ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་མཱ་ལི་ཞེ་ཡའི་གནམ་ཐང་དུ་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ཇོང་ཨན་གྱི་ཕ་གཅིག་ཕུ་བོ་ཁེམ་ཇོང་ནམ་བུད་མེད་ཅིག་གིས་ལྐོག་གསོད་བྱས་ཡོད་འདུག
མཱ་ལི་ཞེ་ཡའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ ཙམ་གྱི་ཐོག མཱ་ལི་ཞེ་ཡའི་ཇེ་ལོང་བྷོ་རྒྱལ་སྤྱིའི་གནམ་ཐང་གཉིས་པའི་འགྲུལ་བའི་ཞབས་ཞུ་ལྟེ་གནས་སུ། བྱང་ཀོ་རི་ཡའི་མི་སེར་ཡིན་པའི་སྐྱེས་པ་རང་ལོ་ ༤༦ པ་ཞིག་བུད་མེད་ཅིག་གིས་ལྐོག་གསོད་ཐེབས་ཡོད་པ་དང་། དོན་རྐྱེན་བྱུང་མ་ཐག་འགྲུལ་བ་དེ་སྨན་ཁང་དུ་བསྐྱལ་ཡོད་ཀྱང་ལམ་བར་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཕྱིས་སུ་ཉེན་རྟོག་པས་བརྟག་དཔྱད་བྱེད་སྐབས་ལྐོག་གསོད་ཐེབས་པའི་སྐྱེས་པ་དེ་ནི་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ཇོང་ཨན་(Kim Jong-un)གྱི་ཕ་གཅིག་ཕུ་བོ་ཁེམ་ཇོང་ནམ་ (Kim Jong-nam )ཡིན་པ་ངོ་རྟགས་ཆོད་ཡོད་འདུག
མཱ་ལི་ཞེ་ཡ་ས་གནས་ཉེན་རྟོག་ཁང་གིས། གསལ་ཆ་མེད་པའི་བུད་མེད་ཅིག་གིས་གློ་བུར་དུ་རས་རློན་པ་ཞིག་ཁེམ་ཇོང་ནམ་གྱི་གདོང་ལ་བཀབ་རྗེས་གནམ་ཐང་ནས་བྲོས་ཕྱིན་ཡོད་པ་དང་། དེ་མ་ཐག་ཁེམ་ཇོང་ནམ་གྱི་མིག་གཉིས་ལ་ཟུག་གཟེར་ཆེན་པོ་བརྒྱབ་སྟེ་ཞབས་ཞུ་ལྟེ་གནས་ནས་རོགས་སྐྱོབ་དགོས་པའི་རེ་བ་ཞུས་པ་ལྟར། མྱུར་དུ་གྲོང་ཁྱེར་སྨན་ཁང་དུ་སྐྱེལ་སྐབས་ལམ་བར་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། གནམ་ཐང་གི་བརྙན་ལེན་འཕྲུལ་ཆས་ནང་ལྟ་སྐབས་བུད་མེད་དེའི་ཕྱི་དབྱིབས་བྱང་ཀོ་རི་ཡའི་བུད་མེད་ཅིག་དང་འདྲ་ལ། མོས་དོན་རྐྱེན་བཟོས་ཏེ་བྲོས་ཕྱིན་སྐབས་བུད་མེད་གཞན་ཞིག་ཀྱང་རོགས་ཏུ་ཡོད་སྐོར་བརྗོད་འདུག
ཡང་ཉེན་རྟོག་ཕྱོགས་ནས་ད་ལྟའི་ཆར་ལག་དམར་བ་རྩད་གཅོད་དང་སྨན་ཁང་གིས་ཁེམ་ཇོང་ནམ་གྱི་ཕུང་པོར་བརྟག་དཔྱད་བྱེད་བཞིན་ཡོད་ལ། མཱ་ལི་ཞེ་ཡའི་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་སྐོར་དང་། ཁེམ་ཇོང་ནམ་ཟླ་འདིའི་ཕྱི་ཚེས་ ༦ ཉིན་མཱ་ལི་ཞེ་ཡ་ནང་བསླེབས་པ་དང་། ཁོ་ཨའོ་མིན་དུ་ལོག་རྩིས་བྱས་ཏེ་གནམ་ཐང་དུ་བསླེབས་ཡོད་སྐོར་བརྗོད་འདུག
ཁེན་ཇོང་ནམ་ནི་བྱང་ཀོ་རི་ཡའི་སྲིད་འཛིན་འདས་པོ་ཁེམ་ཇོང་ཨེལ་(Kim Jong Il )དང་བུད་མེད་འཁྲབ་སྟོན་པ་གྲགས་ཅན་ཁྲིན་ཧེ་ལིན གཉིས་ཀྱི་བུ་ཡིན་ཞིང་། ཁོ་རང་ཨུ་རུ་སུ་སུའུ་ནས་འཚར་ལོངས་བྱུང་ཡོད་འདུག རང་ལོ་ ༡༥ ལོན་སྐབས་ཕ་རྒན་གྱི་དབང་ཤུགས་འོག་བྱང་ཀོ་རི་ཡའི་གློག་ཀླད་ཞབས་ཞུ་ཁང་གི་འགན་འཛིན་བྱས་ཏེ་སྲིད་གཞུང་གི་བྱ་བར་ཞུགས་ཡོད་པ་དང་། ཕྱིས་སུ་བྱང་ཀོ་རི་ཡ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་འགན་འཛིན་དང་། ངལ་རྩོལ་ཏང་དབུས་དྲིལ་བསྒྲགས་ལྷན་ཁང་གི་སློབ་སྟོན་པ། རྒྱལ་ཁབ་སྤྱི་ཚོགས་བདེ་འཇགས་ཁང་གི་འགན་འཛིན་སོགས་ཀྱི་གོ་དབང་བཟུང་སྟེ། ཕ་ཁེམ་ཇོང་ཨལ་གྱི་ཤུལ་འཛིན་པ་ཡིན་པའི་ངོས་འཛིན་ཐོབ་ཡོད་པ་རེད།
འོན་ཀྱང་། ཕྱི་ལོ་ ༢༠༠༡ ལོར་ཁེམ་ཇོང་ནམ་གྱིས་ཌོ་མི་ནི་ཁན་སྤྱི་མཐུན་རྒྱལ་ཁབ་(Dominican Republic)ཀྱི་ཕྱི་སྐྱོད་ལག་འཁྱེར་བེད་སྤྱད་དེ་ཉི་ཧོང་ལ་འཛུལ་བ་ཤེས་རྟོགས་བྱུང་རྗེས། རྒྱང་ཕུད་བཏང་སྟེ་རིམ་གྱིས་བྱང་ཀོ་རི་ཡའི་སྲིད་དབང་གི་སྡིངས་ཆའི་ཐོག་ནས་ལྷུང་བར་བརྟེན། ཨའོ་མིན་དུ་ཡུན་རིང་གནས་སྡོད་བྱས་ཡོད་པ་དང་། ཁོ་ལ་བུ་གཅིག་དང་བུ་མོ་གཅིག་ཡོད་ལ། བུ་ཁེམ་ཧན་སོལ་(Kim Han-sol)གྱིས་ཕ་རི་སིའི་ཆབ་སྲིད་རིག་པའི་སློབ་གླིང་ཞིག་ཏུ་སློབ་གཉེར་བྱས་ཡོད་འདུག
ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་ན། ཁེམ་ཇོང་ནམ་གྱིས་རྒྱ་ནག་གི་གསར་བརྗེ་ལས་འགུལ་ཤུགས་ཆེར་གླེང་རྐྱེན་ཕ་ཁེམ་ཇོང་ཨེལ་གྱིས་གསར་བརྗེ་ངོ་ལོག་པ་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་དང་། ཕྱིས་སུ་ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་ནས་ཁེམ་ཇོང་ནམ་གྱིས་བྱང་ཀོ་རི་ཡའི་ཆབ་སྲིད་ལམ་ལུགས་དང་ཁེམ་ཇོང་ཨན་གྱི་སྲིད་དབང་ལ་སྐྱོན་བརྗོད་བྱས་པ་མ་ཟད། ཁེམ་ཇོང་ནམ་དང་ཕྱི་ལོ་ ༢༠༡༣ ལོར་སྲོག་ཐོག་བཏང་བའི་ཀྲང་ཁྲིན་ཙི་གཉིས་ཀྱི་བར་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༡ ལོར་བྱང་ཀོ་རི་ཡ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་ཨའོ་མིན་དུ་ཡོད་པའི་ཁེམ་ཇོང་ནམ་ལྐོག་གསོད་བྱེད་པའི་ཐབས་ཇུས་འཐེན་ཡོད་ཀྱང་ལག་བསྟར་ཐུབ་མེད་པ་དང་། ད་ལན་ཡང་ཁེམ་ཇོང་ཨན་གྱི་བཀའ་རྒྱའི་འོག་ལྐོག་གསོད་ཐེབས་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག་ལ། ཡང་ཆབ་སྲིད་དབྱེ་ཞིབ་པ་ཁ་ཤས་ཀྱིས་ཁེམ་ཇོང་ནམ་ལ་བྱང་ཀོ་རི་ཡའི་སྲིད་དབང་ནང་ཐེ་གཏོགས་གང་ཡང་མེད་པས་ལྐོག་གསོད་བྱེད་དགོས་དོན་མེད་སྐོར་ཡང་རྗོད་ཀྱི་འདུག
གསར་འགོད་པ། པདྨ་མཚོ།