེ་ལ་གྲོས་མོལ་བྱ་རྒྱུ་གང་ཡང་མེད་ལུགས་བཤད་ཡོད་པ་རེད།
སྲིད་དོན་དབྱེ་ཞིབ་པ་ཚོས། ཉེ་ལམ་སྐུ་ཞབས་ཊི་རུམ་ཕི་ཡིས་ལྕམ་ཚའེ་ཡེན་ཝན་གྱི་ཁ་པར་བླངས་པའི་གནད་དོན་དེ་ལ་བརྟེན་ནས། འདས་པའི་ལོ་ངོ་བཅུ་ཕྲག་རིང་གི་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ལ་འགྲོ་རྒྱུ་ཡིན་པར་ཚོད་དཔག་བྱེད་ཀྱིན་འདུག
གསར་འགོད་པ། པདྨ་རྒྱལ།
donald trump, རྡ་ན་ཁྲོན་ཕུ་ཞེས་བརྗོད་ན་་འཕྲོད་པར་འདོད།
trump ཁྲོན་ཕུ།