གནས་མཆོག་རྡོ་རྗེ་གདན་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་སོག་པོའི་དད་ལྡན་ཚོས་ཚེ་སྦྱིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་སྒྲུབ་ཞག་ཉིན་བདུན་སྔོན་སོང་དང་འབྲེལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག
སོག་པོའི་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༤ ནས་ ༡༦ བར་གྱི་ཉིན་གྲངས་གསུམ་རིང་། གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པར་བྱང་སེམས་ཀྱི་སྡོམ་པ་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བསྩལ་རྗེས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་མ་དགོན་དང་བཅས་པ་དང་། སོག་པོའི་དད་ལྡན་ཚོས་ཚེ་སྦྱིན་སྒྲོལ་དཀར་ཡིན་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་སྒྲུབ་ཞག་ཉིན་བདུན་སྔོན་སོང་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག
ཐེངས་འདིའི་གསུང་ཆོས་སྐབས་ཡུལ་གྲུ་མི་འདྲ་བའི་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་ཡོད་པའི་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཉེ་སྔོན་རྒྱ་གར་སོགས་ཡུལ་གྲུ་མི་འདྲ་བའི་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་པ་རེད། ཡུལ་གྲུ་དེ་དག་ནས་ཤེས་རབ་སྙིང་པོ་འདོན་བཞིན་པ་དེ་ནི་ལོ་སྟོང་ཕྲག་རིང་བཏོན་པའི་སོ་སོའི་ཕ་མེས་ཀྱི་ཆོས་ཆགས་ཡོད། དེས་ཅི་ཞིག་མཚོན་གྱི་ཡོད་པ་རེད་ཅེ་ན། གནས་འདི་ནས་མངོན་པར་རྫོགས་པ་སངས་རྒྱས་ནས་རིམ་བཞིན་བདེན་བཞིའི་ཆོས་འཁོར་དང་། ལྷག་པར་དུ་ཤེར་ཕྱིན་གྱི་ཆོས་འཁོར་ལ་སོགས་པ་མཛད་ནས་ཨེ་ཤི་ཡ་ཡོངས་རྫོགས་ལ་ཁྱབ་པ་ལྟ་བུ་བྱུང་འདུག འདོན་པ་འདོན་མཁན་གྱི་ཨེ་ཤི་ཡའི་ཡུལ་གྲུ་ཁག་ལ་དུས་ཀྱི་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་རེད། ཡིན་ནའང་། སོ་སོའི་ཕ་མེས་ཀྱི་སངས་རྒྱས་པའི་ཆོས་ད་དུང་བདག་ཉར་བྱས་ཡོད་པ་ལ་རྗེས་སུ་ཡི་རངས་ཡོད། ཧ་ཅང་ཡག་པོ་རེད། ང་ཚོས་སོ་སོའི་ཕ་མེས་ཀྱི་ཆོས་བརྒྱུད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱས་ཏེ་བཟུང་བསྡད་པ་ནི་འགྲན་བསྡུར་གྱི་སྐད་ཆ་མ་རེད། ཆོས་ལུགས་བསྒྱུར་བའི་སྐད་ཆའང་མ་རེད། དེར་བརྟེན། ཁྱོད་རང་ཚོས་མི་རབས་ནས་མི་རབས་ལ་བདག་པོ་སྐྱོན་ནས་ད་ལྟའི་དུས་རབས་ ༢༡ པའི་ནང་དུ་དངོས་པོ་ཡར་རྒྱས་ཆེན་པོ་དང་། རྣམ་གཡེང་འདུ་འཛི་འཁྲུགས་ཆ་ཧ་ཅང་དོད་པོ་ཡོད་པའི་སྐབས་འདིར་ད་དུང་ཉར་ཚགས་བྱས་ཡོད་པ་ ཧ་ཅང་ཡག་པོ་རེད། གང་ལྟར་དངོས་ཡོད་གནས་ཚུལ་ལ་ཕན་ཐོགས་ཡོད་པ་རེད། ངོས་ཀྱིས་རྒྱུན་དུ་བརྗོད་བཞིན་པ་ལྟར་ལམ་དང་ལུགས་སྲོལ་གྱི་སྐད་ཆ་གཅིག་པུ་མ་ཡིན་པར་དངོས་ཡོད་གནས་ཚུལ་ལ་སངས་རྒྱས་པའི་ལྟ་གྲུབ་འདི་ཏག་ཏག་རན་པོ་ཡོད་པ་ཞིག་དང་། སངས་རྒྱས་པའི་ལྟ་གྲུབ་འདིའི་ཐོག་ནས་བློ་མ་བཏུལ་བ་ཆགས་སྡང་གི་བྲན་གཡོག་ལ་ ཡོད་པ་དེ་ཉིད་ག་ལེར་འགྱུར་བ་འགྲོ་བར་སེམས་ཁམས་རིག་པའི་ནང་དུ་ཆ་རྐྱེན་གནད་འགག་ཆེན་པོ་རེད་འདུག ཅེས་གསུངས་འདུག
༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པར་བཞུགས་པའི་སླད་དུ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐོར་ལ་༧མགོན་པོ་གང་ཉིད་ཀྱིས། དེ་རིང་འདིར་ཐུགས་རྗེ་ཆེན་པོའི་དབང་ཆེན་གྲུབ་ནས་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་དང་། སོག་པོའི་ཡུལ་ཁག་བཅས་ནས་བརྟན་བཞུགས་གནང་བ་རེད། སོག་པོ་ཁ་ཤས་ཆེད་མངག་སོག་ཡུལ་ནས་བསླེབས་འདུག རིན་པོ་ཆེའི་ཡུལ་གྱི་འགོ་ཁྲིད་མང་པོ་ཞིག་ཀྱང་བསླེབས་འདུག ད་སྔོན་ཐུག་རྒྱུ་བྱུང་། དེ་རིང་ཁྱོད་རང་ཚོ་ཚང་མས་དད་པ་དང་དམ་ཚིག་གཡོ་བ་མེད་པའི་སྒོ་ནས་བརྟན་བཞུགས་གནང་བ་རེད། ད་ལྟ་ཡོད་པའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་དེ་མི་རབས་གཅིག་གི་ནང་ལ་བསགས་ནས་ཆགས་པ་མ་རེད། མི་རབས་མང་པོའི་རིང་མར་འཁྱེར་ཡོང་བ་ཞིག་རེད། ཁྱོད་རང་ཚོས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འདི་ལྟར་བརྟན་བཞུགས་གནང་བ་རེད། ཚང་མས་ཁ་ཞེ་གཉིས་མེད་དང་རྒྱབ་མདུན་ངོ་ལྐོག་མེད་པའི་ཐོག་ནས་བརྟན་བཞུགས་སྨོན་ལམ་གནང་བས་གནས་ཀྱི་ཁྱད་པར་དང་། དགེ་འདུན་འདུས་པ་རྒྱ་མཚོ་ཡོད་པ་ཡིན་པས་དེའི་ཚོད་ཀྱི་ནུས་པ་ཞིག་ཏན་ཏན་ཡོང་གི་རེད། ཁྱོད་རང་ཚོ་ཚང་མས་དཀའ་ལས་བརྒྱབ་ནས་འདིར་ཡོང་བ་དང་། སྔོན་ལ་སྤྱི་བཤད་དེ་དག་མཇུག་ཏུ་དགེ་བ་ཆགས་བསྡད་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁ་སང་ཐུགས་རྗེ་ཆེན་པོའི་དབང་གི་སྟ་གོན་དང་དེ་རིང་དངོས་གཞི་རེད། བར་དུ་སེམས་བསྐྱེད་བྱས་པ་རེད། ཆོ་གའང་ཕལ་ཆེར་ཆ་ཚང་བ་ཞིག་བྱུང་ཡོད་པ་རེད། ཁྱོད་རང་ཚོ་འབྲེལ་བ་ཡོད་མཁན་ཚོ་སོ་སོའི་རང་གནས་སུ་ཕྱིན་པ་ཡིན་ན་བློ་བདེ་བོ་བྱས་ནས་རྒྱུགས། འདིར་སྐད་ཆ་བྱུང་བ་བཞིན་སེམས་པ་བཟང་པོ་བྱེད་པ་དང་། བསམ་ཐུབ་ན་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལ་བསམ་བློ་གཏོང་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་ཡོང་གི་རེད། དེའི་ཐོག་མ་ཎི་ཡག་པོ་བགྲོངས། ཞེས་བཀའ་སློབ་བསྩལ་གནང་འདུག
ཐེངས་འདིའི་གསུང་ཆོས་ཀྱི་ཉིན་དང་པོ་སྟེ་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བླང་དོར་གྱི་བཀའ་སློབ་སྩལ་སྐབས། དེ་རིང་འདིར་རྐང་སོག་རིགས་མང་པོ་སླེབས་ཡོད་པ་རེད། དེ་བཞིན་དད་པའི་འདུས་པའི་སེར་སྐྱ་མང་ཚོགས་ཐུན་མོང་ལ་ཞུ་རྒྱུ་བྱས་པ་དེ་ལྟར་རེད། འདིར་དད་པའི་འདུས་པའི་དད་ཡུལ་དེ་སངས་རྒྱས་པའི་ཆོས་ཆགས་ཡོད། སངས་རྒྱས་པའི་ཆོས་ཉན་བཤད་ཇི་འདྲ་ཞིག་བྱས་པ་ཡིན་ནའང་། གཙོ་བོ་ཉན་བཤད་གནད་དུ་འཁེལ་བ་ཡོང་བ་ལ་ཀུན་སློང་རྣམ་པར་དག་པ་དགོས་ཀྱི་ཡོད་པ་རེད། འཆད་པ་པོ་བླ་མའི་ངོས་ནས་ཡིན་ནའང་འཇིག་རྟེན་ཆོས་བརྒྱད་ངང་རང་གི་སྙན་གྲགས་འདོད་པ་ལྟ་བུ་དང་། འབུལ་བ་འདོད་པ་ལྟ་བུ་བྱས་པ་ཡིན་ན་བཤད་རྒྱུ་ཆོས་བཤད་ཀྱི་ཡོད་ཀྱང་དོན་ལ་སྡིག་པ་བསགས་ཀྱི་ཡོད་པ་རེད། ལྷག་པར་དུ་ཆོས་བཙོང་མཁན་ཆགས་ན་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད། སྙིང་མའི་བླ་མ་ཞིག་ཡོད་པ་རེད། ཁོང་གིས་སྐུ་ཚེའི་རིང་ཤ་མི་ཟ་བ་དང་གཅིག བཞོན་པ་མི་ཞོན་པ་དང་གཉིས། ཆོས་མི་བཙོང་བ་དང་གསུམ་བྱས་ཏེ་དམ་བཅའ་བཞག་ཡོད་པ་རེད། ཁོང་གི་རྣམ་ཐར་དེ་བཀླགས་ནས་ངོས་རང་གི་སེམས་ལ་ཧ་ཅང་ཕན་སོང་། དེར་བརྟེན་བླ་མའི་ངོས་ནས་བསམ་པ་རྣམ་དག་གིས་བཤད་པ་དང་། ཁྱོད་རང་ཚོ་སློབ་མ་ཆོས་ཉན་མཁན་གྱི་ངོས་ནས་ཀྱང་དེ་བཞིན་རེད།
དད་པ་མེད་པར་ཉམས་ཚོད་གཏོང་མཁན་ཡིན་ནའང་ཁོ་འགྲིག་པ་རེད། སྤྱིར་ཆོས་གང་ཡིན་ནའང་མངོན་ལྐོག་བྱེད་དགོས་པ་ཡོད་པ་མ་རེད། ལྷག་པར་དུ་སངས་རྒྱས་པའི་ལྟ་གྲུབ་དང་འབྲེལ་བའི་ཆོས་བཤད་སྐབས་མངོན་ལྐོག་བྱེད་དགོས་པ་ཁྱོན་ནས་ཡོད་པ་མ་རེད། ཆོས་ལ་སྐྱོན་དུ་བལྟ་མཁན་ཚོ་ངེས་པར་དུ་ཡོང་བ་ཡིན་ན་དགའ་བསུ་ཡོད། ཧ་ཅང་གལ་ཆེན་པོ་རེད། ལོ་སྟོང་ཕྲག་གཉིས་ལྷག་གི་རིང་ལ་སངས་རྒྱས་པའི་ཆོས་ལ་སྐྱོན་བརྗོད་བྱེད་མཁན་ནམ་དགག་པ་རྒྱག་མཁན་མང་པོ་བྱུང་ཡོད་པ་རེད། སྤྱིར་སངས་རྒྱས་པའི་ཆོས་དང་ཡང་སྒོས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་དག་གི་མཉམ་དུ་དཔྱད་བསྡུར་བྱེད་བཞིན་ཕྱིན་པ་རེད། དེང་སང་ཆོས་ལ་དགག་པ་རྒྱག་མཁན་བྱུང་བ་ཡིན་ན་དགའ་བསུ་ཞུ་ཡ་རེད། ཁྱོད་ཀྱིས་ཆོས་ལ་དགག་པ་རྒྱག་གི་ཡོད་པ་རེད། ཁྱོད་ལོག་ལྟ་ཅན་རེད། ཁྱོད་བསོད་ནམས་དམན་པ་རེད་ཅེས་པ་ལྟ་བུ་གང་ཡང་ཡོད་པ་མ་རེད། མི་གཅིག་མཚུངས་རེད། ཁམས་དང་མོས་པ་སྣ་ཚོགས་ཡོང་གི་རེད། བཅོམ་ལྡན་འདས་རང་ཉིད་བཞུགས་པའི་སྐབས་སུ་མཚན་དང་དཔེ་བྱེད་ཀྱིས་བརྒྱན་ཡོད་པའི་མཆོག་གི་སྤྲུལ་སྐུའི་རྣམ་པ་བསྟན་པ་ལ་དགག་པ་རྒྱག་མཁན་ཡོད་པ་རེད། ཅེས་གསུངས་འདུག
དེ་ནས་ཕ་མེས་ནས་ནང་པ་ཡིན་པའི་རྒྱ་རིགས་དང་སོག་པོ། ཧི་མ་ལ་ཡའི་དད་ལྡན་ཚོར་བཀའ་སློབ་སྩལ་སྐབས། བོད་སོག་གི་ལོ་རྒྱུས་ཀྱི་འབྲེལ་བའི་སྐོར་ལ་ཁོང་གིས། དེ་རིང་འདིར་སོག་རིགས་ཡོད་པ་རེད། ཁྱོད་རང་ཚོ་སོག་པོ་ལ་བསྟན་པ་སྔ་དར། བར་དར། ཕྱི་དར་ཞེས་གསུངས་རྒྱུ་འདུག སྔ་མོ་དར་ལམ་(Silk Road)བརྒྱུད་རྒྱ་གར་ནས་རྒྱ་ནག་དུ་ནང་པ་འབྲེལ་བ་ཡོང་བའི་སྐབས་སུ་ཕལ་ཆེར་སོག་པོའི་ཡུལ་བརྒྱུད་ནས་འགྲོ་གི་རེད། དེ་བསྟན་པ་སྔ་དར་དང་། བར་དར་ཟེར་བ་ནི་ཕལ་ཆེར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་སུ་ཡིན་འདུག དེ་ནས་བསྟན་པ་ཕྱི་དར་ཟེར་བ་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང་བ་རེད། ཏཱ་ལའི་བླ་མ་ཞེས་པར་ཁྱེད་རང་ཚོ་སོག་པོ་ཚོས་ཏཱ་ལའི་བྷག་ཤུ་ཟེར་གྱི་འདུག སོག་པོའི་མིང་ཚིག་ཆགས་ཡོད། གང་ལྟར་དེ་ལ་བསྟན་པ་ཕྱི་དར་དུ་བརྩི་བཞིན་ཡོད་པ་འདྲ། ཆེན་པོ་ཧོར་གྱི་ཡུལ་ཁམས་འདིར་བོད་ནས་སངས་རྒྱས་ཀྱི་བསྟན་པ་དར་ནས་ངོས་རང་སོག་ཡུལ་དུ་ཐེངས་དང་པོར་བསྐྱོད་སྐབས་ཕྱི་ལོ་ ༡༩༧༩ ལོར་རེད། སོག་པོའི་བླ་རྒན་ཚོས་བོད་སྐད་ཤེས་ཀྱི་མ་རེད། ང་ཚོས་ཕར་ཚུར་འབྲེལ་བ་བྱེད་དགོས་བྱུང་ན་ཁོ་ཚོས་ཚུར་དབུ་ཅན་བྲིས་ནས་ངོས་ལ་སྟོན་གྱི་འདུག ངོས་ནས་ཀྱང་ལན་དུ་དབུ་ཅན་བྲིས་ནས་སྟོན་གྱི་ཡོད། སྔར་ནས་འབྲེལ་བ་ཆེན་པོ་ཡོད་བསྡད་པ་རེད།
ཐེངས་དང་པོར་ངོས་རང་སོག་ཡུལ་དུ་སླེབས་སྐབས་དམར་པོའི་རྒྱལ་ཁབ་རེད། ཆོས་ལ་རང་དབང་ཡོད་པ་མ་རེད། དམ་དྲག་ཅུང་ཡོད་པ་རེད། དགའ་ལྡན་དགོན་པའི་ལྕགས་རིའི་ནང་དུ་རང་དབང་ཡོད་པ་ལྟ་བུ་དང་། ལྕགས་རིའི་ཕྱི་རུ་རང་དབང་མེད་པ་ཞིག་རེད་འདུག དགའ་ལྡན་དགོན་པའི་ནང་དུ་བརྟན་བཞུགས་གསུངས་ནས་མཎྚལ་རྟེན་དོད་འབུལ་སྐབས་ཧ་ཅང་སྐད་རྒྱག་བཞིན་འདུག སྐད་ཧ་ཅང་ཤུགས་ཆེན་པོ་བརྒྱབ་ནས་གདོང་པའང་དམར་པོ་ཆགས་ནས་མཎྚལ་འདོན་པ་དང་། མིག་ཆུ་མང་པོ་གཏོང་གི་འདུག ངོས་རང་སེམས་ཧ་ཅང་སྐྱོ་སོང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྐབས་ནས་འབྲེལ་བ་བྱུང་ཡོད་པ་ཞིག་རེད། དེར་བརྟེན་བླ་མ་དང་སློབ་མའི་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་རེད། ༸རྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་པོའི་མི་དཔོན་ཞིག་གི་སྲས་ལ་འཁྲུངས་པ་རེད། དེ་ལྟ་བའི་ཐོག་ནས་ཀྱང་འབྲེལ་བ་ཡོད་བསྡད་པ། དེ་བཞིན་༸གོང་ས་ལྔ་བའི་སྐབས་སུ་གུ་ཤྲིར་ཁཱང་དང་འབྲེལ་ནས་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ཅེས་གསུངས་འདུག
ཧི་མ་ལ་ཡའི་རི་རྒྱུད་པ་དང་ཕྱི་རྒྱལ་བ་ཚོར་བཀའ་གནང་སྐབས། གཞན་ཡང་ཧི་མ་ལ་ཡའི་རི་རྒྱུད་ནས་ཁྱོད་རང་ཚོ་མང་པོ་ཞིག་སླེབས་ཡོད་པ་རེད། གྲྭ་ས་ལའང་དཔེ་ཆར་བལྟས་ནས་ཧ་ཅང་ཡག་པོ་ཡིན། སྦག་་སཆོས་སྒར་ནས་གཞིས་ཆགས་ཁག་ལ་སྤོས་མ་ཐག་གྲྭ་རྒྱུན་ཉུང་ཉུང་དང་། བོད་ནས་ཡོང་མཁན་ཡང་དེ་དུས་མེད་པའི་སྐབས་སུ་ལ་དྭགས་གཙོ་བོར་གྱུར་བའི་ཧི་མ་ལ་ཡའི་རི་རྒྱུད་ནས་གྲྭ་རྒྱུན་ཡོང་བ་ཚོ་དངོས་གནས་བསྟན་པ་འཛིན་མཁན་ཧ་ཅང་ཕན་ཐོགས་པོ་དང་ཡག་པོ་བྱུང་། ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བ་འདིར་ཡོད་ཀྱི་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕར་ཐུགས་རྗེ་ཆེ་ཞུས་པ་དང་མཉམ་དུ་ཁྱོད་རང་ཚོས་ཚུར་ཐུགས་རྗེ་ཆེ་ཟེར་དགོས་པ་ཞིག་ཡོད་པ་རེད། གང་ཡིན་ཟེར་ན་བོད་པ་བཙན་བྱོལ་བ་སླེབས་ནས་ཧི་མ་ལ་ཡའི་ས་ཁུལ་དེ་དག་ཡར་རྒྱས་ཕྱིན་ཡོད་པ་རེད། བོད་པ་བཙན་བྱོལ་བ་མེད་ན་ཁྱོད་རང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་ཚོས་སོ་སོའི་ཆོ་ག་ཞིག་བཏོན་ནས་སྡོད་ཀྱི་རེད། དེར་བརྟེན་རྗེ་བཙུན་མི་ལས་གསུངས་པ་ལྟར། དྲིན་ཡང་ཕར་ཆེ་ཚུར་ཆེ་ཡིན།། ཚུར་དྲིན་ཆེན་པོ་རེད་ལ་ཕར་ཡང་དྲིན་ཆེན་པོ་ཆགས་བསྡད་ཡོད་པ་རེད། མཁྱེན་སོང་ངམ།
དེ་བཞིན་ཕྱི་རྒྱལ་མི་ཡང་མང་པོ་ཞིག་ཡོད་པ་རེད། དེ་སྔ་ནང་པའི་ཆོས་བྱེད་མཁན་ཆགས་ཡོད་པ་མ་རེད། ཡུ་རོབ་དང་ཨ་མི་རི་ཁ་བ་ཚོ་ཡི་ཤུ་མ་ཤི་ཀའི་ཆོས་ལུགས་གཞི་ལ་བཞག་ཡོད་པ་ཞིག་རེད། དེ་ནས་ཁ་ཆེ་ཡོད་པ་རེད། དེར་བརྟེན་ནང་པ་དང་འབྲེལ་བ་ཡོད་པ་མ་རེད། ཡིན་ནའང་། དུས་རབས་ ༢༠ ནང་དུ་འཛམ་གླིང་འདིར་འབྲེལ་བ་ཤུགས་ཆེ་རུ་ཕྱིན། ང་ཚོ་འདིར་བཙན་བྱོལ་ལ་སླེབས་ནས་ནུབ་ཕྱོགས་པའི་མི་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་སོགས་ལ་དོ་སྣང་བྱས་པ་དང་། བོད་པའི་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་སོགས་ལ་ཤ་ཚ་དང་སེམས་ཁུར་ལེན་མཁན་མང་པོ་བྱུང་བ་རེད། དེ་ལྟ་བུའི་ཐོག་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་བར་སྐབས་མང་དུ་འགྲོ་བཞིན་འདུག ཁྱོད་རང་ཚོ་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་མ་རེད་ཀྱང་སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་སངས་རྒྱས་པའིི་ཆོས་ཀྱི་འགྲོ་སྟངས་ལ་ཡིད་སྨོན་སྐྱེས་ཏེ་དོ་སྣང་བྱེད་བཞིན་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ན་ཁྱོད་རང་ཚོ་སངས་རྒྱས་པའི་ཆོས་པ་གསར་པ་ཆགས་ཡོད་པ་རེད། ང་ཚོ་ནི་ལོ་སྟོང་ཕྲག་ལྷག་གི་རིང་ལ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་དང་ཁྱོད་རང་ཚོ་མི་འདི་རང་ལ་སངས་རྒྱས་པའི་ཆོས་ལ་དོ་སྣང་སླེབས་པ་རེད། ཁྱོད་རང་ཚོ་ཚང་མར་དགའ་བསུ་ཞུ་བཞིན་ཡོད། ཅེས་སོགས་གསུངས་འདུག
སྐུ་སྒེར་དྲ་བ་ལས་བཏུས།