འཇུ་བསྟན་སྐྱོང་ལགས་ཀྱིས་བོད་ནི་འཛམ་གླིང་གི་ཚིག་མཛོད་བཟོ་མཁན་ཆེས་སྔ་ཤོས་ཀྱི་གྲས་སུ་སླེབས་ཡོད་ཀྱང་ང་ཚོར་ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་དགོས་པ་ཁ་ཚ་དགོས་གཏུགས་ཆགས་ཡོད་སྐོར་བརྗོད་བྱུང་།
འདི་གའི་གསར་འགོད་པས་སྨོན་ལམ་བོད་ཀྱི་བརྡ་སྤྲོད་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་སུ། བོད་ཀྱི་ཚིག་མཛོད་བྱུང་རིམ་དང་དེའི་འཕེལ་རྒྱས། ཐ་སྙད་གཅིག་གྱུར་སོགས་ཀྱི་སྐོར་ཁ་བརྡ་བྱས་ཡོད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནི་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༠ ཉིན་བཞུགས་སྒར་དྷ་རམ་ས་ལར་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས་གསར་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་བརྡ་འཕྲིན་ཞིབ་འཇུག་ཁང་འདིར་ལས་མི་ ༡༢ དང་། ཕྱོགས་མཐའ་ཁག་ཏུ་ཡན་ལག་ལས་ཁུངས་ ༣༠ ཙམ་དང་ཚོགས་མི་ཁྱོན་ ༢༥༠ ལྷག་ཡོད་འདུག་ལ། འདས་པའི་ལོ་ལྔ་ལྷག་གི་རིང་ལ་སྔ་རྗེས་སུ་སྨོན་ལམ་བོད་ཡིག་ཐོན་རིམ་དང་པོ་གཉིས་པ་གསུམ་པ་དང་། དབྱིན་བོད་དང་བོད་དབྱིན་ཚིག་མཛོད་ཐོན་དང་པོ་གཉིས་པ། རྒྱ་བོད་ཚིག་མཛོད་ཐོན་དང་པོ་གཉིས་པ། བོད་ཡིག་ཚིག་མཛོད་ཐོན་དང་པོ་བཅས་གློག་ཀླད་དང་ཁ་པར་མཉེན་ཆས་ (Andriod OS) ནང་བཟོ་སྐྲུན་དང་རིན་མེད་འགྲེམས་སྤེལ་བྱེད་བཞིན་ཡོད་པ་རེད།
འཇུ་བསྟན་འཛིན་སྐྱོང་ལགས་སུ་ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་སུ་ཚིག་མཛོད་ག་ཚོད་ཅིག་ཐོན་མིན་དྲིས་པར་ཁོང་གིས། སྤྱི་ཡོངས་ནས་བོད་ལ་ཚིག་མཛོད་མང་པོ་འདུག བོད་ནི་འཛམ་གླིང་གི་ཚིག་མཛོད་བཟོ་མཁན་ཆེས་སྔ་ཤོས་ཀྱི་གྲས་སུ་སླེབས་ཡོད་པ་རེད། དེང་སང་ཡོངས་གྲགས་ཀྱི་བཤད་སྲོལ་ལྟར་ན། འཛམ་གླིང་གི་ཚིག་མཛོད་ཆེས་སྔ་ཤོས་དེ་ཕྱི་ལོའི་སྔོན་གྱི་ལོ་ ༢༠༠༠ གོང་ལ་ས་འོག་ནས་ཐོན་པའི་སི་རི་ཡའི་རྡོ་བརྐོས་ཚིག་མཛོད་ཅིག་ཡིན་པ་དང་། ཚིག་མཛོད་དེ་སྒྲིག་མཁན་དང་དུས་ཚིགས་གསལ་བོར་ངོས་འཛིན་ཐུབ་ཡོད་པ་མ་རེད། གཉིས་པ་དེ་ཕྱི་ལོའི་དུས་རབས་ ༤ པའི་ནང་རྒྱ་གར་གྱི་མཁས་པ་འཆི་མེད་སེང་གེས་མཛད་པའི་འཆི་མེད་མཛོད་ཅེས་པའི་མངོན་བརྗོད་བསྟན་བཅོས་དེ་ཡིན་པ་དང་། ཕྱིས་ཀྱི་དུས་རབས་ ༡༤ པའི་ནང་ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་དེ་བོད་ཡིག་ནང་བསྒྱུར་འདུག གསུམ་པ་དེ་བོད་བཙན་པོའི་དུས་སྐབས་ཀྱི་ལོ་ཆེན་བཻ་རོ་ཙ་ནས་མཛད་པའི་བརྡ་སྤྲོད་མིང་དོན་ལྔ་པ་ཅེས་པ་དེ་དང་། ལོ་པཎ་མང་པོ་མཉམ་འབྲེལ་གྱིས་བསྒྲིགས་པའི་སྒྲ་སྦྱོར་བམ་གཉིས། བྱེ་བྲག་རྟོགས་བྱེད། དེ་བཞིན་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་སོགས་མང་པོ་བྱུང་ཡོད་པ་རེད། དུས་སྐབས་དེར་རྒྱ་གར་གཙོས་པའི་ཉེ་འབྲེལ་རྒྱལ་ཁབ་རྒྱ་ནག་དང་བལ་ཡུལ། ལི་ཡུལ་སོགས་ཀྱི་རིག་གཞུང་ནང་འདྲེན་སྐབས། ཐ་སྙད་མང་པོ་གཏན་འབེབས་དང་ཕྱོགས་སྒྲིག་བྱས་ཏེ་ཤན་སྦྱར་ཚིག་མཛོད་མང་པོ་བཟོས་འདུག དུས་རབས་ ༨ པའི་ནང་བོད་ཡིག་ཚིག་མཛོད་དང་སྐད་གཉིས་ཤན་སྦྱར་ཚིག་མཛོད་བསྒྲིགས་ཡོད་པ་མ་ཟད། སྒྲ་སྦྱོར་བམ་གཉིས་ལ་མཚོན་ན་ཕྱོགས་གཅིག་ནས་ལོ་ཙཱའི་གཞུང་ལུགས་ཤིག་ཆགས་ཡོད་པ་རེད། བཙན་པོའི་དུས་སྐབས་དེར་རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཆེན་མང་པོ་ལྷན་འཛོམས་ཀྱིས་གཞུང་ལུགས་དང་ཐ་སྙད་གཏན་ལ་ཕབ་ཡོད་པ་རེད། དེང་སང་གི་བཤད་སྟངས་བྱས་ན། དེ་གཞུང་འབྲེལ་གྱི་ཐོག་ནས་གཏན་འབེབས་བྱས་ཡོད་དུས། ཐ་སྙད་མང་པོ་གཅིག་གྱུར་ཡོང་འདུག དེའི་རྗེས་ལ་ཏུན་ཧོང་ཡིག་རྙིང་ལས་ཐོན་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོ་ཐོན་པ་རེད།
ང་ཚོས་ཞིབ་འཇུག་བྱས་པ་ལྟར་ན། བོད་སིལ་བུར་འཐོར་རྗེས་ཀྱི་བསྟན་པ་ཕྱི་དར་ནས་དུས་རབས་ ༢༠ ཡན་ཆད་ལ། ང་ཚོར་དབྱིན་ཇི་དང་ཧྥ་རན་སི། ལཱ་ཊིན སོག་པོ། རྒྱ་ནག ཨེ་ཊ་ལེ། མན་ཇུ། ཡུ་གུར་བཅས་སྐད་ཡིག་མི་འདྲ་བ་བཅུའི་ཤན་སྦྱར་ཚིག་མཛོད་བྱུང་འདུག དུས་རབས་ ༢༠ པའི་ནང་ལའང་ཤན་སྦྱར་ཚིག་མཛོད་མང་པོ་བསྒྲིགས་ཡོད་པ་དང་། སྒྲིག་སྟངས་ལའང་འགྱུར་བ་མི་འདྲ་བ་གང་འཚམས་ཕྱིན་ཡོད་པ་ནི། བརྗོད་བྱ་ལ་ལྟོས་ནས་འགྱུར་བ་དང་། རྗོད་བྱེད་ཀ་ཕྲེང་ལྟར་བསྒྲིགས་པ། གྲངས་རིམ་ལྟར་བསྒྲིགས་པ་སོགས་བྱུང་འདུག འོན་ཀྱང་དུས་རབས་རེ་རེ་བཞིན་དམིགས་བསལ་གྱིས་ཡར་རྒྱས་ཆེན་པོ་ཕྱིན་མི་འདུག དུས་རབས་ ༢༠ པ་དང་ ༢༡ པའི་ཚིག་མཛོད་བསྒྲིགས་སྟངས་ལ་བལྟས་པ་ཡིན་ན། ང་ཚོའི་ཚིག་མཛོད་དེ་ཚོ་སྔོན་མའི་སྒྲིག་སྟངས་བྱས་པ་ཙམ་ལས་ཡར་རྒྱས་ཆེན་པོ་གཏོང་ཐུབ་མི་འདུག དེ་གཙོ་བོ་ཐ་སྙད་སྒྲིག་སྟངས་དང་། འགྲེལ་བཤད་རྒྱག་སྟངས། ཚིག་མཛོད་ཀྱི་སྒྲོམ་གཞི་སོགས་ཡར་རྒྱས་གཏོང་མ་ཐུབ་པ་རེད། དེ་མ་ཐུབ་པའི་རྒྱུ་མཚན་ནི། གཅིག་ནས་ང་ཚོ་ཕྱི་ལོག་ནས་གནོན་ཤུགས་དང་དཀའ་ངལ་མང་པོ་ཞིག་ལ་འཕྲད་ཡོང་གི་ཡོད་པ་དང་། གཉིས་ནས་ང་ཚོས་ཚིག་མཛོད་མང་པོ་ཞིག་བསྒྲིགས་ཡོད་ན་ཡང། ཚིག་མཛོད་རིག་པའི་གཞུང་ལུགས་ནང་འདྲེན་མ་ཐུབ་པ་རེད། དུས་རབས་ ༡༩ པའི་ནང་ནུབ་ཕྱོགས་སུ་ཚིག་མཛོད་རིག་པའི་གཞུང་ལུགས་ཞེས་པ་དེ་དར་མགོ་ཚུགས་འདུག རིག་གཞུང་ག་འདྲ་ཞིག་ཡིན་ཡང་། དང་པོ་རྣམ་གཞག་དར་བ་ནས་དེའི་གཞུང་ལུགས་དར་ཡོང་གི་ཡོད་པ་རེད། དུས་རབས་ ༢༠ པའི་ནང་ང་ཚོས་ཚིག་མཛོད་རིག་པའི་གཞུང་ལུགས་བསྒྱུར་མ་ཐུབ་པ་དང་བརྩམས་མ་ཐུབ་པས། དེང་སང་འཛམ་གླིང་ནང་སྐད་གྲགས་ཡོད་པའི་ཚིག་མཛོད་ཚད་ལྡན་ཁག་དང་དོ་མཉམ་མ་བྱུང་བ་རེད། དེང་སྐབས་ང་ཚོས་ཚིག་མཛོད་མང་པོ་ཞིག་སྒྲིག་བཞིན་པའི་རྒྱུ་མཚན་གཅིག་ནི། ད་ཆར་འཛམ་གླིང་གཅིག་གྱུར་དང་རིག་གཞུང་མཉམ་འདྲེས་རང་བཞིན་གྱིས་ཆགས་ཡོང་དུས། ང་ཚོས་རིག་གཞུང་མང་པོ་ཞིག་ནང་འདྲེན་བྱེད་དགོས་ཀྱི་ཡོད་པ་རེད། རྒྱུ་མཚན་གཉིས་པ་དེ་ད་ལྟའི་བོད་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་དར་རྒྱས་གཏོང་དགོས་ཀྱི་ཡོད་དུས། བོད་སྐད་ཡིག་སྲུང་སྐྱོབ་དང་དར་རྒྱས་གཏོང་ཐབས་གཅིག་དེ་ཚིག་མཛོད་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།
དབྱིན་ཇིའི་ཚིག་མཛོད་ཁག་དང་བསྡུར་ན་བོད་ཀྱི་ཚིག་མཛོད་འཕེལ་རིམ་ག་འདྲ་ཞིག་སླེབས་ཡོད་མེད་དྲིས་སྐབས། ཚིག་མཛོད་འཕེལ་རིམ་གྱི་ཐད་ནས་སྔོན་ཆད་དང་བསྡུར་ན་འཕེལ་རྒྱུས་ཅུང་ཙམ་བྱུང་ཡོད་པ་རེད་བསམ་གྱི་འདུག ལྷག་པར་དུ་བརྡ་འཕྲིན་གྱི་དུས་སྐབས་འདིར་ཚིག་མཛོད་མང་པོ་ཞིག་མཉེན་ཆས་ཚིག་མཛོད་ཀྱི་ངོ་བོར་གྲུབ་སྟེ། ཁ་པར་དང་གློག་ཀླད་ནང་བཅུག་སྟེ་འཁྱེར་བདེ་བ་དང་བེད་སྤྱོད་གཏོང་བདེ་བའི་འཕེལ་རིམ་ཆེན་པོ་ཞིག་བྱུང་ཡོད་པ་རེད། དུས་རབས་ ༢༡ པའི་ནང་ང་ཚོར་དེ་སྔོན་མེད་པའི་ཤན་སྦྱར་ཚིག་མཛོད་ཁ་ཤས་བྱུང་ཡང་། ཚིག་མཛོད་རིག་པའི་གཞུང་ལུགས་ཀྱི་ངོས་ནས་བལྟས་ཡོང་ན། ང་ཚོའི་ཚིག་མཛོད་མང་ཤོས་དུས་རབས་ ༢༡ སྔོན་གྱི་བཟོ་སྟངས་ཡིན་པ་མ་གཏོགས་དེང་སང་གི་ཚིག་མཛོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་ལྟར་ཡོང་ཐུབ་མི་འདུག ང་ཚོར་ད་ལྟའི་ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་དགོས་པ་ཁ་ཚ་དགོས་གཏུགས་ཆགས་འདུག་སྙམ། ཡིན་ནའང་། ང་ཚོས་ནུབ་ཕྱོགས་ཀྱི་ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་བོད་ཡིག་ནང་བསྒྱུར་བཞག་པ་ཙམ་གྱིས་འགྲིག་གི་མ་རེད། གང་ཡིན་ཟེར་ན། འཛམ་གླིང་ཤར་ནུབ་ཀྱི་སྤྱི་ཚོགས་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས་སོགས་གཅིག་པ་མིན་དུས། དེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་འགྲོ་དགོས་ཀྱི་ཡོད་པ་རེད་བསམ་གྱི་འདུག ཅེས་ཟེར།
བོད་ཕྱི་ནང་གཉིས་སུ་བོད་ཀྱི་ཐ་སྙད་གཅིག་གྱུར་དགོས་སྐོར་མང་པོ་བཤད་ཀྱི་ཡོད་པས། ཐ་སྙད་གཅིག་གྱུར་ཟེར་ན་ག་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་དྲིས་པར་ཁོང་གིས། སྤྱིར་བཏང་ཐ་སྙད་བེད་སྤྱོད་གཏོང་སྟངས་གཅིག་པ་ཡོང་དགོས་ཀྱི་ཡོད་པ་མ་རེད། དཔེར་ན་མངོན་བརྗོད་ལྟ་བུར་མཚོན་ན། ཉི་མ་གཅིག་པུར་ཡང་མིང་གི་རྣམ་གྲངས་སྣ་ཚོགས་ཡོད་པ་དང་། སངས་རྒྱས་གཅིག་པུར་ཡང་མིང་གི་རྣམ་གྲངས་མང་པོ་ཡོད་པ་རེད། ཐ་སྙད་གཅིག་གྱུར་ཟེར་དུས། དེ་ཚོ་ཚང་མ་གཅིག་གྱུར་ཡོང་དགོས་ཀྱི་འདུག་ཅེས་ལབ་ཀྱི་ཡོད་པ་མ་རེད། ཡིན་ནའང་གཞུང་ལུགས་དང་ལྟ་གྲུབ་ཀྱི་ཐ་སྙད་གཅིག་གྱུར་མ་ཡོང་བར་འདྲ་མིན་སྣ་ཚོགས་བེད་སྤྱོད་བཏང་བ་ཡིན་ན། ཀློག་མཁན་མི་མང་གིས་མགོ་མ་ཚོས་པའི་དཀའ་ངལ་ཡོང་གི་འདུག བོད་བཙན་པོའི་དུས་སྐབས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ལེགས་སྤྱར་སྐད་ནང་ (Pragya) ཞེས་པ་དེ་བོད་ཡིག་ནང་ “ཤེས་རབ” ཅེས་བསྒྱུར་རྗེས། ཕྱིས་ཀྱི་འགྱུར་ཡིག་ཚང་མའི་ནང་ “ཤེས་རབ” ཅེས་གཅིག་གྱུར་བྱུང་ཡོད་པ་རེད། གལ་ཏེ་ལེགས་སྦྱར་སྐད་ནང་ (Pragya) ཞེས་པ་དེ་རྗེས་སུ་བོད་ཡིག་ནང་ “ཤེས་རབ” ཅེས་མ་བསྒྱུར་བར། “ཤེས་མཆོག” ལྟ་བུར་བསྒྱུར་བ་ཡིན་ན། མང་པོ་ཞིག་གིས་དེ་ “ཤེས་རབ” ཀྱི་གོ་དོན་ཡིན་མིན་ཧ་གོ་ཡི་མ་རེད། གཙོ་བོ་དེ་ལྟ་གྲུབ་དང་ཁྲིམས་ལུགས། འཛིན་སྐྱོང་སོགས་དང་འབྲེལ་བའི་ཐ་སྙད་གཅིག་གྱུར་མ་བྱུང་བ་ཡིན་ན། ཐ་སྙད་དེ་དག་གི་གོ་དོན་དང་ཚད་གཞི་མ་ཤེས་པའི་དཀའ་ངལ་ཡོད་པ་རེད། དཔེར་ན། དེང་སྐབས་མང་གཙོ་དང་དམངས་གཙོ། ཁྱད་ལས་དང་ཆེད་ལས། འབུམ་རམས་པ་དང་མཁས་དབང་ལྟ་བུ་འབྲི་སྟངས་སྣ་ཚོགས་བྱུང་སྟེ་གཅིག་གྱུར་མ་ཡོང་བའི་དཀའ་རྙོག་ཡོང་གི་ཡོད་པ་རེད། ཐ་སྙད་མང་པོ་ཞིག་གཅིག་གྱུར་བཟོས་པ་ཡིན་ན། ཀློག་མཁན་མི་མང་གིས་གོ་བདེ་བོ་ཡོང་གི་རེད། ཐ་སྙད་གཅིག་གྱུར་ཡོང་ཐབས་གཙོ་བོ་ནི། ཚིག་མཛོད་ཁག་དང་གསར་འགྱུར་བརྒྱུད་ལམ། བརྙན་འཕྲིན་བརྒྱུད་ལམ་ཁག་ནང་གཅིག་གྱུར་བྱུང་བ་ཡིན་ན། མི་མང་ནང་རང་བཞིན་གྱིས་ཐ་སྙད་གཅིག་གྱུར་གྱི་གོམས་གཤིས་འདྲ་བོ་ཆགས་ཡོང་གི་རེད། དབྱིན་ཡིག་དང་རྒྱ་ཡིག་ནང་གཞུང་ལུགས་ལྟ་གྲུབ་དང་ཁྲིམས་ལུགས་འཛིན་སྐྱོང་གི་ཐ་སྙད་གཅིག་གྱུར་ཆགས་ཀྱི་ཡོད་པ་རེད།
ང་ཚོས་གཞུང་འབྲེལ་ཡིག་བསྒྱུར་སྡེ་ཚན་བཙུགས་ཏེ་ཐ་སྙད་གཏན་འབེབས་དང་བརྒྱུད་སྤེལ་བྱས་ཀྱང་། གཏན་འབེབས་དེ་གཞིར་བཟུང་གིས་བེད་སྤྱོད་གཏོང་བར་ང་ཚོར་བོད་ཕྱི་ནང་གི་དཀའ་ངལ་མང་པོ་ཡོད་ཀྱང་། དེང་སྐབས་ང་ཚོས་ནུབ་ཕྱོགས་ཀྱི་ཚན་རིག་དང་ཁྲིམས་ལུགས་མང་པོ་བོད་བསྒྱུར་བྱེད་སྐབས། གཞུང་ལུགས་ཀྱི་ཐ་སྙད་དེ་ཚོ་གཅིག་གྱུར་ཡོང་དགོས་ཀྱི་འདུག དེ་མིན་ཐ་སྙད་གཅིག་གི་གོ་དོན་དེ་ཡིག་སྒྱུར་ཁང་རེ་རེས་གོ་དོན་མི་འདྲ་བ་རེ་རེར་བསྒྱུར་བཞག་ན། ཀློག་མཁན་མི་མང་གིས་ཐ་སྙད་དེའི་གོ་དོན་གང་ཡིན་གསལ་བོར་མ་ཤེས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། སྒྲ་སྒྱུར་ཡིན་ནའང་དཔེར་ན། ནོ་བྷེལ་ཞི་བདེ་གཟེངས་རྟགས་གཅིག་པུར་འབྲི་སྟངས་ནོ་བྷེལ་དང་ནའོ་ཝེལ། ནོ་བལ་སོགས་འདྲ་མིན་སྣ་ཚོགས་ཡོང་དུས། དོན་དངོས་སུ་སྒྲ་གང་དག་མིན་ངོས་འཛིན་རྒྱུ་ཁག་པོ་རེད། གསར་འགྱུར་བརྒྱུད་ལམ་ཁག་ཡིན་ནའང་། དུས་བབ་ལ་འབྲི་སྟངས་ཤིག་དང་བང་ཆེན་ལ་འབྲི་སྟངས་ཤིག བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་སྤྱི་འཐུས་ལ་འབྲི་སྟངས་ཤིག ཡང་སྐབས་རེར་གསར་ཁང་གཅིག་ལ་སྒྲ་བསྒྱུར་སྟངས་སྣ་ཚོགས་ཡོང་དུས། ཀློག་མཁན་མང་ཚོགས་ཀྱིས་སྒྲ་བསྒྱུར་ཐ་སྙད་དེ་དག་གི་གོ་དོན་གཅིག་པ་ཡིན་མིན་ཧ་གོ་ཐུབ་པ་མ་རེད། དཔེར་ན། སློབ་དཔོན་དབྱིག་གཉེན་ཞེས་ཡོངས་གྲགས་ཆགས་ཡོད་ནའང་། འགྱུར་ཁ་ཤས་ནང་ “དབྱིག་གཉེན” ཞེས་པ་དེ་ “ནོར་གྱི་རྩ་ལག” ཅེས་དོན་བསྒྱུར་འདྲ་བོ་བྱས་འདུག དེ་ལྟར་བསྒྱུར་བ་ཡིན་ན། ཀློག་མཁན་མི་མང་གིས་ “ནོར་གྱི་རྩ་ལག” དང་ “དབྱིག་གཉེན” གཉིས་གང་ཟག་གཅིག་ཡིན་མིན་ཧ་གོ་རྒྱུ་ཁག་པོ་རེད། སྤྱིར་བཏང་བསྒྱུར་སྟངས་སྣ་ཚོགས་ཡོང་ཆོག་གི་རེད་དེ་ཡོངས་གྲགས་ཐ་སྙད་གཅིག་གི་སྒང་ལ་འབབ་དགོས་ཀྱི་འདུག སྔོན་བྱོན་བོད་ཀྱི་ལོ་ཙཱ་བའི་འགྱུར་ཡིག་ནང་ཡོངས་གྲགས་ཐ་སྙད་ཕལ་ཆེར་གཅིག་གྱུར་ཡོང་ཡོད་པ་རེད། ཅེས་བརྗོད་བྱུང་།
ཐ་སྙད་ཀྱི་འཕོ་འགྱུར་དང་བསྟུན་ནས་བོད་ཀྱི་བརྡ་སྤྲོད་ལ་འགྱུར་བ་གཏོང་དགོས་སྐོར་ཁོང་གིས། དུས་རབས་དང་ཁོར་ཡུག གཞུང་ལུགས་བཅས་ཀྱི་དབང་གིས་ཐ་སྙད་གཅིག་ལ་གོ་དོན་འདྲ་མིན་སྣ་ཚོགས་ཆགས་ཀྱི་ཡོད་པ་དང་། དེ་ཡང་དུས་རབས་ ༨ པའི་ནང་གི་ཐ་སྙད་ཅིག་གི་གོ་དོན་དེ་དེང་སང་གོ་དོན་གཞན་པ་ཞིག་ཆགས་ཀྱི་ཡོད་པ་རེད། དཔེ་བཞག་ན། དུས་རབས་སྔོན་མར་ “རེད” ཅེས་པ་དེ་བྱ་ཚིག་ཡིན་པ་མ་ཟད། དེ་ལ་འགྱུར་བ་རིམ་པ་གཉིས་བྱུང་བའི་དང་པོ་དེ། “རེད” ཅེས་པ་དེ་ “གྲུབ” པའི་དོན་ཡིན་པ་དཔེར་ན། བདེན་པར་གྲུབ་པ་ཅེས་པར་བདེན་པར་རེད་པ་ཅེས་ཟེར་བ་དང་། གཉིས་པ་དེ། “རེད” ཅེས་པ་དེ་ “གྱུར” བའི་དོན་ལ་གོ་བ་དཔེར་ན། དགེ་སློང་མར་གྱུར་ན་ཞེས་པར་དགེ་སློང་མར་རེད་ན་ཞེས་ཟེར། ཡིན་ནའང་དེང་སང་ “རེད” ཅེས་པ་དེ་ང་ཚོས་སྒྲུབ་ཚིག་ཏུ་མིང་བཏགས་ཡོད་པ་དཔེར་ན། ཁོ་གྲྭ་བ་རེད་ཅེས་ཁོ་གྲྭ་བ་ཞིག་ཡིན་པ་སྟོན་བྱེད་ཀྱི་ཚིག་ཅིག་ཡིན་པ་མ་གཏོགས་བྱ་ཚིག་གི་གོ་དོན་སྟོན་གྱི་ཡོད་པ་མ་རེད། དེ་བཞིན་གཞུང་ལུགས་ཀྱི་དབང་གིས་མིང་ཚིག་གི་གོ་དོན་ལའང་འགྱུར་བ་ཕྱིན་ཡོད་པ་དཔེར་ན། མདོ་ཡི་ནང་གི་ཐ་སྙད་ཅིག་གི་གོ་དོན་དེ་སྔགས་ཀྱི་ནང་གོ་དོན་རྦད་དེ་ལོགས་ཀ་ཆགས་ཀྱི་འདུག དེ་གཙོ་བོ་གྲུབ་མཐའི་དབང་གིས་ཐ་སྙད་རེ་རེའི་གོ་དོན་མི་འདྲ་བ་ཆགས་ཀྱི་ཡོད་པ་ཞིག་རེད། དེང་སང་གི་ཚིག་མཛོད་ཀྱི་ལས་ཀ་གཙོ་བོ་གཅིག་དེ་ཐ་སྙད་རེ་རེའི་གོ་དོན་འཕོ་འགྱུར་དེ་ངོ་སྤྲོད་གསལ་བོ་ཞིག་བྱེད་རྒྱུ་དེ་རེད། ཚིག་མཛོད་ནང་ཐ་སྙད་ཅིག་ལ་འགྲེལ་བཤད་བརྒྱབས་བཞག་པ་ཙམ་གྱིས་མི་ཆོག་པར། ཐ་སྙད་དེའི་བྱུང་རིམ་དང་དེའི་གོ་དོན་ལ་འཕོ་འགྱུར་ག་རེ་ཕྱིན་ཡོད་མེད་གསལ་བོ་ངོ་སྤྲོད་བྱེད་དགོས་ཀྱི་འདུག ཚིག་མཛོད་རྙིང་པ་ཁག་ནང་དེ་ལྟར་ངོ་སྤྲོད་བྱས་མི་འདུག ཚིག་མཛོད་ཀྱི་ལས་ཀ་གཙོ་བོ་གཉིས་པ་དེ་གཞུང་ལུགས་བརྡ་ཆད་ཀྱི་དབྱེ་བ་བཀར་དགོས་ཀྱི་འདུག
དེ་བཞིན་ཁོར་ཡུག་གི་དབང་གིས་ཐ་སྙད་ཀྱི་གོ་དོན་ལ་ཁྱད་པར་ཆེན་པོ་ཡོད་པ་དང་། ཐ་སྙད་ཅིག་གི་གོ་དོན་དེ་ཨམ་སྐད་དང་དབུས་སྐད། ཁམས་སྐད་བཅས་ཀྱི་ནང་གོ་བ་ལེན་སྟངས་འདྲ་གི་མ་རེད། དཔེར་ན། “ཐོན” ཞེས་པའི་བྱ་ཚིག་དེ་ཨམ་སྐད་ནང་ “འབྱོར” ཟིན་པའི་དོན་ཡིན་པ་དང་། དབུས་སྐད་ནང་ “ཐོན” ཞེས་པ་དེ་ཡོང་གྲབས་ཡོད་པའི་དོན་ལ་གོ་ཡི་ཡོད་དུས། འབྱོར་ཟིན་པ་དང་ཡོང་གྲབས་ཡོད་པའི་བྱ་ཚིག་གི་གོ་དོན་གཉིས་རྦད་དེ་རྒྱབ་འགལ་ཆགས་ཡོད་པ་མ་ཟད། ཡུལ་སྐད་གཅིག་གི་ནང་རྩེད་མོའི་ཐ་སྙད་དེ་ཡུལ་སྐད་གཞན་ཞིག་གི་ནང་ངོ་ཚའི་ཐ་སྙད་ཆགས་ཀྱི་ཡོད་པ་ལྟ་བུ་མང་པོ་འདུག བོད་ཀྱི་ཚིག་མཛོད་ཁག་གི་ནང་ཡུལ་སྐད་སོ་སོའི་ནང་ཐ་སྙད་རེ་རེའི་གོ་དོན་མི་འདྲ་བ་ག་རེ་ཡོད་པ་དེ་འགྲེལ་བཤད་གསལ་བོར་རྒྱག་དགོས་པ་གལ་ཆེན་པོ་རེད་སྙམ། ཚིག་མཛོད་དང་འབྲེལ་ཏེ་བོད་ཀྱི་བརྡ་སྤྲོད་ལའང་འགྱུར་བ་གཏོང་དགོས་ཀྱི་འདུག གསལ་བོར་བཤད་ན། བརྡ་སྤྲོད་ཀྱི་སྒྲོམ་གཞི་གསར་སྒྲིག་བྱེད་དགོས་ཀྱི་ཡོད་པ་རེད། ཚིག་མཛོད་རིག་པའི་གཞུང་ལུགས་ཟེར་དུས་གཙོ་བོ་སྒྲོམ་གཞི་ཆེན་པོ་གསུམ་གྱི་ནང་འགྲོ་དགོས་ཀྱི་འདུག གཅིག་དེ་བརྡ་སྤྲོད་དམ་བརྗོད་པ་ངག་གི་ཆ་ཤས་ཀྱི་དབྱེ་བ་ཕྱེ་དགོས་ཀྱི་ཡོད་པ་རེད། སྤྱིར་བཏང་བདུན་བཅུ་དོན་གྲངས་ཤིག་ནས་བོད་ནང་དུ་མིང་ཚིག་དང་རྒྱན་ཚིག བྱ་ཚིག་སོགས་ཀྱི་དབྱེ་བ་ཕྱེ་མགོ་བརྩམས་ཀྱང་། དབྱེ་བ་ཕྱེ་སྟངས་ཐད་ནས་ད་ལྟའི་བར་གཅིག་གྱུར་བྱུང་ཐུབ་མི་འདུག ཚིག་མཛོད་ཁག་ནང་བརྡ་སྤྲོད་ཀྱི་དབྱེ་བ་མ་བཀར་ཚེ། ཐ་སྙད་དེ་མིང་ཚིག བྱ་ཚིག རྒྱན་ཚིག བསྣན་ཚིག སྒྲུབ་ཚིག་སོགས་གང་ཡིན་ངོས་འཛིན་ཐུབ་པ་མ་རེད། ཐ་སྙད་ཀྱི་ཁྱད་ཆོས་ངོས་མ་ཟིན་ཚེ། ཐ་སྙད་དེ་བེད་སྤྱོད་གཏོང་སྟངས་ཤེས་ཀྱི་ཡོད་པ་མ་རེད། དེར་བརྟེན་ཐ་སྙད་ཀྱི་འཕོ་འགྱུར་དང་བསྟུན་ནས་བརྡ་སྤྲོད་ཀྱི་དབྱེ་བ་ངེས་པར་དུ་བཀར་དགོས་ཀྱི་འདུག དབྱེ་བ་བཀར་བ་ཙམ་མ་ཟད། སྤྱི་ཡོངས་ནས་བརྡ་སྤྲོད་ཀྱི་དབྱེ་བ་བཀར་སྟངས་གང་ལ་གང་འཚམས་གཅིག་གྱུར་ཡོང་དགོས་ཀྱི་འདུག མཁས་པའི་བཞེད་ཚུལ་གཅིག་མཐུན་མ་བྱུང་ནའང་། སྤྱི་ཚོགས་ནང་བེད་སྤྱོད་གཏོང་སྟངས་གཅིག་གྱུར་ཆགས་དགོས་ཀྱི་འདུག བརྡ་སྤྲོད་གཅིག་གྱུར་ཡོང་ཐབས་དང་པོ་དེ་རིག་གཞུང་སྡེ་ཁག་ནས་གཏན་འབེབས་དང་ལག་བསྟར་བྱེད་དགོས་པ་དང་། གཉིས་པ་དེ་སྤྱི་ཚོགས་ནང་ལག་ལེན་བསྟར་མཁན་ཚོས་གང་བདེ་བ་དེ་བེད་སྤྱོད་བྱས་པ་ཡིན་ན་རིམ་གྱིས་གཅིག་གྱུར་ཡོང་གི་རེད། སྔོན་མ་བཙན་པོའི་དུས་སྐབས་དང་ད་ལྟའི་དུས་སྐབས་གཉིས་འདྲ་གི་མ་རེད། བཙན་པོའི་དུས་སྐབས་ཡིན་ན། བཙན་པོ་དབུ་བཞུགས་ཐོག་ལོ་པཎ་མང་པོ་གདན་དྲངས་ཏེ་ཐ་སྙད་མང་པོ་གཏན་ལ་ཕབ་རྗེས། མི་མང་ནང་ཐ་སྙད་དེ་གཅིག་གྱུར་རང་བཞིན་དུ་བེད་སྤྱོད་གཏོང་གི་ཡོད་པ་རེད། ད་ལྟ་དེ་འདྲ་ཡོང་གི་མེད་སྟབས། སྒྱུར་མཁན་སོ་སོའི་གོ་བ་ལེན་སྟངས་དང་རྒྱུ་མཚན་ལྟར་འདྲ་མིན་སྣ་ཚོགས་བསྒྱུར་ཡོང་དུས། ཐ་སྙད་དེ་ཚོ་གཅིག་གྱུར་ཆགས་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང་སྒྲིག་འཛུགས་གཅིག་དང་གསར་ཁང་གཅིག་ཡིན་ན། ངེས་པར་དུ་ཐ་སྙད་དེ་ཚོ་གཅིག་གྱུར་ཡོང་རྒྱུ་གལ་ཆེན་པོ་རེད། ཅེས་ཟེར།
སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ད་ལྟའི་བར་ཚིག་མཛོད་ག་ཚོད་རྩོམ་སྒྲིག་བྱས་ཡོད་མེད་དང་ཚིག་མཛོད་དེ་དག་གི་ཁྱད་ཆོས་གཙོ་བོ་ག་རེ་ཡིན་དྲིས་པར་ཁོང་གིས། ང་ཚོས་རྩོམ་སྒྲིག་བྱེད་བཞིན་པའི་ཚིག་མཛོད་ལ་རིགས་ཁ་ཤས་ཡོད། རིགས་གཅིག་དེ་དབྱིན་བོད་དང་བོད་དབྱིན་ཚིག་མཛོད་ཐོན་དང་པོ་གཉིས་པ་རེད། རིགས་གཉིས་པ་དེ་རྒྱ་བོད་ཚིག་མཛོད་ཐོན་དང་པོ་གཉིས་པ་རེད། རིགས་གསུམ་པ་དེ་བོད་ཡིག་གི་ཚིག་མཛོད་ཐོན་དང་པོ་དེ་རེད། ང་ཚོས་ཚིག་མཛོད་རྩོམ་སྒྲིག་གི་ལས་ཀ་ཆེ་ཤོས་བོད་ཡིག་རྐྱང་བའི་ཚིག་མཛོད་དེ་ཆགས་ཀྱི་འདུག བོད་ཡིག་ཚིག་མཛོད་དེ་དེང་སང་གི་ཚིག་མཛོད་རིག་པའི་གཞུང་དང་མཐུན་པའི་སྒོ་ནས་རྩོམ་སྒྲིག་བྱེད་ཀྱིན་ཡོད། བོད་ཡིག་ཚིག་མཛོད་ཐོན་དང་པོ་བཏོན་རྗེས། དེ་ལ་ནོར་བཅོས་དང་བསྐྱར་བཟོ། ཐ་སྙད་འཕྲི་སྣོན་བྱས་ཏེ་ལོ་རྗེས་མའི་ལོ་མཇུག་ཙམ་ལ་འདོན་རྩིས་ཡོད། དེ་ཡང་ང་ཚོས་ཚིག་མཛོད་གཅིག་རྩོམ་སྒྲིག་བྱས་ཚར་རྗེས། དེ་ལ་བསྐྱར་གཅོས་དང་ཐ་སྙད་འཕྲི་སྣོན་བྱས་ཏེ་ལོ་གསུམ་རེའི་ནང་ཐེངས་རེར་འདོན་གྱི་ཡོད། བོད་ཡིག་གི་ཚིག་མཛོད་ཐོན་དང་པོའི་ནང་ང་ཚོས་ཐ་སྙད་སྣ་ཚོགས་ཆིག་འབུམ་ལྷག་བསྒྲིགས་ཡོད། ནུབ་ཕྱོགས་པར་མཚོན་ན་དུས་རབས་ ༡༩ ནས་ཚིག་མཛོད་རིག་པའི་གཞུང་ལུགས་བརྩམས་ཡོད་པ་མ་ཟད། དུས་རབས་དང་བསྟུན་ནས་འགྱུར་བ་མང་པོ་གཏོང་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་རེད། ང་ཚོ་དེ་ལྟར་ཡོང་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན་ང་ཚོས་ཁམ་བྷི་རེ་རྗེ་དང་ཨོ་ཁི་སི་ཧྥོར་ཊི་སོགས་འཛམ་གླིང་གི་ཚིག་མཛོད་ཚད་ལྡན་ཁག་གི་སྒྲོམ་གཞི་དང་སྒྲིག་སྟངས། ཁྱད་ཆོས་ལ་དཔེ་བླངས་ཏེ་བོད་རང་གི་ཁྱད་ཆོས་ཡོད་པ་དང་། བོད་རང་གི་དགོས་མཁོ་གཞིར་བཟུང་ནས་རྩོམ་སྒྲིག་བྱེད་ཀྱིན་ཡོད།
བོད་ཡིག་ཚིག་མཛོད་ནང་ང་ཚོས་གནའ་རབས་བོད་ཀྱི་བཅུ་ཕྲག་རིག་གཞུང་གི་ཐ་སྙད་རྙིང་པ་གཙོ་བོར་བཟུང་ཡོད། ཐ་སྙད་རྙིང་པ་གཙོ་བོར་འཛིན་དགོས་པའི་རྒྱུ་མཚན་གཅིག་ནི། དེང་སྐབས་བོད་ཀྱི་ཐ་སྙད་རྙིང་པ་ཤེས་མཁན་ཇེ་ཉུང་དང་གསར་བྱུང་ཐ་སྙད་ཤེས་མཁན་ཇེ་མང་ལ་འགྲོ་བཞིན་ཡོད་དུས། ང་ཚོའི་མི་རབས་འདིར་ཐ་སྙད་རྙིང་པ་ཁག་རྩོམ་སྒྲིག་མ་ཐུབ་ཚེ། མི་རབས་རྗེས་མ་ཚོས་འགྲེལ་བརྗོད་ཐུབ་རྒྱུ་ཁག་པོ་རེད། རྒྱུ་མཚན་གཉིས་པ་ནི། ད་ཆར་བོད་ཕྱི་ནང་གཉིས་སུ་གསར་བྱུང་ཐ་སྙད་མང་པོ་རྩོམ་སྒྲིག་བྱེད་ཀྱིན་ཡོད་ཀྱང་། ས་ཐག་དང་ཁོར་ཡུག་སོགས་གནས་བབ་མང་པོ་ཞིག་གི་དབང་གིས་གསར་བྱུང་ཐ་སྙད་དེ་ཚོ་གཅིག་གྱུར་རང་བཞིན་བྱུང་ཐུབ་མེད་པ་རེད། དེ་ལས་ང་ཚོའི་བོད་ཡིག་ཚིག་མཛོད་དེ་ལོ་བཅུ་ཕྲག་ཅིག་གི་རྗེས་ལ་བསྒྲིག་ཚར་བ་ཡིན་ན། སྐབས་དེར་གསར་བྱུང་ཐ་སྙད་དེ་ཚོ་ཡང་གང་ལ་གང་འཚམས་གཏན་འབེབས་རང་བཞིན་ཆགས་ཡོང་གི་རེད་སྙམ། དེང་སྐབས་བོད་མི་རང་གི་ཁྲོད་དུའང་གནའ་བོའི་བོད་ཀྱི་ཆོས་དང་རིག་གཞུང་ཤེས་མཁན་དང་དེ་ལ་དོ་སྣང་བྱེད་མཁན་ཉུང་དུ་འགྲོ་བ་དང་། གསར་བྱུང་རིག་གཞུང་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་དུས། གནའ་བོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བོད་མི་རིགས་སྲུང་སྐྱོབ་ཐུབ་དང་མ་ཐུབ་ཟེར་བ་དེ། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐུབ་དང་མ་ཐུབ་ལ་རག་ལས་ཡོད་པ་ཞིག་རེད། གནའ་བོའི་བོད་ཀྱི་རིག་གཞུང་བརླགས་ཚར་བ་ཡིན་ན། མི་རབས་རྗེས་མ་ཚོ་བོད་པ་མིན་པ་ལྟ་བུ་ཆགས་པའི་ཉེན་ཁ་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་གནའ་བོའི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་ཐ་སྙད་རྙིང་པ་ཁག་གཙོ་བོར་བཟུང་ནས་སྒྲིག་གི་ཡོད། དེ་ཡང་ཕྱི་ལོ་ ༡༩༥༠ ཡན་གྱི་ཐ་སྙད་དང་། ལོ་རྒྱུས་མི་སྣ་སོགས་གཙོ་བོར་བཟུང་ཡོད། ཅེས་བརྗོད་བྱུང་།
མུ་མཐུད་སྨོན་ལམ་ཚིག་མཛོད་ཁག་གི་ཐོན་རིམ་སྐོར་ལ་ཁོང་གིས། ལོ་རེ་བཞིན་ཐ་སྙད་གསར་རྙིང་ཁ་གསབ་བྱས་ནས་ཡོང་དགོས་ཀྱི་ཡོད་སྟབས། ད་ལྟའི་བར་ཐོན་པའི་ཚིག་མཛོད་དེ་ཚོ་ཚང་མ་མཉེན་ཆས་བརྒྱུད་ལམ་ནང་མ་གཏོགས་དཔེ་དེབ་བྱས་ནས་བཏོན་མེད། ཚིག་མཛོད་ཅིག་ཤོག་ཐོག་ལ་བཏོན་ཚར་རྗེས། དེ་ལ་བསྐྱར་བཅོས་དང་ཁ་གསབ་གཏོང་ཐབས་མེད་དུས། ཚིག་མཛོད་ཐོན་རིམ་གཉིས་པ་ཐོན་རྗེས། ཐོན་རིམ་དང་པོ་དེ་བེད་སྤྱོད་མེད་པ་ཆགས་འགྲོ་ཡི་རེད། བེད་སྤྱོད་མེད་པ་ཆགས་པ་ཡིན་ན། ཆུ་ཚོད་དང་འགྲོ་གྲོན་གཉི་ག་འཕྲོ་བརླག་རེད། མཉེན་ཆས་ནང་བཟོས་པ་ཡིན་ན། ལོ་ནས་ལོ་བཞིན་ཐ་སྙད་གསར་རྙིང་ཁ་གསབ་དང་ལེགས་བཅོས་གཏང་ཆོག་གི་རེད་ལ་རིམ་པས་འཕེལ་རྒྱས་ཀྱང་ཡོང་གི་རེད་བསམ་གྱི་འདུག དབྱིན་ཇིའི་ཚིག་མཛོད་དེ་ཚོ་ཡིན་ནའང་། ཐོན་རིམ་དང་པོ་ནས་སྤུས་དག་ཆགས་པ་ཤིག་མ་ཡིན་པར་དེ་ལ་བསྐྱར་བཅོས་དང་ཁ་སྣོན་བྱས་ཏེ་རིམ་གྱིས་ཡར་རྒྱས་དང་སྤུས་དག་བྱུང་བ་རེད། ང་ཚོའི་ཚིག་མཛོད་ཡིན་ནའང་། བསྐྱར་སྣོན་ག་ཚོད་ཐུབ་ན་དེའི་ཚོད་ཀྱིས་སྤུས་དག་ཡོང་གི་རེད། ཚིག་མཛོད་ལ་བསྐྱར་སྣོན་མ་ཐུབ་ཚེ་འཕེལ་རྒྱས་ཡོད་པ་མ་རེད། དབྱིན་ཡིག་ཚིག་མཛོད་ཨོ་ཁི་སི་ཧྥོར་ཊི་ལྟ་བུར་མཚོན་ན། དེ་རྩོམ་སྒྲིག་བྱེད་མགོ་བཙུགས་ནས་ད་ལྟའི་བར་ལོ་ ༡༣༠ ལྷག་ཕྱིན་ཡང་། ད་དུང་མུ་མཐུད་བསྐྱར་སྣོན་དང་བསྐྱར་བཅོས་བྱས་ནས་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་ང་ཚོའི་ཚིག་མཛོད་ཁག་མཉེན་ཆས་བརྒྱུད་ལམ་ནང་མ་གཏོགས་ཤོག་ཐོག་ལ་བཏོན་ཡོད་པ་མ་རེད། ཡིན་ནའང་། མཉེན་ཆས་བརྒྱུད་ལམ་ནི་བརྟན་འཇགས་རང་བཞིན་ཞིག་མེད་དུས། ཚིག་མཛོད་དེ་ཚོ་མི་བརླག་པའི་ཆེད་དུ། ཐ་སྙད་མང་པོ་ཞིག་གཏན་འཁེལ་རང་བཞིན་ཆགས་རྗེས། ཚིག་མཛོད་ཁ་ཤས་དཔར་སྐྲུན་བྱ་འཆར་ཡོད་པ་རེད། ཅེས་ཟེར།
སྨོན་ལམ་དྲ་བའི་ཐོག་ཐ་སྙད་འཚོལ་སྡུད་བྱས་ཏེ་ལོ་ཤས་ཕྱིན་ཡོད་པ་ལྟར། ད་ལྟའི་བར་དུ་ཐ་སྙད་ག་ཚོད་ཅིག་བསྡུ་ཐུབ་ཡོད་མེད་དྲིས་པར་ཁོང་གིས། ཚིག་མཛོད་རྩོམ་སྒྲིག་བྱེད་སྐབས། བོད་ཀྱི་རིག་གཞུང་གི་མ་རྐང་འདྲ་བོ་དེ་དགོན་སྡེའི་རིག་གཞུང་ཆགས་ཡོད་དུས། དང་ཐོག་ང་ཚོས་ཆོས་བརྒྱུད་ཁག་དང་མཉམ་འབྲེལ་བྱས་པ་ཡིན། དེའི་རྗེས་ནས་དམངས་ཁྲོད་ཐ་སྙད་དང་རྒྱུན་སྤྱོད་ཐ་སྙད་བསྡུ་སྒྲིག་བྱེད་ཆེད། ང་ཚོས་བོད་ཕྱི་ནང་གི་མང་ཚོགས་ལ་མཉམ་འབྲེལ་བྱས་པ་ཡིན། མི་རིགས་ཤིག་གི་རིག་གཞུང་སྲུང་སྐྱོབ་བྱེད་སྐབས། དམངས་ཁྲོད་རིག་གཞུང་ལ་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་ཐོག་མར་ང་ཚོས་དྲ་ཐོག་ནས་མི་མང་ལ་འབྲེལ་བ་བཙུགས་ཏེ་ཡུལ་ལུང་སོ་སོའི་ཐུན་མོང་མ་ཡིན་པའི་ཐ་སྙད་འཚོལ་བསྡུ་བྱས་མོད། དྲ་ཐོག་ནས་ཐ་སྙད་མཁོ་སྤྲོད་བྱེད་མཁན་མང་པོ་བྱུང་མ་སོང་། ཡིན་ནའང་ནག་ཆུ་འབྲི་རུ་ས་ཁུལ་གྱི་ཐ་སྙད་རྩོམ་སྒྲིག་སྡེ་ཚན་ཞིག་བརྒྱུད་ནས་ས་ཁུལ་དེའི་ཡུལ་སྐད་ཐ་སྙད་ཆིག་སྟོང་ལྷག་ང་ཚོར་མཁོ་སྤྲོད་གནང་སོང་། ཡུལ་སྐད་ཐ་སྙད་ཀྱི་དག་ཆ་དང་གོ་དོན་གཏན་འབེབས་བྱེད་དགོས་དུས། དེ་ལ་ཞུ་དག་གཏོང་རྒྱུ་ཧ་ཅང་ཁག་པོ་འདུག དེར་བརྟེན་བོད་ཡིག་ཚིག་མཛོད་ཐོན་དང་པོའི་ནང་ཐ་སྙད་ ༥༠༠ ལྷག་མ་གཏོགས་རྩོམ་སྒྲིག་ཐུབ་མ་སོང་། དགོན་སྡེ་ཁག་གི་ཐ་སྙད་འཚོལ་བསྡུ་དང་རྩོམ་སྒྲིག་བྱེད་བཞིན་པ་དེ་གང་ལ་གང་འཚམས་ཚར་རྗེས། ང་ཚོས་མུ་མཐུད་དམངས་ཁྲོད་ཐ་སྙད་འཚོལ་བསྡུ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།
མཇུག་ཏུ་སྨོན་ལམ་ཚིག་མཛོད་སྤྱི་ཚོགས་ཐོག་བཀྲམ་ནས་གང་འཚམས་ཕྱིན་ཡོད་དུས་མི་མང་གིས་ཚིག་མཛོད་ལ་དགེ་སྐྱོན་ག་རེ་འདོན་གྱི་འདུག་དྲིས་པར་ཁོང་གིས། འདས་པའི་ལོ་ངོ་གསུམ་ནང་། དྲ་ཐོག་ནས་སྨོན་ལམ་ཚིག་མཛོད་ཐོན་རིམ་ཁག་གི་དགེ་སྐྱོན་གླེང་མཁན་རེ་འགའ་བྱུང་ཡང་། མང་ཤོས་ཀྱིས་ཚིག་མཛོད་ནང་གི་ཆད་ནོར་ཙམ་མ་གཏོགས་ཚིག་མཛོད་རྩོམ་སྒྲིག་བྱེད་སྟངས་དང་། བརྡ་སྤྲོད་ཀྱི་དབྱེ་བ་དང་བརྡ་ཆད་ཀྱི་དབྱེ་བ་བཀར་སྟངས་སོགས། ཚིག་མཛོད་རིག་པའི་གཞུང་ལུགས་ཀྱི་ངོས་ནས་དགེ་སྐྱོན་གླེང་མཁན་ད་ལྟའི་བར་ཕར་ཆེར་གཅིག་ཀྱང་བྱུང་མ་སོང་། དྲང་མོར་བཤད་ན། མང་པོ་ཞིག་གིས་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་བྱེད་སྟངས་ག་འདྲ་ཞིག་ཡིན་མིན་ཕལ་ཆེར་ཧ་གོ་མེད་པ་རེད་སྙམ། དེ་མིན་ང་ཚོས་སྒྲིག་སྟངས་ལ་ཚང་མ་མགུ་སོང་བ་རེད་བསམ་གྱི་མི་འདུག དེར་མ་ཟད་མང་པོ་ཞིག་གིས་ང་ཚོའི་དབྱིན་བོད་ཚིག་མཛོད་དང་། རྒྱ་བོད་ཚིག་མཛོད། བོད་ཡིག་ཚིག་མཛོད་སོགས་ཚང་མ་ཚིག་མཛོད་གཅིག་རེད་བསམ་གྱི་ཡོད་ས་རེད། གང་ལྟར་བསམ་ཚུལ་འདོན་མཁན་མང་པོ་མི་འདུག ང་ཚོའི་བོད་ཡིག་ཚིག་མཛོད་སྒྲིག་སྟངས་ལ་མཚོན་ན། དེའི་ནང་བརྡ་སྤྲོད་ཀྱི་དབྱེ་བ་ ༡༢ ལྷག་དང་། བརྡ་ཆད་ཀྱི་དབྱེ་བ་ ༡༦ ལྷག དེ་དག་ལ་ནང་གསེང་དབྱེ་བ་བརྒྱ་ཕྲག་མང་པོ་བཀར་ཡོད། ཐ་སྙད་རེ་རེའི་བྱུང་རིམ་དང་གོ་དོན་ལ་འགྲེལ་བཤད། རྒྱུན་སྤྱོད་ཐ་སྙད་དང་མིང་གི་རྣམ་གྲངས་སོགས་ཚིག་མཛོད་སྒྲིག་སྟངས་སྒྲོམ་གཞི་ཆེན་པོ་ ༡༦ ནང་བསྒྲིགས་ཡོད་ལ། དེ་ཚོ་བོད་ཡིག་ཚིག་མཛོད་སྔོན་མ་ཚོའི་ནང་ཡོད་པ་མ་རེད། སྨོན་ལམ་ཚིག་མཛོད་ནང་ཐ་སྙད་ལ་འགྲེལ་བཤད་རྒྱག་སྟངས་ཚད་གཞི་མི་འདྲ་བ་ ༣༢ ལྷག་ཡོད་པ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། པདྨ་རྒྱལ།
བརྡ་ཆད་ཀྱི་དབྱེ་བ་༡༦ ལྷག དེ་དག་ལ་ནང་གསེང་གི་དབྱེ་བ་ཞེས་པའི་ནང་གསེང་གི་གོ་དོན་གང་ཡིན་ནམ། དུས་རྒྱུན་སྤྱིར་དབྱེ་བ་ལས་ནང་གསེས་དབྱེ་ན་ཞིབ་ཏུ་དབྱེ་བ་ལ་གོ་སྟངས་ཅིག་རེད། །ནང་གསེང་ཞེས་པ་གོ་མྱོང་མེད། །
བོད་རྒྱ་ཚིག་མཛོད་ཆེན་མོ་དང་དུང་དཀར་ཚིག་མཛོད་ཆེན་མོ་།ད་དུང་དག་ཡིག་གསར་སྒྲིགས་སོགས་ཡོད་པ་ཡིན་ན་འདི་ནས་གསལ་པོ་ཞིག་གསུངས་མི་འདུག་གོ
བཙན་པོའི་དུས་རབས་སྐབས་ཐ་སྙད་གཏན་འབེབས་དང་དེང་སང་མང་གཙོའི་དུས་སྐབས་ཀྱི་ཐ་སྙད་གཏན་འབེབས་གཉིས་ཁུང་གང་བཙན་གྱི་ཡོད་དམ་?
བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་པར་དེང་རབས་དང་མཐུན་པའི་ཚིག་མཛོད་ཧ་ཅང་གནད་འགག་ཆེན་པོ་ཡིན་སྟབས། སྨོན་ལམ་ཚིག་མཛོད་ནི་དེང་སང་ཚང་མས་བཀོལ་སྤྱོད་དང་པོར་བྱེད་བཞིན་པའི་བཀོལ་ཆས་ཧ་ཅང་སྤུ་དག་ཅིག་ཡིན་སྟབས། གོ་སྐབས་འདི་བརྒྱུད་ཚིག་མཛོད་ཕྱག་ལས་གནང་མཁན་ཚང་བར་ཡི་རངས་བསྔགས་བརྗོད་ཞུ།
ང་ཚོ་བོད་ཀྱི་སྐད་ཡིག་ཉར་ཚགས་དགོས་ན་དེང་རབས་འཕྲུལ་ཆས་ཁ་པར་གཙོ་བའི་གློག་ཀླད་ནང་བོད་ཡིག་འབྲི་ཐུབ་པ་དང་། ཀློག་ཐུབ་པའི་མཐུན་རྐྱེན་སྦྱར་དགོས་པ་ནི་བོད་མི་མི་རེས་གནང་ཐུབ་པའི་ལས་འགན་གལ་གནད་ཆེ་ཞིང་། ཁ་ཚ་དགོས་གཏུག་ཏུ་ཕན་འབྲས་ཅན་ཞིག་ཡིན་སྟབས། ཚང་མའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་དུ་མཉམ་འཁྱེར་ཡོད་པའི་ཁ་པར་སོགས་ནང་བོད་ཡིག་གི་མཐུན་རྐྱེན་སྦྱར་དགོས་པའི་འབོད་སྐུལ་ཡང་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།
མཁན་པོ་འཇུ་བསྟན་སྐྱོང་ལ་ན་མོ། དངོས་གནས་མི་འདིས་གཅིག་བྱེད་ས་རེད།
ཐུགས་རྗེ་ཆེ་རིང་དྲག་ནས་ཆ་ཚང་ཀློག་ཐུབ་མ་སོང་གལ་ཆེ་བཤོས་དེ་ད་ལྟའི་ཆ་ལ་བོད་མི་རིགས་འདི་འཛམ་གླིང་གི་ཡུལ་ལུང་མང་པོའི་ནང་ཁ་འཐོར་ནས་བསྡད་ཡོད་ན་ཐ་སྙད་དང་ཚིག་མཛོད་དག་ཡིག་སྙན་ངག་བརྡ་སྤྲོད་སོགས་ཕར་བཞོག་བོད་སྐད་དེ་ཡང་ཕྱི་སྐད་དང་མཉམ་དུ་བེད་སྤྱོད་བྱེད་བཞིན་པ་འདིའི་ནམ་ཞིག་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟེར་བ་མཁས་པ་ཚོའི་ངོ་སྤྲོད་དང་ཟབ་སྦྱོང་སྤྲོད་རྒྱུའི་ལག་ཆ་ཙམ་ལས་བོད་མིའི་སྐད་ཡིག་དང་རིག་གཞུང་ཕར་བཞག་ནས་བོད་མི་རིགས་འདི་ཡང་ག་ཚོད་གནས་ཐུབ་མིན་ཚོད་དཔག་དཀའ་བ་མ་རེད་དམ་?