མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་དང་ས་གནས་བར་ན་ལྷག་པའི་ནད་མནར་ཉམ་ཐག

བོད་ཀྱི་དུས་བབ།
༢༠༡༧/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས་ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་བོད་མི་རྡོ་རྗེ་ཞུ་བ་ཞིག་གི་འཚོ་བའི་གནས་སྟངས་སྐྱོ་བོ་ཡིན་པའི་སྟེང་ལ་ནད་མནར་ཉམ་ཐག་ཡིན་པའི་སྙན་ཞུ་བོད་མིའི་སྒྲིག་འཛུགས་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ལ་ཕུལ་ཡོད་ཀྱང་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་དང་བཀའ་ཤག་གིས་ཉམ་ཐག་ནང་མ་བཞག་པར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཞུགས་དགོས་པའི་ཐག་གཅོད་གནང་མཐར་ནད་པ་ཁོང་འདས་གྲོངས་སུ་ཕྱིན་འདུག

ཕྱི་ཟླ་བདུན་པའི་ཟླ་མཇུག་ལ་ནོར་གླིང་དུ་གནས་སྡོད་བོད་མི་རྡོ་རྗེ་ཞུ་བ་ཞིག་ཉམ་ཐག་དང་ནད་མནར་གྱི་དབང་གིས་ཧི་མ་ཅལ་ཀང་ར་ཧྥོར་ཊེ་སི་སྨན་ཁང་དུ་འདས་གྲོངས་ཕྱིན་ཡོད་པ་དང་། ཁོས་དེ་སྔོན་དྷ་ས་ས་གནས་དང་ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་བརྒྱུད། ནད་མནར་ཉམ་ཐག་ཁོངས་སུ་ཐོ་འགོད་བྱས་ཀྱང་། ཚུད་མེད་སྟབས་སྤྱི་ཚོགས་ཐོག་གླེང་ཕྱོགས་མང་པོ་ཡོང་གི་ཡོད་པ་རེད།

ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ངོ་དེབ་དང་སྐད་འཕྲིན་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་ཤིག་སྤེལ་ཏེ། དྷ་རམ་ས་ལའི་བོད་མི་རྡོ་རྗེ་ཞུ་བ་ཞིག་དབུགས་འཚང་ནད་ཀྱིས་མནར་ཏེ་ཧི་མ་ཅཱལ་ཀང་ར་རྫོང་ཧྥོར་ཊེ་སི་ (Fortis) སྨན་ཁང་དུ་ཡོད་པ་དང་། ད་བར་སྨན་རིན་སྒོར་ ༡༣༨༠༤༤ ཕྱིན་ཡོད་སྐོར་དང་། ཁོ་རང་ལ་སྨན་རིན་སྤྲོད་རྒྱུའི་དངུལ་མེད་པ་མ་ཟད། བདག་སྐྱོང་བྱེད་མཁན་ནང་མི་སྤུན་ཉེ་སོགས་གང་ཡང་མེད་སྟབས། སྐད་འཕྲིན་ཚོགས་པ་(དེང་དུས་ལ་སྟོད་ཚོགས་པ།)ཞེས་པ་ཞིག་བརྒྱུད་དེ་ཞལ་འདེབས་བསྡུ་བཞིན་ཡོད་སྐོར་འཁོད་འདུག གསལ་བསྒྲགས་དེའི་ནང་ནད་པའི་པར་དང་། མཇུག་ཏུ་ནད་པར་རོགས་རམ་བྱེད་མཁན་ཁག་ཅིག་ལ་འབྲེལ་བ་བྱེད་སའི་ཁ་པར་ཨང་བཅས་འཁོད་འདུག

ཕྱི་ཚེས་ ༣༠ ཉིན་སླར་ཡང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ནད་པ་རྡོ་རྗེ་ཞུ་བ་ཁོང་ ༢༠༡༧ ཟླ་ ༧ ཚེས་ ༣༠ ཉིན་ཀཱང་ར་ཧྥོར་ཊེ་སི་སྨན་ཁང་ནས་འདས་གྲོངས་ཕྱིན་ཡོད་སྐོར་དང་། ཕྱི་ཟླ་ ༨ ཚེས་ ༡ ཉིན་རོགས་པ་བྱེད་མཁན་ཁག་ཅིག་གིས་འདས་པོའི་ཕུང་བོ་ཀང་ར་ཧྥོར་ཊེ་སི་སྨན་ཁང་ནས་རྩིས་ལེན་གྱིས་དྷ་ས་ཕུང་སྲེང་ཁང་དུ་མེར་བསྲེག་བྱ་འཆར་ཡོད་ཚུལ་འཁོད་འདུག དེ་དང་མཉམ་དུ་ནད་པ་དེ་ཧ་ཅང་དབུལ་བོ་ཉམ་ཐག་ཡིན་པ་མ་ཟད། ཐ་ན་ཟ་འཐུང་ལའང་དཀའ་ངལ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ནད་པ་དེ་ལ་རོགས་རམ་གནང་མེད་སྐོར་སོགས་ཀྱང་འཁོད་འདུག

ཟླ་འདིའི་ཚེས་ ༡ ཉིན་ནས་འདི་གའི་གསར་འགོད་པ་ནད་པ་འདས་པོ་རྡོ་རྗེ་ལགས་སུ་རོགས་པ་གནང་མཁན་(དེང་དུས་ལ་སྟོད་ཚོགས་པ།)ཞེས་པའི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་གཞོན་དང་། དྷ་རམ་ས་ལའི་ས་གནས་མགོ་འཛིན་ལགས། དེ་བཞིན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་། འཕྲོད་བསྟེན་ལས་ཁུངས་སོགས་སུ་རིམ་པ་བཞིན་བཅར་ཏེ། གནས་ཚུལ་དེའི་སྐོར་ལ་རྒྱུས་ལོན་བྱས་པ་ལྟར་ན། དེ་སྔོན་ཕྱི་ལོ་ ༢༠༡༣ དང་ ༢༠༡༤ ལོར་དྷ་རམ་ས་ལའི་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་གནང་སྐབས་རྡོ་རྗེ་ལགས་ཉམ་ཐག་མིན་པར་ཚོང་ཙག་ཙིག་དང་ལས་ཀ་ཙག་ཙིག་བྱེད་ཀྱི་ཡོད་ཀྱང་། ༢༠༡༥ ལོར་བསྐྱར་དུ་ཞིབ་འཇུག་བྱས་སྐབས་རྡོ་རྗེ་ལགས་ནད་མནར་ཉམ་ཐག་ཆགས་ཡོད་པ་ར་འཕྲོད་བྱུང་ཡོད་སྟབས། ༢༠༡༥།༡༠།༡༥ ཉིན་དྷ་ས་ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ལ་སྙན་ཞུ་ཕུལ་ཏེ། རྡོ་རྗེ་ལགས་སུ་ད་ལྟ་འཚོ་རྟེན་གང་ཡང་མེད་པ་མ་ཟད་ནད་མནར་ཉམ་ཐག་ཆགས་ཡོད་སྟབས། དབུས་ནས་ཉམ་ཐག་རོགས་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག་ཀྱང་། ༢༠༡༦།༣།༣༡ ཉིན་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་ཡིག་ལན་ཞིག་འབྱོར་ཏེ། རྡོ་རྗེ་ལགས་ནད་མནར་ཉམ་ཐག་ནང་བཞག་མེད་པ་མ་ཟད། ཁོ་རང་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་སུ་འཛུལ་ཞུགས་ལམ་སྟོན་བྱ་དགོས་སྐོར་འཁོད་འདུག

རྗེས་སུ་རྡོ་རྗེ་ལགས་ཀྱི་ནད་གཞི་ཇེ་སྡུག་ཏུ་སོང་སྟེ་སྨན་ཁང་དུ་སྡོད་དགོས་བྱུང་ཡོད་སྟབས། ༢༠༡༧།༧།༡༧ ཉིན་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལ་ཡི་གེ་ཞིག་བཏང་སྟེ། རྡོ་རྗེ་ལགས་ཀྱི་ནད་གཞི་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད་གཟུགས་པོའི་ནུས་པའང་ཉམས་ཡོད་པ་དང་། ལྟ་རྟོག་བྱེད་མཁན་མེད་པ་སོགས་ལ་བརྟེན་ནས། ཁོ་རང་རྒས་གསོ་ཁང་ཞིག་ཏུ་འཇུག་ཐུབ་གནང་དགོས་པའི་འབོད་སྐུལ་ཞུས་འདུག་ཀྱང་། ༢༠༡༧།༧།༢༡ ཉིན་ནང་སྲིད་ལས་ཁུངས་ནས་ཡིག་ལན་ཞིག་འབྱོར་ཏེ། རྡོ་རྗེ་ལགས་གཞི་ནས་ནད་མནར་ཉམ་ཐག་ཁོངས་སུ་འཇོག་སྐོར་དང་། དེ་ནས་སྨན་བཅོས་རོགས་རམ་རག་ངེས་ཡིན་སྐོར་འཁོད་འདུག

༢༠༡༧།༧།༢༡ ཉིན་དྷ་ས་ས་གནས་མགོ་འཛིན་གྱིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལ་ཛ་དྲག་ཡི་གེ་བཏང་སྟེ། ནད་པ་རྡོ་རྗེ་ལགས་ཀྱི་ན་ཚ་ཛ་དྲག་ཆགས་ཡོད་སྟབས་རོགས་དངུལ་གནང་དགོས་པའི་འབོད་སྐུལ་ཞུས་པར། ༢༠༡༧།༧།༢༥ ཉིན་འཕྲོད་བསྟེན་ལས་ཁུངས་ནས་ཡིག་ལན་ཞིག་འབྱོར་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་ཛ་དྲག་སྨན་བཅོས་རོགས་སྐྱོར་སྔོན་མ་ནས་སྒོ་བརྒྱབ་ཟིན་སྟབས་འཕྲོད་བསྟེན་ལས་ཁུངས་ཀྱིས་རོགས་དངུལ་གཏོང་ཐབས་མེད་སྐོར་འཁོད་འདུག ༢༠༡༧།༧།༢༨ ཉིན་དྷ་ས་ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་རྡོ་རྗེ་ལགས་ན་གཞོན་ནད་མནར་ཉམ་ཐག་ཁོངས་འགེངས་ཤོག་བསྐངས་ཏེ་སླར་ཡང་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ལ་བཏང་ཡོད་པ་དང་། ༢༠༡༧།༧།༣༠ ཉིན་རྡོ་རྗེ་ལགས་ཀང་ར་ཧྥོར་ཊེ་སི་སྨན་ཁང་ནས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

ཕྱི་ཟླ་ ༨ ཚེས་ ༡ ཉིན་འདི་གའི་གསར་འགོད་པས། འདས་པོ་རྡོ་རྗེ་ལ་རོགས་སྐྱོར་དང་ནད་ཞབས་ཞུ་མཁན་ལྷ་མོ་སྐྱིད་དཔལ་ལགས་དང་དར་རྒྱས་ལགས་གཉིས་ལ་གནས་ཚུལ་དེའི་སྐོར་བཅར་འདྲི་ཞུས་པར་ཁོང་གཉིས་ཀྱིས། འདས་པོ་རྡོ་རྗེ་ཞུ་བ་དེ་ཧ་ཅང་དབུལ་བོ་ཉམ་ཐག་ཡིན་པ་མ་ཟད། ཐ་ན་ཁོང་ལ་ཟ་འཐུང་གི་དཀའ་ངལ་ཡང་འཕྲད་ཡོད་པ་དང་། ཁོང་ཉམ་ཐག་ཡིན་སྟབས། ཁོང་གི་སྡོད་ཁང་ནང་དྲི་ངན་བྲོ་ནས་སྡོད་ཐབས་མེད་པ་དང་། དེ་སྔོན་ཁོང་གིས་ནོར་གླིང་གཡས་གཡོན་དུ་གློ་བ་ཁ་ཚ་བཙོང་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། བར་སྐབས་ཤིག་ནས་ཁོང་དབུགས་འཚང་གི་ནད་གཞིས་མནར་ཏེ་བདེ་ལེགས་སྨན་ཁང་དུ་སྡོད་དགོས་བྱུང་ཡོད་པ་དང་། ནོར་གླིང་སྨན་ཞབས་ཨ་ཅག་གཡང་འཛོམས་ལགས་ཀྱིས་ཐེངས་མང་པོར་ཁོང་ལ་རོགས་རམ་གནང་ཡོད་ཀྱང་། མཐར་དྲག་སྐྱེད་མ་བྱུང་བར་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་ལགས་ཀྱིས། ཁོང་རྒྱ་གར་སྨན་ཁང་ཆེ་བ་ཞིག་ལ་སྟོན་དགོས་སྐོར་གསུངས་སོང་ཡང་། ནད་པ་དེར་དངུལ་མེད་སྟབས། སྨན་ཞབས་གཡང་འཛོམས་ལགས་ཀྱིས་ནོར་གླིང་གི་ངོ་ཤེས་ཚོར་སྨན་རིན་སློང་མོ་བརྒྱབ་ཡོད་པ་དང་། སྐབས་དེར་ལྷ་མོ་སྐྱིད་དཔལ་ལགས་དང་དར་རྒྱས་གཉིས་ཀྱིས་ཀྱང་ཁོ་མོར་རོགས་པ་བྱས་ཏེ། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཞལ་འདེབས་བསླངས་ཏེ་ནད་ཞབས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཀང་ར་ཧྥོར་ཊེ་སི་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་སྐོར་སོགས་ངོ་སྤྲོད་གནང་བྱུང་།

ལྷ་མོ་སྐྱིད་དཔལ་ལགས་ཀྱིས་བརྗོད་དོན། ཉེ་ཆར་ནོར་གླིང་སྨན་ཞབས་ཨ་ཅག་གཡང་འཛོམས་ལགས་འཕྲོད་བསྟེན་ལས་ཁུངས་སུ་བཅར་ཏེ། ནད་པ་རྡོ་རྗེ་ལ་སྨན་བཅོས་རོགས་རམ་གནང་དགོས་པའི་རེ་སྐུལ་ཞུས་ཀྱང་། འཕྲོད་བསྟེན་ལས་ཁུངས་ངོས་ནས་ནད་པ་དེ་ལ་ནད་མནར་ཉམ་ཐག་གི་ཨང་ཐོབ་ནང་མེད་པ་མ་ཟད། སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་དུའང་འཛུལ་ཞུགས་བྱས་མེད་སྟབས། ཁོ་ལ་རོགས་སྐྱོར་བྱེད་ཐབས་མེད་སྐོར་བརྗོད་ཡོད་འདུག དེ་བས། ཁོ་ཚོས་ས་གནས་མགོ་འཛིན་ལས་ཁུངས་སུ་བཅར་ནས་ནད་པ་དེའི་གནས་སྟངས་ཛ་དྲག་ཆགས་ཡོད་པ་ས་གནས་མགོ་འཛིན་ལ་ཞུས་སྐབས། ས་གནས་མགོ་འཛིན་གྱིས་ཁོ་རང་གི་གློ་ཁུག་ནས་ཧིན་སྒོར་ ༥༠༠༠ སྤྲད་སོང་། སྤྱིར་ནད་པ་དེ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་འཛུལ་ཞུགས་བྱས་མེད་ཀྱང་། ཁོང་ངོ་མ་ཛ་དྲག་ཆེ་བའི་ནད་པ་ཉམ་ཐག་དབུལ་བོ་ཞིག་ཡིན་སྟབས། འཕྲོད་བསྟེན་ལས་ཁུངས་ངོས་ནས་ཁོང་ལ་སྨན་བཅོས་མཐུན་འགྱུར་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། ནད་པ་དེ་གཅིག་པུ་ཙམ་མིན་པར་བཙན་བྱོལ་སྤྱི་ཚོགས་ནང་ད་དུང་ནད་པ་ཉམ་ཐག་དེ་འདྲ་མང་པོ་ཞིག་ཡོད་པའི་གནས་ཚུལ་ཡོད་པ་རེད། ནད་པ་དེ་མ་གྲོངས་སྔོན་ལ་ནད་པ་དེས་ནད་ཞབས་ཚོར། ཁོ་རང་ནད་མནར་ཉམ་ཐག་ཁོངས་སུ་མ་ཚུད་པ་དེ་ནི། ཁོའི་སྡོད་ཁང་ནང་མལ་ཆས་གསར་བ་ཞིག་དང་བརྙན་འཕྲིན་ཞིག་ཡོད་པས་ཡིན་སྐོར་དང་། མལ་ཆས་དེ་དང་བརྙན་འཕྲིན་དེ་ཁོ་རང་གི་རོགས་པ་ཞིག་གིས་ཁོ་བོར་སྤྲད་པ་ཡིན་ཚུལ་བརྗོད་སོང་། ཞེས་སོགས་ངོ་སྤྲོད་གནང་བྱུང་།

ལྷ་མོ་སྐྱིད་དཔལ་ལགས་ཀྱིས་བརྗོད་པ་ལྟར་ན། དོན་གྲུབ་ལགས་དང་ཁོང་གཉིས་ནད་པ་དེའི་གཉེན་ཉེ་ངོ་ཤེས་དེ་འདྲ་མིན་ཡང་། ཁོང་གཉིས་“དེང་དུས་ལ་སྟོད་ཚོགས་པ”ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་གི་ཚོགས་གཙོ་གཞོན་ཡིན་པ་དང་། ཚོགས་པ་དེ་ནི་ཁོ་ཚོ་ཕ་ཡུལ་གཅིག་པ་ཁག་ཅིག་མཉམ་འཛོམས་ཀྱིས་གྲུབ་པའི་སྤྱི་ཚོགས་དང་བླངས་ཞབས་ཞུ་ཚོགས་པ་ཞིག་ཡིན་འདུག

ཟླ་འདིའི་ཚེས་ ༡ ཉིན་འདི་གའི་གསར་འགོད་པ་བོད་མིའི་སྒྲིག་འཛུགས་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ལ་བསྐྱོད་དེ་སྐད་ཆ་དྲིས་སྐབས། དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གི་ལས་བྱེད་བློ་བཟང་བསྟན་འཛིན་ལགས་དང་བསྟན་འཛིན་རབ་འབྱོར་ལགས་གཉིས་ཀྱིས། གལ་ཏེ་རྡོ་རྗེ་ཞུ་བ་དེ་དྷ་ས་ས་གནས་མགོ་འཛིན་དང་ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གི་ཞིབ་འཇུག་གནང་བ་བརྒྱུད་དེ་ཉམ་ཐག་ནང་ཐོ་འགོད་བྱས་ཡོད་ན། དེའི་བདེན་དཔང་ཡིག་ཆ་འཁྱེར་ཡོང་དགོས་སྐོར་དང་། དེ་གར་ཁོང་གཉིས་ལ་རྡོ་རྗེ་ཞུ་བ་དེ་ཉམ་ཐག་ཁོངས་སུ་ཐོ་འགོད་བྱས་ཡོད་མེད་ཀྱི་ཡིག་ཆ་སྔོག་པའི་ཐོབ་ཐང་མེད་པ་དང་། འགན་གཙོ་བོ་དེ་ནང་སྲིད་ལས་ཁུངས་ཀྱི་ལྕམ་ཚེ་རིང་སྒྲོལ་མ་ལགས་ཀྱིས་འཁུར་གྱི་ཡོད་པ། ཁོ་མོ་ད་ལྟ་གུང་གསེང་ཡིན་སྟབས་གཟའ་ཟླ་བའི་བར་བདེན་དཔང་ཡིག་ཆ་ཁྱེར་ནས་ཡོང་དགོས་པ་དང་། དེ་མིན་ད་ལྟ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གཞུང་ལ་སྐྱོན་བརྗོད་སྣ་ཚོགས་བྱེད་ཀྱི་ཡོད་པས། གནས་ཚུལ་དེ་ཁུངས་ལྡན་ཡིན་མིན་བཤད་དཀའ་ལུགས་སོགས་བརྗོད་སོང་།

གསར་འགོད་པ་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་སུ་བསྐྱོད་དེ། ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། རྡོ་རྗེ་ཁོ་རང་སྔོན་ཆད་ཟ་འཐུང་མེད་མཁན་ཉམ་ཐག་དེ་འདྲ་མ་རེད། ཁོས་སྔོན་ཆད་ཟ་ཁང་དང་མགྲོན་ཁང་སོགས་སུ་ལས་ཀ་བྱས་པ་དང་། ཚོང་ལས་གཉེར་ནས་འཚོ་གནས་བཟུང་ཡོད་པ་ཞིག་རེད། ཁོ་རང་གྲོངས་རྗེས་ནོར་གླིང་ས་གནས་བརྒྱ་དཔོན་སོགས་མི་ཁག་ཅིག་ཁོ་རང་གི་ནང་དུ་ཕྱིན་ཏེ་ལྟ་སྐབས་དངུལ་ ༢༢༠༠༠ ཡོད་པ་དངོས་སུ་མཐོང་ཡོད་པ་རེད།

ང་ཚོས་ཀིརྟི་བདེ་རྩ་ཚོགས་པ་དང་བོད་ཀྱི་ཐེབས་རྩ་ཁང་། བདེ་ལེགས་སྨན་ཁང་སོགས་ལ་རྒྱབ་གཉེར་ཡི་གེ་ཕུལ་བ་བརྒྱུད་དེ། བདེ་ལེགས་སྨན་ཁང་གི་དབུ་འཛིན་གྱིས་འགན་ཁུར་བའི་ཐོག་ནས་ཁོ་རང་གི་ཟས་རིན་དང་། སྨན་ཁང་གི་བརྟག་དཔྱད། སྨན་རིན་སོགས་རིན་མེད་གནང་ཡོད་པ་རེད། དེ་ནས་ཁོ་རང་གི་ནད་གཞི་ཛ་དྲག་ཕྱིན་པ་དང་སྨན་པ་ཚེ་བརྟན་ལགས་ཀྱི་ལམ་སྟོན་འོག ཁོང་རྒྱ་གར་སྨན་ཁང་ཆེ་ས་ཞིག་ཏུ་སོང་ན་ཡག་པོ་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།

ནོར་གླིང་བརྒྱ་དཔོན་དང་ས་གནས་བརྒྱ་དཔོན་ཚོས་ཁོ་རང་གི་གནས་སྟངས་སྙན་ཞུ་འབྱོར་སོང་ཡང་། ང་ཚོའི་ངོས་ནས་མ་བྱས་པ་གང་ཡང་མ་རེད། ས་གནས་མགོ་འཛིན་གྱི་ངོས་ནས་ཁོ་རང་ལ་སྒོར་ ༥༠༠༠ དང་། ལས་ཁུངས་ཀྱི་ངོས་ནས་སྒོར་ ༡༥༠༠༠ ། ད་དུང་རྒྱབ་གཉེར་ཡི་གེ་སོགས་ཚང་མ་སྤྲད་ཡོད། ཡིན་ནའང་ད་ལྟ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། ནད་པ་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་གང་ཡང་མ་ཤེས་པར། གནས་ཚུལ་ཆུང་ཆུང་ཞིག་ཆེན་པོ་བཟོས་ཏེ་སྤྱི་ཚོགས་ནང་དཀྲོག་གཏམ་བཟོ་བཞིན་འདུག ང་ཚོའི་ངོས་ནས་འདིར་གསལ་བཤད་གཙང་མ་བྱས་པ་ཡིན། ཞེས་བརྗོད་སོང་།

དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་ཡིག་ཆ་ཁོ་སྤྲོད་གནང་བ་ལྟར་ན། ༢༠༡༥ ཟླ་ ༡༠ ཚེས་ ༡༥ ཉིན་དྷ་ས་ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ལ་ཡི་གེ་ཞིག་ཕུལ་བའི་ནང་། “དྷ་ས་ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ཚོགས་ནས་དངོས་ཡོད་འཚོ་བར་དཀའ་ངལ་ཡོད་མེད་ཞིབ་འཇུག་མཐིལ་ཕྱིན་པ་བྱས་རྗེས།” ཅེས་དང་། “ཁྱོན་བསྡོམས་ཉམ་ཐག་བཅུ་ཚོགས་ཆུང་ནས་ངོ་བཞེས་གནང་སོང་བས། འདི་ལས་ནས་ཉམ་ཐག་བཅུའི་ལོ་རྒྱུས་འགེངས་ཤོག་ཟུར་སྦྱར་འབུལ་ལམ་ཞུས་ཡོད་པས། རྩིས་བཞེས་གནང་སྐྱོང་ཡོང་བ་ཞུ།” ཞེས་འཁོད་འདུག་ལ། ཉམ་ཐག་དེ་དག་རེ་རེའི་གནས་ཚུལ་ཞིབ་ཕྲ་འཁོད་པའི་ཟུར་སྦྱར་ཡི་གེ་ནང་། “ལོ་གཞོན་ནད་མནར་ཉམ་ཐག་ (ང) མིང་། རྡོ་རྗེ། ཕ་ཚེ་འདས་རིན་འཛིན། གྲོང་སྡེ་དང་ཁང་ཨང་། ནོར་བུ་གླིང་ཁ། སྐྱེས་ལོ་སྐྱེས་ཚེས་ ༡༩༦༩ ། ན་ཚ་ཅི་ཡིན་སྨན་པས་རྩད་ཆོད་མ་ཐུབ་པ། (ནད་མནར་ཡིན་པའི་ར་སྤྲོད་ཐུབ་པའི་ངེས་སྨན་པའི་ངོས་སྦྱོར་མཉམ་སྦྱར) ད་ལྟ་དབུས་དང་ས་གནས་ཚོགས་གང་རུང་ནས་འཚོ་སྣོན་དང་སྨན་བཅོས་རོགས་སྐྱོར་མེད།” ཞེས་དང་། རྡོ་རྗེ་ལགས་སྒེར་གྱི་གནས་སྟངས་ཞིབ་ཕྲ་འཁོད་པའི་ནང་། “འདི་ལས་ཀྱི་ཁྱབ་ཁོངས་རྡོ་རྗེ་ལགས་ངོ་བཅར་གྱིས་བདེ་སྡུག་སྙན་ཞུ་ཕུལ་དོན་ལྟར། ཁོང་ནོར་བུ་གླིང་ཁར་བསྡད་ནས་ལོ་ངོ་དྲུག་ཙམ་འགྲོ་མུས་ལ་སོང་། སྔོན་མ་ཁོང་གིས་ཚོང་ཙག་ཙིག་བརྒྱབས་ནས་ཉིན་རེའི་འཚོ་བ་འདང་ཙམ་གྱིས་ཚོགས་སྡེ་དང་རོགས་ཚོགས་གཞན་ཁག་ནས་འཚོ་སྣོན་གང་ཡང་ལེན་གྱི་མི་འདུག ད་ཆ་ཁོང་མགོ་བོ་ན་བ་དང་ཚ་བ་འབར་བ་སོགས་ཀྱི་རྐྱེན་པས། སྨན་པར་བསྟན་ཡང་ནད་གཞི་ག་རེ་ཡིན་མིན་ངོས་འཛིན་མ་ཐུབ་པས། ཉིན་ལྟར་སྨན་ཟ་དགོས་ཀྱི་འདུག ལུས་ཁམས་མི་བདེ་བའི་རྐྱེན་གྱིས་ཚོང་ཙག་ཙིག་དེ་ཡང་གཡུག་དགོས་བྱུང་འདུག་ན། ད་ཆ་ཁོང་ལ་འཚོ་རྟེན་གང་ཡང་མེད་པར་བརྟེན། སྐུ་ངོ་མཆོག་ནས་ལོ་གཞོན་ནད་མནར་གྱི་ཉམ་ཐག་ནང་ཚུད་ཐབས་ཡོང་བའི་རོགས་རམ་གནང་སྐྱོང་ཡོང་བ་ཞུ། གོང་གསལ་གནད་དོན་ཁག་སྲེས་ལྷད་མེད་པར་ལྷག་བསམ་དྲང་བདེན་གྱི་སྒོ་ནས་གནས་སྟངས་དངོས་སུ་ཞིབ་འཇུག་མཐིལ་ཕྱིན་ཞུས་པའི་སྙན་ཐོར། ས་གནས་ཉམ་ཐག་ཚོགས་གཙོའི་མཚན་རྟགས་དང་ལས་དམ།” ཞེས་འཁོད་འདུག

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་རོགས་སྐྱོར་གནང་བཞིན་པའི་ཉམ་ཐག་ཁྲོད། ༼ ཕྲུ་གུ་ལ་བརྟེན་ནས་ཁྱིམ་འཚོ་མ་ཟིན་པའི་ཉམ་ཐག༽ དང་། ༼ ལོ་གཞོན་ནད་མནར་ཉམ་ཐག༽ ། ༼ རྒས་གཅོང་མགོན་མེད་ཉམ་ཐག༽ ། བཅས་རིགས་ ༣ ལ་དབྱེ་ཡོད་པའི་ཁྲོད། དྷ་ས་ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་བྱས་པ་བརྒྱུད་དེ། འདས་པོ་རྡོ་རྗེ་ལགས་ལོ་གཞོན་ནད་མནར་ཉམ་ཐག་ཁོངས་སུ་བཞག་སྟེ་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ལ་རྒྱབ་གཉེར་ཞུས་འདུག

༢༠༡༦ ཟླ་ ༣ ཚེས་ ༣༡ ཉིན་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་དྷ་ས་ས་གནས་མགོ་འཛིན་ལ་ཡིག་ལེན་འབྱོར་བའི་ནང་། “ དེ་ནས་རིམ་བཞིན་འབྱོར་བའི་ཉམ་ཐག་གསར་ཐོན་དང་བསྐྱར་ཞིབ་འགེངས་ཤོག་རྣམས་ལ་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་ལྷན་ཚོགས་ཀྱིས་ཞིབ་བཤེར་དང་སྦྲགས་དཔལ་ལྡན་བཀའ་ཤག་ལྷན་རྒྱས་སུ་སྙན་འབུལ་ཞུས་པར། ༢༠༡༦ ཟླ་ ༣ ཚེས་ ༡༨ ཉིན་བཀའ་འཁྲོལ་བསྩལ་སྨིན་བྱུང་བའི་གནས་སྟངས་ཟུར་སྦྱར་ཐོ་གཞུང་ཁུངས་འབུལ་ཞུས་པ་ནང་གསལ་ཐུགས་ཞིབ་ཡོང་བ་དང་རྩིས་ལོ་ ༢༠༡༦།༤།༡ ནས་གཟིགས་སྐྱོང་གནང་ཕྱོགས་ལག་བསྟར་གནང་གལ་བཅས་དེ་དོན་དགོངས་འཇགས་ཞུ།” ཞེས་དང་། ཟུར་སྦྱར་ཡི་གེ་ནང་། “ནད་མནར་རྡོ་རྗེ་ལགས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་སུ་འཛུལ་ཞུགས་དགོས་རྒྱུའི་ལམ་སྟོན་གནང་གལ།” ཞེས་འཁོད་འདུག

ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ནས་ཉམ་ཐག་ལོ་རྒྱུས་འགེངས་ཤོག་ཕུལ་བ་ལྟར་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་བྱས་ཏེ་བཀའ་ཤག་ལ་ཕུལ་བའི་ཐོ་གཞུང་ནང་མི་གྲངས་ ༡༧ འཁོད་ཡོད་པ་ལས་མི་ ༥ ཉམ་ཐག་ཁོངས་སུ་ངོས་བཞེས་གནང་ཡོད་པ་ལས་གཞན་དག་ཉམ་ཐག་ཁོངས་སུ་ཚུད་མི་འདུག་ལ། རྡོ་རྗེ་ཚུད་པའི་མི་ ༤ སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཞུགས་དགོས་པའི་ལམ་སྟོན་གནང་དགོས་སྐོར་ས་གནས་ལ་བཀའ་མངགས་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་གསར་འགོད་པས་བོད་མིའི་སྒྲིག་འཛུགས་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་སུ། འདས་པོ་རྡོ་རྗེ་སྐོར་བཀའ་འདྲི་ཞུས་པར་ཁོང་མོས། “གཞི་རྩའི་ང་ཚོས་རྡོ་རྗེ་ལགས་ལ་ཛ་དྲག་དངུལ་གང་ཡོང་ཡོང་ཞིག་ཕུལ་ཡོད། ༢༠༡༥ ཟླ་ ༦ པར་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ནས་ཁོ་རང་ནད་མནར་ཁོངས་སུ་འཇུག་དགོས་པའི་སྙན་ཞུ་འབྱོར་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཡིན་ན་ཡང་སྐབས་དེར་ང་ཚོས་དྷ་ས་ས་གནས་མགོ་འཛིན་ལས་ལུངས་ལ་ག་རེ་ཞུས་ཡོད་ཟེར་ན། ད་ལྟ་ཁོ་ལ་ཛ་དྲག་གི་དཀའ་ངལ་འཕྲད་ཀྱི་ཡོད་ན་སྒོར་ཁྲི་གཅིག་ལས་མ་བརྒལ་བ་ས་གནས་མགོ་འཛིན་གྱི་ཛ་དྲག་རོགས་སྐྱོར་ནས་གནང་རོགས། གལ་སྲིད་སྒོར་ཁྲི་གཅིག་ལས་བརྒལ་བ་ཡིན་ན། འཕྲོད་བསྟེན་ལས་ཁུངས་དང་ནང་སྲིད་ལས་ཁུངས་ལ་ཞུ་རོགས་ཞུས་ཡོད།” ཅེས་དང་། “ ད་ལྟ་ཁྱེད་རང་ཚོ་སོང་ནས་དྷ་ས་ས་གནས་མགོ་འཛིན་ལ་ཞིབ་འཇུག་གནང་ན་མ་འགྲིག་པ་ཡོད་པ་མ་རེད། ང་ཚོས་ངོས་ནས་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ལ་སྒོར་ཁྲི་ལས་མ་བརྒལ་བ་གནང་རོགས་ཞུས་པ་ལྟར། ཁོ་རང་ལ་ཟླ་རེར་སྒོར་ཆིག་སྟོང་རེ་བྱས་ཏེ་གནང་ཡོད་སྟབས། དེའི་ཐོ་དེ་ཁོ་ཚོར་ཡོད་ཡོད་པ་རེད་ལ་ཁོ་རང་ཚོའི་རྩིས་ནང་དུ་གསལ་ཀྱི་རེད་བསམ་ཡོད།” ཅེས་གསུངས་སོང་།

གསར་འགོད་པས། རྡོ་རྗེ་ལགས་ལ་མཚོན་ན་ས་གནས་ནས་ཉམ་ཐག་ཡིག་ཆའི་ངོས་སུ་ཉམ་ཐག་རེད་ཅེས་ཐག་བཅད་འདུག་ན་ཡང་། དབུས་ནས་ཁོ་རང་ཉམ་ཐག་ཁོངས་སུ་མ་བཞག་པར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཞུགས་དགོས་པའི་འབོད་སྐུལ་ཞུ་དགོས་སྐོར་གསུངས་པའི་རྒྱུ་མཚན་ཅི་ཡིན་དྲིས་པར། ཚེ་རིང་སྒྲོལ་མ་ལགས་ཀྱིས་ཉམ་ཐག་ནང་ཚུད་པར་ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་བྱས་པའི་ཡིག་ཆར་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་བསྐྱར་ཞིབ་གནང་སྟེ་བཀའ་ཤག་ལ་འབུལ་དགོས་པ་དང་། བཀའ་ཤག་གིས་ངོས་བཞེས་གནང་སྟེ་བཀའ་འཁྲོལ་ཐོབ་ན་གཞི་ནས་ས་གནས་ལ་འབྲེལ་བ་བྱས་ཏེ་རོགས་སྐྱོར་མགོ་འཛུགས་ཀྱི་ཡོད་པ་སོགས་ཀྱི་བརྒྱུད་རིམ་མང་པོ་ཞིག་ཡོད་སྟབས། དེ་ལས་ཁོ་རང་སྨན་བཅོས་ལྟ་སྐྱོང་ནང་ཞུགས་པ་ཡིན་ན་རོགས་སྐྱོར་སྔོན་ལ་རག་གི་ཡོད་སྐོར་དང་། སྨན་བཅོས་ལྟ་སྐྱོང་ནང་ཞུགས་པར་དོ་བདག་གིས་སྒོར་ ༣༠༠༠ ལྷག་འབུལ་དགོས་ཀྱི་ཡོད་པ་དེའང་ཁོ་རང་གིས་སྤྲོད་མི་དགོས་པར་དྷ་ས་ས་གནས་མགོ་འཛིན་ནས་སྤྲོད་རྒྱུ་བྱས་ཡོད་སྐོར་སོགས་བརྗོད་བྱུང་།

གསར་འགོད་པས། ས་གནས་ནས་དབུས་ལ་ཞུ་ཡིག་ཕུལ་བ་དང་། དབུས་ནས་ཡིག་ལན་ཕུལ་བའི་བར་ཟླ་བ་ ༥ དང་ཉི་ ༡༥ ལྷག་ཕྱིན་ཡོད་པ་དེའི་རྒྱུ་མཚན་ཅི་ཡིན་དྲིས་པར་ཚེ་རིང་སྒྲོལ་མ་ལགས་ཀྱིས། ང་ཚོས་སྙན་ཞུ་འབྱོར་བ་དེ་དག་ཉིན་གཅིག་ལ་ཞིབ་འཇུག་གནང་གི་ཡོད་པ་མ་རེད། ནང་སྲིད་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་ཤེས་རིག་ལས་ཁུངས་སོགས་འབྲེལ་ཡོད་ཚང་མར་ཚོགས་ཆུང་ཞིག་ཡོད་པ་རེད། དེ་ཚོ་ཚང་མ་འཛོམས་ནས་གྲོས་བསྡུར་བྱ་དགོས་ཀྱི་ཡོད་པ་རེད། གལ་ཏེ་འཛོམས་མ་ཐུབ་པ་ཡིན་ན་ཐག་གཅོད་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་། གཞི་རྩའི་ཁོ་རང་ལོ་གཞོན་ནད་མནར་ཡིན་པས་གནད་དོན་དེ་འཕྲོད་བསྟེན་ལས་ཁུངས་སུ་དམིགས་བསལ་འབྲེལ་བ་ཆགས་བསྡད་ཡོད་པ་རེད། འཕྲོད་བསྟེན་ལས་ཁུངས་ནས་ཛ་དྲག་ནད་མནར་གྱི་མཐུན་འགྱུར་གནང་མེད་ན། དེ་ཁོ་རང་ཚོའི་ནོར་འཁྲུལ་རེད། ཅེས་སོགས་བརྗོད་སོང་།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟན་ལས་ཁུངས་ཀྱིས་ ༢༠༡༧ ཟླ་ ༦ ཚེས་ ༡ ཉིན་ས་གནས་མགོ་འཛིན་ཁག་ལ་ཉམ་ཐག་ཨང་ཐོབ་ཅན་རྣམས་ལ་ཛ་དྲག་སྨན་གྲོན་གཏོང་ཕྱོགས་སྐོར་གྱི་བཀོད་ཁྱབ་ཅིག་བཏང་ཡོད་པའི་ཟུར་སྦྱར་ཡིག་ཆའི་ཚན་པ་(ཁ)བའི་ཨང་ (༡༠) པའི་ནང་། “གོང་གསལ་ལམ་སྟོན་ནང་མ་ཚུད་པའི་དམིགས་བསལ་དཀའ་སེལ་མཐུན་འགྱུར་ཞུ་དགོས་རིགས་འཕྲོད་བསྟེན་ལས་ཁུངས་སུ་ཡིག་ཐོག་བཀའ་འཁྲོལ་ངེས་པར་དུ་ཞུ་དགོས་པ་བཅས་” ཞེས་འཁོད་འདུག་པའི་ཆ་རྐྱེན་འོག་ནས་རྡོ་རྗེ་ལགས་སུ་ཛ་དྲག་སྨན་གྲོན་ཅི་ཕྱིར་མ་ཐོབ་པའི་དོགས་འདྲི་ཞིག་ཡོང་གི་ཡོད་འདུག

དྷ་རམ་ས་ལའི་ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་རྡོ་རྗེ་ལགས་ནད་མནར་ཉམ་ཐག་ཁོངས་སུ་འཇུག་དགོས་པའི་ཡི་གེ་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ལ་ཕུལ་བ།

༢༠༡༧ ཟླ་ ༧ ཚེས་ ༡༧ ཉིན། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་མཆོག་གི་མཚན་ཐོག་ཏུ་ཡི་གེ་ཞིག་ཕུལ་བའི་ནང་། “འདི་ལས་ནོར་གླིང་ས་གནས་བརྒྱ་དཔོན་ནས་ཞུ་གསོལ་གསོལ་འདེབས་སྙིང་ལ། ནོར་གླིང་གནས་སྡོད་རྡོ་རྗེ་རང་ལོ་ ༤༧ ཅན་དེ་སྔོན་རྒྱུ་མ་དང་གློ་བ་ཁ་ཚ་སོགས་བཙོང་ནས་རང་ཁ་རང་གསོ་བྱེད་མཁན་ཞིག་རེད་འདུག་ན། ད་ཆ་ཁོ་པ་ནད་གཞི་ལྗིད་པོ་ཞིག་ཕོགས་ནས་གཟུགས་པོའི་ནུས་ཤུགས་རྣམས་ཉམས་ནས་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མེད་པ་མ་ཟད། ཁོ་པ་ལ་དམིགས་གསལ་ལྟ་རྟོག་བྱེད་མཁན་ཕ་མ་སྤུན་མཆེད་སུ་ཡང་མེད་པར། ད་ཆ་བདག་མེད་ལྟ་བུར་ལུས་འདུག་ན། སྐུ་ངོ་མཆོག་ནས་ཐུགས་བསམ་ཆེ་བཞེས་ཀྱིས་ཁོ་པ་གང་མགྱོགས་བྱམས་གླིང་རྒས་གསོ་ཁང་དུ་འཇུག་དགོས་གནང་སྐྱོང་ཡོང་བ་དང་སྦྲགས། འདི་ལས་ནས་ཁོ་པའི་གཟུགས་པོ་ཆ་ཚང་ཡོད་པའི་འདྲ་པར་ཞིག་ཀྱང་འབུལ་ལམ་ཞུས་ཡོད་པས་རྩིས་བཞེས་གནང་སྐྱོང་ཡོང་བ་ཞུ།” ཞེས་འཁོད་འདུག

༢༠༡༧ ཟླ་ ༧ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་དྷ་ས་ས་གནས་མགོ་འཛིན་ལ་ཕུལ་བའི་ཡི་གེ་ནང་། “དེ་ནས་ ༢༠༡༧ ཟླ་ ༧ ཚེས་ ༡༧ འཁོད་གནད་ཕུལ་འབྱོར་ནང་གསལ། དེ་གའི་ཁྱབ་ཁོངས་ནོར་གླིང་གནས་སྡོད་ཁྱོ་རྡོ་རྗེ་རང་ལོ་ ༤༨ ཅན་ནད་གཞི་ལྕི་མོ་ཕོགས་ནས་གཟུགས་པོ་ནུས་ཤུགས་མེད་པ་དང་ལྟ་རྟོག་བྱེད་མི་སུ་ཡང་མེད་པས། དྷ་ས་རྒས་གསོ་ཁང་དུ་འཇུག་བཞེས་ཡོང་བའི་རྒྱབ་གཉེར་གནང་དོན། ཁོ་པ་ལོ་ནའི་བབ་ཀྱིས་རྒས་གསོའི་ཐ་སྙད་དང་མ་མཐུན་པར་ད་ལྟའི་ཆར་རྒས་གསོ་ཁང་ལ་འཇུག་བཞེས་ཡོང་ཐབས་མི་འདུག སྤྱིར་ཁོ་པ་ལོ་གཞོན་ནད་མནར་དངོས་ཡོད་ལ་སོང་ (ཉམ་ཐག་ (ང) པའི་འགེངས་ཤོག་ཞིབ་བསྐང་གིས་འཕྲལ་འབུལ་གནང་དགོས། ལོ་གཞོན་ནད་མནར་ཉམ་ཐག་ཁོངས་ནས་སྨན་བཅོས་མཐུན་འགྱུར་ཡོང་ངེས། ཛ་དྲག་སྨན་བཅོས་ཆེད་བདེ་ལེགས་སྨན་ཁང་ལ་སྨན་གཏུགས་བྱ་དགོས། གཟུགས་པོའི་བབ་ནས་རང་སྐྱ་འཕེར་ངེས་བྱུང་མཚམས་ལས་རིགས་ཆུང་ཙག་དོན་སོན་ཡོང་ཐབས་རོགས་མགོན་གནང་གལ། མ་ཟད་ཁོ་པ་བཞེས་ལག་བཟོ་སྟངས་གང་ལེགས་ཡོད་པ་དེ་སྔ་ ༡༩༩༡ ན་ ༡༩༩༥ བར་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་ནང་མ་བྱན་ལས་མྱོང་ཡོད་པའི་ངོས་སྦྱོར་འདི་མཉམ་ཐུགས་ཞིབ་ཆེད་འབུལ་ཞུས་ཡོད་པ་བཅས་དེ་དོན་དགོངས་འཇག་ཞུ།” ཞེས་འཁོད་འདུག

༢༠༡༧ ཟླ་ ༧ ཚེས་ ༢༡ ཉིན་དྷ་ས་ས་གནས་མགོ་འཛིན་ཀྱིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་མཆོག་གི་མཚན་ཐོག་ཏུ་ཕུལ་བའི་ཡི་གེ་ནང་། “འདི་ལས་ཀྱི་ཁྱབ་ཁོངས་ནོར་གླིང་ཁུལ་དུ་གནས་སྡོད་ཁྱོ་བོ་རྡོ་རྗེ་ནད་མནར་གྱི་རྐྱེན་པས་འདི་ལས་འབོད་སྐུལ་ཞུས་པ་བཞིན་བདེ་ལེགས་སྨན་ཁང་དུ་སྨན་བཅོས་རིན་མེད་ཐོག་གནང་མུས་ཀྱང་། ད་ཆ་ཁོ་པའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པར་བརྟེན་ཕྱི་ལོགས་སྨན་ཁང་ཆེ་བ་ (Ventilator) ཡོད་ས་ཞིག་ནང་སྨན་བཅོས་བྱེད་དགོས་འདུག་ན། ཁོ་པར་ལྟ་རྟོག་བྱེད་མཁན་སུ་ཡང་མེད་པར་དངོས་ཡོད་ཉམ་ཐག་དཀའ་ངལ་ཅན་ཞིག་རེད་འདུག་པས། སྐུ་ཉིད་མཆོག་ནས་དམིགས་བསལ་དགོངས་བཞེས་ཐོག་ཛ་དྲག་གི་རོགས་དངུལ་གསོལ་སྩལ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ།” ཞེས་འཁོད་འདུག

༢༠༡༧ ཟླ་ ༧ ཚེས་ ༢༥ ཉིན་འཕྲོད་བསྟེན་ལས་ཁུངས་ནས་དྷ་ས་ས་གནས་མགོ་འཛིན་ལ་ཡིག་ལན་འབྱོར་བའི་ནང་། “དགོངས་པའི་མངའ་གསོལ་བཞིན་ ༢༠༡༡ ཟླ་ ༡ ཚེས་ ༡ ནས་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་མགོ་འཛུགས་ཞུས་པ་ནས་བཟུང་ཛ་དྲག་སྨན་བཅོས་རོགས་སྐྱོར་ཞུ་རྒྱུ་མཚམས་བཞག་ཟིན་པ་དང་། གལ་ཏེ་ཉམ་ཐག་དངོས་འབྲེལ་ཡིན་ཚེ། ས་གནས་སུ་ཐག་ཉག་ཚོགས་ཆུང་ཡོད་བཞིན་པས་གཟིགས་རྟོགས་དགོས་པ་མ་ཟད། འདི་ལས་སུ་ཛ་དྲག་སྨན་བཅོས་དང་འབྲེལ་བའི་ཐོག་རྩིས་འགྲོ་གཏོང་ཁུངས་གང་ཡང་མེད་པ་དེ་ནས་མ་འོངས་རྒྱབ་གཉེར་གནང་ཕྱོགས་ཐོག་དགོངས་འཇགས་ཡོང་བ་ཞུ།” ཞེས་འཁོད་འདུག

དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་དང་བཀའ་ཤག་གིས་རྡོ་རྗེ་ལགས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་སུ་ཞུགས་དགོས་པའི་ཐག་གཅོད་གནང་བ།

༢༠༡༧ ཟླ་ ༧ ཚེས་ ༢༨ ཉིན། དྷ་ས་ས་གནས་ཉམ་ཐག་ཚོགས་ཆུང་གིས་རྡོ་རྗེ་ལགས་ནད་མནར་ཉམ་ཐག་ཁོངས་སུ་འཇུག་རྒྱུའི་འགེངས་ཤོག་བསྐངས་ཏེ་དབུས་ཉམ་ཐག་ཚོགས་ཆུང་ལ་ཕུལ་བའི་ཡི་གེ་ནང་། “དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་ནོར་གླིང་ཁུལ་དུ་གནས་སྡོད་ཁྱོ་རྡོ་རྗེ་རང་ལོ་ ༤༨ ཅན་དངོས་ཡོད་དཀའ་ངལ་ཅན་གྱི་ཉམ་ཐག་ཡིན་པར་སོང་། ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ནས་གནས་སྟངས་ཞིབ་འཇུག་བྱས་རྗེས། ༢༠༡༥ ཟླ་ ༨ ཚེས་ ༢༦ ཉིན། ཁོ་པའི་ཉམ་ཐག་ལོ་རྒྱུས་འགེངས་ཤོག་ཞིབ་བཀང་ཐོག་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ལ་ཕུལ་བ་དང་། དེ་ནས་ ༢༠༡༦ ཟླ་ ༣ ཚེས་ ༣༡ ཉིན་འཁོད་གནད་ནང་གསལ་ཁོ་པ་སྨན་བཅོས་ལྟ་སྐྱོང་གི་ཚོགས་མིར་འཛུལ་ཞུགས་བྱེད་དགོས་པའི་ལམ་སྟོན་ཕེབས་པ་བཞིན་འདི་ནས་ཀྱང་ཁོ་པར་དེ་ལྟར་ཞུས་ཡོད། མ་ཟད་འདི་ག་ས་གནས་འགོ་འཛིན་ལས་ཁུངས་ནས་ཁོ་པའི་ཛ་དྲག་དཀའ་ངལ་སེལ་ཆེད་ཕྱི་ལོ་ ༢༠༡༥ ནས་ ༢༠༡༧ ཟླ་ ༦ ཚེས་ ༥ བར་ཁྱོན་བསྡོམས་ཧིན་སྒོར་ ༡༥༠༠༠ གནང་ཡོད་པ་དང་། དེ་བཞིན། ཉེ་ཆར་ཛ་དྲག་ནད་མནར་གྱི་རྐྱེན་པས་འདི་ནས་བདེ་ལེགས་སྨན་ཁང་གི་འགན་འཛིན་ལ་རེ་བ་ཞུས་པ་བཞིན་ཁོ་པར་སྨན་བཅོས་དང་དུས་གསུམ་གྱི་ཞལ་ལག་རིན་མེད་ཐོག་མཐུན་འགྱུར་གནང་ཡོད་པ་དང་། ད་ཆ་ཁོ་པའི་གནས་སྟངས་ཛ་དྲག་ཆགས་པར་བརྟེན་ཀཱང་ར་ (Fortis) སྨན་ཁང་གི་ (ICU) ནང་སྨན་བཅོས་བྱེད་མུས་ཡིན་པས། ཁོ་པར་ལྟ་རྟོག་བྱེད་མཁན་ནང་མི་སྤུན་མཆེད་སུ་ཡང་མེད་པར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་འདི་ག་ལས་ཁུངས་ནས་དཔལ་ལྡན་འཕྲོད་བསྟེན་ལས་ཁུངས་སུ་ཛ་དྲག་མ་དངུལ་གསོལ་སྩལ་ཡོང་བའི་ངོ་སྦྱོར་ཕུལ་ཡང་དེ་ནས་སྨན་བཅོས་ལྟ་སྐྱོང་ལས་གཞི་འགོ་འཛུགས་བྱས་པ་ནས་བཟུང་སྒྲིག་གཞི་དགོངས་དོན་ལྟར་ཛ་དྲག་མ་དངུལ་གནང་བདེ་མེད་ལུགས་ཡིག་ཐོག་ནས་ཕུལ་སོང་ལ། དཔལ་ལྡན་ནང་སྲིད་ལས་ཁུངས་སུ་ཁོ་པ་ཛ་དྲག་ཐོག་ནས་རྒས་གསོར་འཇུག་བཞེས་ཡོང་བའི་འབོད་སྐུལ་ཞུས་ནས་དེ་ལས་ཀྱི་ལམ་སྟོན་གཞིར་བཟུང་ལོ་གཞོན་ནད་མནར་ཉམ་ཐག་གི་ལོ་རྒྱུས་འགེངས་ཤོག་ཞིབ་བཀང་བྱས་ནས་ཟུར་འབུལ་ཞུས་ཡོད་པས། སྐུ་ཉིད་མཆོག་ནས་དམིགས་བསལ་དགོངས་བཞེས་གནང་ནས་ཛ་དྲག་ཐོག་ལོ་གཞོན་ནད་མནར་ཉམ་ཐག་ཁོངས་སུ་འཇུག་བཞེས་ཡོང་བའི་འབོད་སྐུལ་ཞུ” ཞེས་འཁོད་འདུག

འདས་པོ་རྡོ་རྗེ་ལགས་ཀྱི་དང་བླང་དཔྱ་དངུལ་ལག་དེབ་ནང་འཁོད་པ་ལྟར་ན། ཁོ་རང་གི་སྐྱེས་ལོ་ ༡༩༦༩ ཡིན་པ་དང་ཕ་ཡུལ་སྟོད་རྫང་ཁ། ཞེས་འཁོད་འདུག་ཀྱང་། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ནས་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་མཁོ་སྤྲོད་གནང་བའི་ནང་། ༡༩༦༨ ཟླ་ ༡༡ ཚེས་ ༢ ཉིན་ཁོང་དྷེ་ར་ལྡུན་ཡི་ཤུ་སློབ་གྲྭ་ (Joseph’s Academy school Dehra Dun (U.P) ནང་སློབ་སྦྱོང་བྱས་ཡོད་པ་དང་། དེའི་རྗེས་རྒྱ་ནག་གི་ཟ་མ་བཟོ་སྟངས་ལོ་དགུ་ལ་ཉམས་མྱོང་བསགས་ཡོད་ཅིང་། (Hotel Hans Plaza) ནང་རྒྱ་ནག་གི་ཟ་མ་བཟོ་མཁན་མ་བྱན་ཨང་དང་པོ་བྱས་འདུག དྷ་ས་བོད་ཀྱི་གསོལ་མགྲོན་ཁང་ (Hotel Tibet) དུ་ལོ་ལྔ་རིང་རྒྱ་ནག་གི་ཟ་མ་བཟོ་མཁན་མ་བྱན་བྱས་འདུག འབྲས་ལྗོངས་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་ (Hotel Tibet Gangtak) དུ་ལོ་གཅིག་རིང་རྒྱ་ནག་གི་ཟས་རིགས་བཟོ་མཁན་མ་བྱན་བྱས་སྐོར་སོགས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

 

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 10

  1. Dolma says:
    ལོ་ 8 སྔོན།

    བོད་མིའི་སྒྲིག་འཛུག་དབུས་ས་གཉིས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ནས་གང་གནང་དགོས་ཀྱི་སྲི་ཞུ་དང་ལམ་སྟོན་སྒྲིག་གཞིའི་དོན་ཚན་བཞིན་གནང་འདུག་པར་བཀའ་དྲིན་ཆེ། བོད་མིའི་སྒྲིག་འཛུགས་སྲ་བརྟན་དུ་གནས་དགོས་སྟབས་སྒྲིག་གཞི་དང་མི་མཐུན་པའི་ལས་ཐ་དག་སྙན་ཞུ་འབུལ་མི་ཚང་མའི་འདོད་པ་བཞིན་སྒྲུབ་ཐུབ་ཐབས་མེད་པ་གསལ་པོ་རེད།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 8 སྔོན།

    དེ་རིང་ཞིབ་ཏུ་བཀླགས་པ་ཡིན། གསར་འགྱུར་འདི་རིགས་ཧ་ཅང་ཡག་པོ་འདུག ནད་མནར་སྐྱོ་བོ་ཚོ་ལ་དོན་དངོས་ཕན་ཐོགས་ཀྱི་རེད།

    Reply
  3. tseringtashigoogle says:
    ལོ་ 8 སྔོན།

    ཚེ༌རིང༌སྒྲོལ༌མ༌གཙོས༌པའི༌འབྲེལ༌ཡོད༌ལས༌བྱེད༌དེ༌ཚོ༌ཚང༌མ༌མི༌སེར༌ལ༌མཐོང༌ཆུང༌དང༌སྣང༌མེད༌བྱེད༌མཁན༌གི༌ལས༌བྱེད༌དེ༌མྱུར༌དུ༌ནད༌མནར༌གྱིས༌སྡུག༌ཤི༌རྒྱབ༌ཤིག

    Reply
  4. བསོད་ནམས་རྡོ་རྗེ། says:
    ལོ་ 8 སྔོན།

    འདས་པོར་མྱ་ངན་ཞུ། བོད་མིའི་སྒྲིག་འཛུག་དབུས་ས་གཉིས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ནས་གང་གནང་དགོས་ཀྱི་སྲི་ཞུ་དང་ལམ་སྟོན་སྒྲིག་གཞིའི་དོན་ཚན་བཞིན་གནང་འདུག་པར་བཀའ་དྲིན་ཆེ། བོད་མིའི་སྒྲིག་འཛུགས་སྲ་བརྟན་དུ་གནས་དགོས་སྟབས་སྒྲིག་གཞི་དང་མི་མཐུན་པའི་ལས་ཐ་དག་སྙན་ཞུ་འབུལ་མི་ཚང་མའི་འདོད་པ་བཞིན་སྒྲུབ་ཐུབ་ཐབས་མེད་པ་གསལ་པོ་རེད། མ་གཞི་ནས་རྡོ་རྗེ་ཟེར་བ་དེ་ཁྱད་མཚར་རེད། འཕྲོས་བསྟེན་ལས་ཁུངས་ཀྱིས་སྨན་བཅོས་ལྟ་སྐྱོངས་ལས་གཞི་ས་གྲགས་གནམ་གྲགས་བྱས་ནས་ལོ་ངོ་དེ་ཙམ་མང་པོ་སོང་ཟིན་ཡང་དེར་ཅི་ཕྱིར་འཛུལ་ཞུགས་མ་བྱས་པར་གོ་མེད་ཚོར་ཚོར་མེད་དུ་བསྡད་པ་རེད་དམ། ཕལ་ཆེར་དེ་དུས་ཁོང་གིས་མ་འོངས་པར་ཁོ་རང་དེ་ཙམ་ཛ་དྲག་པོ་ན་སྲིད་ཀྱི་མ་རེད་བསམས་ཏེ་སྨན་བཅོས་ལྟ་སྐྱོང་ལས་གཞིར་ཚོགས་དངུལ་ཕུལ་ན་འཕྲོ་བརླག་རེད་བསམས་པ་ཡིན་གྱི་རེད། ལར་ནས་ཁོ་རང་ནད་མནར་གྱི་སྐབས་སུ་ཡང་ཚོགས་དངུལ་ཆ་ཚང་བོད་མིའི་སྒྲིག་འཛུགས་ཀྱིས་གནང་བའི་ཐོག་ནས་ཁོ་རང་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཞུགས་དགོས་པའི་ལམ་སྟོན་གནང་བ་དེ་ཡང་གང་མིན་ཚད་ཡག་པོ་རེད་བསམ་གྱི་འདུག
    ང་ཚོའི་སྤྱི་ཚོགས་ཀྱི་སེམས་ཅན་མང་ཆེ་བ་དངོས་གནས་ཁྱད་མཚར་པོ་འདུག དུས་རྒྱུན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་དེའི་སྲིད་ཇུས་ཁག་ལ་སེམས་ཁུར་དང་དོ་སྣང་གང་ཡང་མ་བྱས་པར་ཛ་དྲག་ལ་ཐུག་དུས་ཅི་བྱེད་འདི་བྱེད་མེད་པར་སྡུག་སྐད་ཚང་མ་བོད་མིའི་སྒྲིག་འཛུགས་ལ་རྒྱག་གི་རེད། སྡུག་སྐད་རྒྱག་པ་དེ་ཐད་ཀྱང་རྒྱག་སྟངས་ཤེས་ཀྱི་མ་རེད། མཐར་མ་འགྲིག་པ་དང་མ་འཐུས་པའི་ཞྭ་མོ་ཚང་མ་རྒྱུ་མཚན་གང་ཡིན་ལ་མ་བལྟོས་པར་དོ་དག་དངོས་དང་། དེ་རྒྱབ་ཀྱི་གྲོགས་པོ་གྲོགས་མོ། ཕ་ཡུལ་གཅིག་པ་སོགས་ཀྱིས་དཔུང་བསྒྲིལ་ཏེ་བོད་མིའི་སྒྲིག་འཛུགས་སྒང་ལ་གཡོག་གི་རེད།
    མཚམས་རེ་རང་སྡོད་སར་གཞན་བཞག གཞན་སྡོད་སར་རང་བསྡད་དེ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། གལ་སྲིད་སོ་སོ་རང་ཉིད་ལས་དོན་དེ་དང་འབྲེལ་བ་ཡོད་པའི་ལས་བྱེད་ཅིག་ཡིན་སོང་ན་དེ་དུས་མགོ་སྤུ་གཟིང་གི་རེད།

    Reply
  5. ཁྲག says:
    ལོ་ 8 སྔོན།

    དུས་བབ་ཚང་གི་ངོ་སོ་ཡར་ལ་བསྟོད། བོད་མིའི་སྒྲིག་འཛུགས་ལ་ངོ་མ་ལྟ་ས་ཞིག་མི་འདུག
    དྲང་མོར་ཞུ་ན་་་སྐྱོ་བོ་དང་ཉམ་ཐག་གི་ཚེ་སྲོག་སྣང་མེད་འཇོག་གི་ཡོད་པའི་བཟོ་འདྲ་འདུག ཨ་ཁ་ཁ

    Reply
  6. delek says:
    ལོ་ 8 སྔོན།

    གསར་འགོད་པ་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་སུ་བསྐྱོད་དེ། ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། རྡོ་རྗེ་ཁོ་རང་སྔོན་ཆད་ཟ་འཐུང་མེད་མཁན་ཉམ་ཐག་དེ་འདྲ་མ་རེད། ཁོས་སྔོན་ཆད་ཟ་ཁང་དང་མགྲོན་ཁང་སོགས་སུ་ལས་ཀ་བྱས་པ་དང་། ཚོང་ལས་གཉེར་ནས་འཚོ་གནས་བཟུང་ཡོད་པ་ཞིག་རེད། ཁོ་རང་གྲོངས་རྗེས་ནོར་གླིང་ས་གནས་བརྒྱ་དཔོན་སོགས་མི་ཁག་ཅིག་ཁོ་རང་གི་ནང་དུ་ཕྱིན་ཏེ་ལྟ་སྐབས་དངུལ་ ༢༢༠༠༠ ཡོད་པ་དངོས་སུ་མཐོང་ཡོད་པ་རེད།

    Reply
  7. delek says:
    ལོ་ 8 སྔོན།

    ཟླ་འདིའི་ཚེས་ ༡ ཉིན་འདི་གའི་གསར་འགོད་པ་བོད་མིའི་སྒྲིག་འཛུགས་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ལ་བསྐྱོད་དེ་སྐད་ཆ་དྲིས་སྐབས། དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གི་ལས་བྱེད་བློ་བཟང་བསྟན་འཛིན་ལགས་དང་བསྟན་འཛིན་རབ་འབྱོར་ལགས་གཉིས་ཀྱིས། གལ་ཏེ་རྡོ་རྗེ་ཞུ་བ་དེ་དྷ་ས་ས་གནས་མགོ་འཛིན་དང་ས་གནས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གི་ཞིབ་འཇུག་གནང་བ་བརྒྱུད་དེ་ཉམ་ཐག་ནང་ཐོ་འགོད་བྱས་ཡོད་ན། དེའི་བདེན་དཔང་ཡིག་ཆ་འཁྱེར་ཡོང་དགོས་སྐོར་དང་། དེ་གར་ཁོང་གཉིས་ལ་རྡོ་རྗེ་ཞུ་བ་དེ་ཉམ་ཐག་ཁོངས་སུ་ཐོ་འགོད་བྱས་ཡོད་མེད་ཀྱི་ཡིག་ཆ་སྔོག་པའི་ཐོབ་ཐང་མེད་པ་དང་། འགན་གཙོ་བོ་དེ་ནང་སྲིད་ལས་ཁུངས་ཀྱི་ལྕམ་ཚེ་རིང་སྒྲོལ་མ་ལགས་ཀྱིས་འཁུར་གྱི་ཡོད་པ། ཁོ་མོ་ད་ལྟ་གུང་གསེང་ཡིན་སྟབས་གཟའ་ཟླ་བའི་བར་བདེན་དཔང་ཡིག་ཆ་ཁྱེར་ནས་ཡོང་དགོས་པ་དང་། དེ་མིན་ད་ལྟ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གཞུང་ལ་སྐྱོན་བརྗོད་སྣ་ཚོགས་བྱེད་ཀྱི་ཡོད་པས། གནས་ཚུལ་དེ་ཁུངས་ལྡན་ཡིན་མིན་བཤད་དཀའ་ལུགས་སོགས་བརྗོད་སོང་

    Reply
  8. དིང་རྡོ། says:
    ལོ་ 8 སྔོན།

    དུས་བབས་ཀྱིས་དབྱེ་ཞིབ་གནད་དུ་སྨིན་པ་གནང་བྱུང་། ཐལ་མོ་སྙིང་བཅར་གྱིས་ཐུགས་རྗེ་ཆེ་ཞུ། འདི་དང་དེ་འདྲའི་སྤྱི་ཚོགས་ཀྱི་ནད་ངན་དག་དམངས་ཀྱི་མདུན་དུ་དག་ཕུད་གནང་རོགས།

    རང་རེའི་བཙན་བྱོལ་སྒྲིག་འཛུགས་ཀྱི་གནང་ཕྱོགས་ལ་གཟིགས་དང་། ལུག་བརླགས་ནས་ལྷས་སྒོ་བརྩིག་གི་འདུག དངོས་གནས་ངུ་མ་ཤེས་དགོད་མ་ཤེས་པ་རང་རེད། ཕར་གཡུགས་ཚུར་གཡུགས་ཀྱི་བར་ནས་ཚེ་སྲོག་གཅིག་ཤོར་བ་རེད། མི་རེད་ད་་་་ལས་ཀྱི་སྣེ་མོ་བ་ཚོ་ལ་ཞུ་ཡི་ཡོད། ཐུགས་རྗེས་གཟིགས་མི་གཤིས་ཤིག་ཡོད་པ་གནང་རོགས་མཁྱེན། སྤྱན་རས་གཟིགས་ཀྱི་ཞབས་འོག་ན་ཕྱག་ལས་གནང་གི་ཡོད་པ་ཐུགས་ལ་འཇགས་རོགས། ཐུགས་རྗེ་གཟིགས་་་་་

    Reply
  9. Sonam says:
    ལོ་ 8 སྔོན།

    དུས་བབས་ཚང་ལ་བཀའ་དྲིན་ཧ་ཅང་ཆེ་ཞུ་སྙིང་བྲོ། མུ་མཐུད་དེ་བྱ་ངན་འདི་དང་འདིའི་རིགས་འཕྲལ་མར་ངོ་ཐོགས་མིན་ལ་མ་ལྟོས་པར་གང་ཐུབ་ཅི་ནུས་ཀྱིས་སྤེལ་རོགས་ཞུ་ཞུ།

    Reply
    • དབང་གསལ། says:
      ལོ་ 8 སྔོན།

      སྒོར་ ༢༢༠༠༠ མང་པོ་རེད་དམ། མ་གཞི་ནས་ལས་བྱེད་དེ་ཚོ་རང་སྐྱོན་ངོས་ལེན་མི་བྱེད་མཁན་རྐྱང་རྐྱང་རེད།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese