ཊུར་ཀའི་གྲོང་ཁྱེར་ཉེན་རྟོག་པས་ཡེ་ཤུ་འཁྲུངས་ཀྱི་སྤྲོ་ཚོགས་ཐོག་མི་གསོད་དོན་རྐྱེན་སློང་མཁན་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་དེ་འཛིན་བཟུང་བྱས་ཡོད་འདུག
དེ་རིང་སེ་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཊུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་སི་ཊན་བྷུལ་ (Istanbul) གྲོང་ཁྱེར་ཉེན་རྟོག་པས་འཇིགས་སྐུལ་དྲག་སྤྱོད་དང་འབྲེལ་བའི་དོགས་ཡོད་མི་སྣ་ ༥ འཛིན་བཟུང་བྱས་ཡོད་པའི་གྲས་ཀྱི་ ༤ བུད་མེད་ཡིན་ཞིང་། དེའི་གྲས་སུ་སྐྱེས་པ་གཅིག་ཡོད་པ་དེ་ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་དགོང་མོ་ཊུར་ཀི་རྒྱལ་ཁབ་ཀྱི་ཨ་སི་ཊན་བྷུལ་གྲོང་ཁྱེར་གྱི་རེ་ན་ (Reina) དགོང་ཚོགས་ཁང་དུ། ཡེ་ཤུ་འཁྲུངས་སྐར་སྤྲོ་ཚོགས་ལ་རོལ་བཞིན་པའི་མི་ཚོགས་ནང་གང་བྱུང་མེ་མདའ་བརྒྱབ་སྟེ་མི་ ༣༩ བསད་པ་དང་མི་ ༧༠ ལྷག་ལ་རྨས་སྐྱོན་བཟོ་མཁན་དེ་ཡིན་པར་ངོས་འཛིན་བྱས་ཡོད་འདུག
ཨ་སི་ཊན་བྷུལ་གྲོང་ཁྱེར་སྤྱི་ཁྱབ་པ་ཝ་སི་ཕཱི་ས་ཧེན་ (Vasip Sahin) ལགས་ཀྱིས་གསར་འགོད་པར། དྲག་སྤྱོད་པ་དེས་རེ་ན་དགོང་ཚོགས་ཁང་དུ་མི་གསོད་དོན་རྐྱེན་བཟོ་མཁན་དེ་ཁོ་རང་ཡིན་པར་ངོས་ལེན་བྱས་ཡོད་པ་དང་། འཇིགས་སྐུལ་དྲག་སྤྱོད་པ་དེ་ཕྱི་ལོ་ ༡༩༨༣ ལོར་ཨུ་ཙི་བྷི་ཀེ་སི་ཐན་ (Uzbekistan) ནང་སྐྱེས་ཤིང་། ཕྱིས་སུ་ཨ་ཧྥི་གྷ་ནེ་སི་ཐན་ནས་སློབ་གྲྭར་སོང་མྱོང་ཡོད་སྐོར་བརྗོད་འདུག
ཨ་སི་ཊན་བྷུལ་ཉེན་རྟོག་ཕྱོགས་ནས། ད་ལན་འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་པ་དེའི་དངོས་མིང་གསལ་བསད་བྱས་མེད་ཀྱང་། རེ་ན་དགོང་ཚོགས་ཁང་དུ་མི་གསོད་དོན་རྐྱེན་བཟོ་མཁན་དེ་ཁོ་རང་ཡིན་ཞིང་། ཁོ་ནི་ (ISIS) ཁ་ཆེ་འཇིགས་སྐུལ་དྲག་སྤྱོར་པར་འབྲེལ་བ་ཡོད་པ་ར་འཕྲོད་བྱུང་ཡོད་ཚུལ་བཤད་འདུག
ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན་ཊུར་ཀིའི་རྒྱལ་ས་ཨན་ཀ་ར་ (Ankara) ནང་འཇིགས་སྐུལ་དྲག་སྤྱོད་པས་མི་མང་ནང་འགད་རྫས་གཡུགས་ཏེ་མི་ ༣༠ དམར་གསོད་དང་མི་ ༦༠ རྨས་སྐྱོན་བཟོས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༣ ནང་ཀེ་ཙེ་ལེ་ (Kızılay) ས་ཁུལ་དུ་བྱུང་བའི་འགད་རྫས་དོན་རྐྱེན་ཁྲོད་མི་ ༣༧ དམར་གསོད་དང་མི་ ༡༢༥ རྨས་སྐྱོན་བཟོས་ཡོད་འདུག
ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༠ ཉིན་གྱི་དགོང་མོར་རྒྱལ་ས་ཨན་ཀ་ར་ཡི་ནང་སྔ་རྗེས་ཐེངས་གཉིས་ལ་འགད་རྫས་གཏོར་བའི་ཁྲོད་མི་ ༡༣༠ འདས་གྲོངས་དང་མི་ ༥༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དེ་ནི་ཊུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱུང་རབས་ལོ་རྒྱུས་ཁྲོད་ཀྱི་མི་གསོད་དོན་རྐྱེན་ཆེ་ཤོས་དེ་ཆགས་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།