མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞི་རིམ་སློབ་གྲྭའི་སློབ་དེབ་ཁག་གི་དམིགས་བསལ་ཁྱད་ཆོས་དེ་སྐད་ཡིག་གི་སྟེང་ལ་འབད་བརྩོན་བྱས་ཡོད།

བོད་ཀྱི་དུས་བབ།
༢༠༡༨/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་༢༠༡༠ ལོ་ནས་མགོ་ཚུགས་ཏེ་ཕྱི་ལོ་༢༠༡༧ བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མ་ནས་གཞི་རིམ་གོང་མ་བར་གྱི་བོད་སྐད་ཡིག་སློབ་དེབ་ཆ་ཚང་རྩོམ་སྒྲིག་དང་གཏན་འབེབས་གྲུབ་ནས་ད་ལྟ་སློབ་གྲྭ་ཁག་ཏུ་དངོས་སུ་སློབ་འཁྲིད་ལག་ལེན་འགྲོ་བཞིན་ཡོད་པ་ལྟར། འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་དགེ་འདུན་དོན་ཡོད་ལགས་སུ་གཞི་རིམ་བར་མ་དང་གོང་མའི་སློབ་དེབ་གསར་བའི་སྐོར་ལ་བཅར་འདྲི་དང་རྒྱུས་ལོན་བྱས་ཡོད།
གཞི་རིམ་འཛིན་གྲྭ་བར་མ་དང་གོང་མའི་སློབ་དེབ་བསྐྱར་ཞིབ་དང་གསར་བཟོ་བྱེད་སྟངས་སོགས་སྤྱི་ཡོངས་ཀྱི་ངོ་སྤྲོད་སྐོར་ལ་ཁོང་གིས་འདི་ལྟར་བརྗོད་བྱུང་། ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་ནས་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་དང་། ཕྱི་ལོ་༢༠༡༠ ལོར་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་གཏན་འབེབས་གནང་ཡོད་པ་རེད། གཞི་རིམ་གོང་མར་མཚོན་ན་རྒྱ་གར་རྒྱལ་ཡོངས་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་བསླབ་གཞིའི་རྩ་འཛིན་གཏན་འབེབས་གཞིར་བཟུང་འགྲོ་དགོས་པ་མ་གཏོགས་ཤེས་རིག་ལས་ཁུངས་ངོས་ནས་གཏན་འབེབས་བྱེད་རྒྱུའི་རང་དབང་ཡོད་པ་མ་རེད། ཡིན་ན་ཡང་། ཕྱི་ལོ་༢༠༡༠ ལོ་ནས་༢༠༡༧ ལོ་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་གྲྭ་བཅུ་གཉིས་བར་བོད་ཀྱི་སྐད་ཡིག་སློབ་དེབ་ཚང་མ་བསྐྱར་ཞིབ་དང་གཏན་འབེབས་གནང་ཚར་ནས་ལག་ལེན་བསྟར་བཞིན་ཡོད་པ་རེད། གཞི་རིམ་བར་མ་ལ་མཚོན་ན་ཕྱི་ལོ ༢༠༡༠ ནས་བསྐྱར་ཞིབ་མགོ་ཚུགས་ཏེ་ཕྱི་ལོ་༢༠༡༢ ལོའི་སློབ་སྐབས་ལ་དངོས་སུ་ལག་བསྟར་བྱས་ཡོད་པ་རེད་ལ། སློབ་དེབ་དེའི་ནང་བསླབ་བྱའི་སྡེ་ཚན་དང་། བརྡ་སྤྲོད་ཀྱི་སྡེ་ཚན། རྩོམ་རིག་གི་སྡེ་ཚན། ལག་ལེན་གྱི་སྡེ་ཚན། གོ་རྟོགས་སྡེ་ཚན། གཞོགས་འདེགས་ཀྱི་སྡེ་ཚན་བཅས་སྡེ་ཚན་དྲུག་དང་། ཟུར་བཀོད་དག་ཡིག་དང་། སུམ་ཅུ་པའི་རྩ་ཚིག་དེ་འདྲ་བཞག་ཡོད་པ་རེད། གཞི་རིམ་གོང་མ་ལ་མཚོན་ན་ཕྱི་ལོ་༢༠༡༢ ལོ་ནས་བསྐྱར་ཞིབ་གྲ་སྒྲིག་བྱས་ན་ཡང་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)ངོས་ནས་བསླབ་གཞིའི་རྩ་འཛིན་གཏན་འབེབས་མ་བྱས་པ་ཡིན་ན་ཐབས་ཤེས་གང་ཡང་མེད་པ་ཡིན་པས། ཕྱི་ལོ་༢༠༡༦ ལོར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་བསླབ་གཞི་གཏན་འབེབས་གནང་ནས་དྲ་རྒྱའི་སྟེང་བཞག་པ་དང་ང་ཚོས་ངོས་ནས་སྔོན་ནས་གྲ་སྒྲིག་ཡོད་པ་ལྟར། ཕྱི་ལོ་ ༢༠༡༧ ལོ་ནས་གཞི་རིམ་གོང་མའི་སློབ་དེབ་གསར་པ་དེ་མགོ་འཛུགས་ཐུབ་ཡོད་པ་རེད། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་བསླབ་གཞིའི་རྩ་འཛིན་ལ་མཚོན་ན་སྡེ་ཚན་བཞི་ཡོད་པ་དང་། ཁོ་ཚོའི་སྡེ་ཚན་དང་པོའི་ནང་དུ་བརྡ་སྤྲོད། སྡེ་ཚན་གཉིས་པ་གོ་རྟོགས་ནུས་རྩལ། སྡེ་ཚན་གསུམ་པ་རྒྱུན་སྤྱོད་ཡིག་རིགས་དང་། རྩོམ་རིག སྡེ་ཚན་བཞི་པར་ལྷུག་རྩོམ་དང་། ཟློས་གར། སྙན་ངག དེ་བཞིན་མྱུར་ཀློག་རྩལ་སྦྱོང་བཅས་རེད་འདུག གཞི་རིམ་གོང་མའི་སློབ་དེབ་ལག་བསྟར་བྱས་ནས་ད་ལྟ་ལོ་གཅིག་ཙམ་འགྲོ་བཞིན་ཡོད་པ་རེད། དང་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་སློབ་དེབ་ཚང་མ་ལོ་གསུམ་རེའི་མཚམས་སུ་བསྐྱར་ཞིབ་བྱེད་ཐུབ་པའི་དམིགས་ཡུལ་བཟུང་བ་རེད། ཡིན་ན་ཡང་། སློབ་དེབ་ཆ་ཚང་ལ་བསྐྱར་ཞིབ་བྱས་ཡོང་དུས་ལོ་གསུམ་རེའི་ནང་ལ་བསྐྱར་ཞིབ་བྱེད་རྒྱུ་དེ་དཀའ་ལས་ཁག་པོ་ཡིན་དུས་ལོ་ལྔ་རེའི་ནང་བསྐྱར་ཞིབ་བྱེད་རྒྱུའི་འབད་བརྩོན་བྱས་པ་རེད། གཞི་རིམ་བར་མ་ལྟ་བུར་མཚོན་ན་ཕྱི་ལོ་༢༠༡༢ ལོ་ནས་སློབ་དེབ་འགྲེམས་སྤེལ་དང་ལག་བསྟར་བྱས་ཏེ་ད་ལྟ་བར་དུ་ལོ་ལྔ་འགྲོ་བཞིན་ཡོད་སྟབས། ན་ནིང་ནས་གཞི་རིམ་བར་མའི་སློབ་དེབ་བསྐྱར་ཞིབ་བྱེད་མགོ་ཚུགས་ཡོད་པ་རེད། སྔོན་ཆད་ཡིན་ན་ཅུང་ཙམ་ཛ་དྲག་གི་རྣམ་པའི་སྟེང་ནས་བྱེད་ཀྱི་ཡོད་ན་ཡང་ད་ལོ་ནས་རིམ་པ་བཞིན་འཛིན་རིམ་དྲུག་པའི་སློབ་དེབ་བསྐྱར་ཞིབ་བྱས་ཚར་བ་དང་ཕྱི་ལོ་༢༠༡༩ ལོར་ལག་བསྟར་བྱ་རྒྱུ་དང་། ཕྱི་ལོ་༢༠༡༩ ལོར་འཛིན་རིམ་བདུན་པའི་སློབ་དེབ་གཏན་འབེབས་ཀྱིས་ཕྱི་ལོ་༢༠༢༠ ལོ་ལག་བསྟར་བྱ་རྒྱུ། ཕྱི་ལོ་༢༠༢༠ ལོར་འཛིན་བརྒྱད་པ་གཏན་འབེབས་ཀྱིས་ཕྱི་ལོ་༢༠༢༡ ལ་ལག་ལེན་བསྟར་ཐུབ་པའི་ལས་རིམ་འགྲོ་བཞིན་ཡོད་པ་རེད།

ཡང་ཁོང་ལ་སློབ་དེབ་གསར་པ་བཟོ་སྐབས་གཞི་གང་ལ་བཞག་ནས་བཟོ་བཞིན་ཡོད་པ་དང་དེ་དག་འགྲིག་མིན་གྱི་བགྲོ་གླེང་གྲོས་སྡུར་སོགས་སུ་དང་སུ་ཡི་མཉམ་དུ་གནང་གི་ཡོད་པ་དང་། མཐའ་མའི་ཐག་གཅོད་དེ་ག་འདྲ་གནང་གི་ཡོད་མེད་སྐོར་དྲིས་པར། སློབ་དེབ་ཁག་བསྐྱར་ཞིབ་དང་གསར་བཟོ་བྱེད་སྐབས་གཞི་འཛིན་ས་གཙོ་བོ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་ནས་གཏན་ལ་ཕབ་པའི་བསླབ་གཞིའི་རྩ་འཛིན་ལ་གཞི་འཇོག་གི་ཡོད་པ་རེད། བསླབ་གཞིའི་རྩ་འཛིན་ནང་དུ་གཞི་རིམ་སློབ་གྲྭའི་སྔོན་འགྲོ་འཛིན་གྲྭ་ནས་གཞི་རིམ་གོང་མའི་འཛིན་གྲྭ་བར་སློབ་ཚན་འདི་འདྲ་ཞིག་བསླབས་ཏེ་སློབ་མའི་ཤེས་ཚད་འདི་འདྲ་ཞིག་ཡོང་དགོས་ཞེས་ཚད་གཞི་ཞིག་གཏན་འབེབས་བྱས་ཡོད་སྟབས། བསླབ་གཞིའི་རྩ་འཛིན་དེའི་འོག་ནས་སློབ་དེབ་ག་རེ་ཡིན་ན་བཟོ་ཆོག་གི་ཡོད་པ་རེད། དཔེར་ན། ས་གནས་མ་འདྲ་ཡིན་དུས་ཁོར་ཡུག་གི་གནས་སྟངས་མ་འདྲ་བ་དང་། སློབ་མའི་ཤེས་ཚད་མི་འདྲ་བ་ཡོང་གི་ཡོད་པ་ལྟར། ས་གནས་སོ་སོ་ནས་བསླབ་གཞིའི་རྩ་འཛིན་དེར་གཞི་བཞག་ནས་སློབ་དེབ་སྒྲིག་ན་འགྲིག་གི་ཡོད་པ་རེད། ད་ལྟའི་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་དེ་ཤེས་ཡོན་ལྷན་ཚོགས་ཀྱིས་བསྒྲིགས་ནས་ཕྱི་ལོ་༢༠༡༠ ལོར་བཀའ་ཤག་གི་མཐའ་མའི་གཏན་འབེབས་གནང་བ་དེ་དང་། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་གཉིས་ལ་གཞིར་བཟུང་ནས། འཁྲིད་བཞིན་པའི་སློབ་དེབ་ལ་སློབ་གྲྭ་ཁག་གི་གཞི་རིམ་བར་མ་དང་གོང་མའི་དགེ་རྒན་ཚོའི་བསམ་ཚུལ་སྡུད་ལེན་བྱས་ཏེ། གཞི་རིམ་གོང་མ་དང་བར་མའི་དགེ་རྒན་ལས་གྲུབ་པའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་འཛུགས་ཀྱི་ཡོད་པ་དང་། ཚོགས་ཆུང་དེའི་སློབ་དེབ་ལ་བསྐྱར་ཞིབ་དང་། སློབ་གྲྭ་ཁག་གི་དགེ་རྒན་ཚོའི་བསམ་ཚུལ་གཞི་ལ་བཞག་ནས་གོ་བསྡུར་སྦྱངས་བཤད་ཀྱིས་སློབ་དེབ་ཀྱི་དཀར་ཆག་སྒྲིག་གི་ཡོད་པ་རེད། དཀར་ཆག་བསྒྲིགས་རྗེས་སློབ་དེབ་རྩོམ་སྒྲིག་པའི་སྔོན་མའི་སློབ་དེབ་རྙིང་པ་དང་བོད་ནང་གི་སློབ་དེབ་སོགས་མང་པོ་ཞིག་དཔྱད་གཞིར་བཟུང་ནས་སློབ་དེབ་རགས་ཟིན་ཞིག་སྒྲིག་གི་ཡོད་པ་རེད། རགས་ཟིན་དེ་ཚར་བ་དང་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་ཚོར་བཏང་སྟེ་ཚོགས་མི་ཚོས་སོ་སོའི་ས་གནས་ཀྱི་འབྲེལ་ཡོད་དགེ་རྒན་དང་གོ་བསྡུར་བྱེད་ཀྱི་ཡོད་པ་རེད་ལ། ཚོགས་མི་ཁ་ཤས་ཀྱིས་སློབ་ཕྲུག་ཚོར་འཚམས་མིན་གྱི་ཚོད་ལྟ་བྱས་ནས་ནོར་འཁྲུལ་དང་བཅོས་དགོས་པ་ག་རེ་ཡོད་པ་སོགས་ཞུ་དག་དང་། བསམ་ཚུལ་ཡར་བཏང་བ་དེ་སློབ་དེབ་རྩོམ་སྒྲིག་པས་བསྐྱར་དུ་འཇུག་སྒྲིག་ཟིན་རྗེས། སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་ཚོགས་འདུ་སྐོང་ནས་སློབ་ཚན་རེ་རེ་དང་སྦྱོང་ཚན་རེ་རེའི་སྟེང་གོ་བསྡུར་སྦྱང་བཤད་ཀྱིས་སྣོན་འཕྲི་ཅི་དགོས་བྱས་ཏེ་མཐའ་མའི་གཏན་འབེབས་བྱེད་ཀྱི་ཡོད་པ་རེད། གློ་འདྲི་ས་གཙོ་བོ་དེ་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དང་སློབ་དེབ་བསྐྱར་ཞིབ་ཚོགས་མི་རྣམས་ལ་ལམ་སྟོན་ཞུ་བཞིན་ཡོད་པ་རེད། བོད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མིའི་ནང་དུ་བཙན་བྱོལ་ནང་གི་སམ་བྷོ་ཊ་བོད་སློབ་དང་། བོད་ཁྱིམ་གཉིས། དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ནས་ཡོང་གི་ཡོད་ན་ཡང་། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ནས་ཡོང་ཐུབ་ཀྱི་མེད། བསྐྱར་ཞིབ་ཚོགས་མི་ནང་ལ་སློབ་གྲྭ་ཁག་གི་དགེ་རྒན་ལས་སྤྱི་ཚོགས་ཐོག་གི་ཤེས་ཡོན་པ་དེ་འདྲ་ད་ལྟ་བར་དུ་ཚོགས་མི་ནང་བསྐོ་མྱོང་མེད། གཞི་རིམ་འོག་མའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་ལ་མཚོན་ན་སྣ་འཛོམས་ཤིག་བྱུང་ཡོད། དཔེར་ན། དེའི་ནང་ལ་སློབ་གྲྭ་ཁག་གི་དགེ་རྒན་སྟེང་གྲྭ་སའི་སློབ་གྲྭའི་དགེ་རྒན་གཅིག་དང་། བཙུན་མའི་སློབ་གྲྭའི་དགེ་རྒན་གཅིག་བསྐོ་བཞག་བྱས་ཡོད། སྤྱིའི་ཆ་ནས་སློབ་དེབ་གཏན་འབེབས་བྱེད་སྟངས་ཀྱི་རིམ་པ་དེ་འདྲ་ཞིག་རེད། ཅེས་དང་།

གཞན་ཡང་གཞི་རིམ་བར་མ་དང་གོང་མའི་སློབ་དེབ་ཁྲོད་སློབ་ཚན་གཙོ་བོ་ག་རེ་བཞག་ཡོད་མེད་དང་ཐེངས་འདིའི་སློབ་དེབ་གསར་པ་དེར་དམིགས་བསལ་ཁྱད་ཆོས་ག་རེ་ཡོད་མེད་སྐོར་ལ་ཁོང་གིས། ཐེངས་འདིའི་སློབ་དེབ་གསར་པར་མཚོན་ན་དམིགས་བསལ་ཁྱད་ཆོས་དེ་སྐད་ཡིག་རང་གི་སྟེང་ལ་འབད་བརྩོན་བྱས་ཡོད་པ་རེད། སྔོན་ཆད་ཡིན་ན་གཞི་རིམ་བར་མའི་སློབ་དེབ་ལ་རིགས་ལམ་དང་ནང་ཆོས། རྒྱལ་རབས་དང་ཆོས་འབྱུང་། སྐད་ཡིག་བཅས་སློབ་དེབ་གསུམ་ཡོད་པ་རེད། དེའི་རྗེས་ཕྱི་ལོ་༢༠༠༠ ལོ་བསྐྱར་ཞིབ་བྱས་ཏེ་སློབ་དེབ་གཉིས་བཟོས་པ་རེད། རིགས་ལམ་ནང་ཆོས་དང་རྒྱལ་རབས་ཆོས་འབྱུང་ལ་སློབ་དེབ་གཅིག་དང་། སྐད་ཡིག་ལ་སློབ་དེབ་གཅིག་བཅས་བཟོས་ཡོད་པ་རེད། ཕྱི་ལོ་༢༠༡༠ ལོར་བསླབ་གཞིའི་རྩ་འཛིན་གཏན་འབེབས་བྱས་རྗེས་སྐད་ཡིག་སྐད་ཡིག་རང་གི་ངོ་བོར་འཇོག་རྒྱུའི་འབད་བརྩོན་བྱས་པ་རེད། སྐད་ཡིག་སློབ་དེབ་ནང་བརྡ་སྤྲོད་དང་རྩོམ་རིག་གི་སྐོར་མང་དུ་བཏང་ཡོད་པ་རེད། དེ་བཞིན་གཞི་རིམ་གོང་མ་ལ་མཚོན་ན་དེ་བཞིན་རེད་ལ་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་དེབ་ནང་དགོས་མཁོ་ཞིག་གིས་ནང་ཆོས་ཀྱི་སློབ་ཚན་རེ་ཟུང་བཅུག་ཡོད་པ་རེད། དེ་མ་གཏོགས་བསླབ་བྱའི་སྡེ་ཚན་དེ་མ་གཏོགས་སྐད་ཡིག་རང་གི་ཆ་དེ་ཤུགས་ཆེན་པོ་བཞག་ཡོད་པ་རེད། དམིགས་བསལ་ཁྱད་ཆོས་ཟེར་ན་རེད་སྐད་ཡིག་ཅིག་སྦྱང་དགོས་ན་འབྲི་ཀློག་ཉན་གསུམ་དེ་གཙོ་བོ་རེད། ང་ཚོས་སློབ་དེབ་ནང་དུ་འབྲི་ཀློག་གི་སྐོར་ལ་གཙོ་བོ་ཤུགས་སྣོན་བརྒྱབ་ཡོད་པ་རེད། སྦྱོང་བརྡར་གྱི་ཆ་དེ་ཡང་རྩོམ་འབྲི་རྒྱུ་དང་ཀློག་རྩལ་ཡར་རྒྱས་གཏོང་ཐབས་སུ་དམིགས་ནས་བཞག་ཡོད་པ་རེད། ཅེས་བརྗོད་བྱུང་།

སློབ་དེབ་གསར་བ་དེ་གཏན་འབེབས་གནང་རྗེས་དངོས་སུ་ལག་བསྟར་བྱེད་མཁན་དེ་དགེ་རྒན་ཚོ་ཆགས་ཡོད་དུས། དགེ་རྒན་ཚོས་ངོས་ནས་སློབ་དེབ་གསར་བ་དེར་དགོངས་ཚུལ་ག་རེ་ཡོང་གི་ཡོད་མེད་སྐོར་ལ་ཁོང་གིས། དགེ་རྒན་ཚོར་མཚོན་ན་སློབ་དེབ་གསར་པ་དེར་དགའ་སྣང་དང་ཆ་འཇོག་བྱེད་ཀྱི་འདུག དགེ་རྒན་ཚོས་ངོས་ནས་སྔོན་མའི་སློབ་དེབ་དང་མི་འདྲ་བར་སྡེ་ཚན་ལོགས་སུ་དབྱེ་ཡོད་པ་དང་། སྡེ་ཚན་རེ་རེའི་གོང་ལ་སློབ་ཚན་དེ་འཁྲིད་ན་ག་འདྲ་འཁྲིད་དགོས་པའི་ཁ་ཕྱོགས་དང་ལམ་སྟོན་ཞིག་བཞག་ཡོད་པ་རེད། དེ་ཡིས་དགེ་རྒན་ཚོས་སློབ་འཁྲིད་སྐབས་ཁ་ཕྱོགས་དང་དམིགས་ཡུལ་ཤེས་ཐུབ་པའི་ཕན་ཐོགས་ཡོད་སྐོར་བརྗོད་ཀྱི་འདུག དེ་བཞིན་ཁོ་ཚོས་ངོས་ནས་བསམ་ཚུལ་གཙོ་བོ་ཞིག་སློབ་དེབ་ནང་གི་སློབ་ཚན་མང་དྲགས་འདུག་ཅེས་ཡོང་གི་འདུག སློབ་ཚན་མང་དྲགས་པ་དེ་ཡང་གནས་སྟངས་ཤིག་གི་འོག་ནས་ཡོང་གི་ཡོད་པ་རེད། ཡིན་ན་ཡང་། སློབ་དེབ་དེ་སྐད་ཡིག་རྐྱང་པ་རང་གི་ངོས་ནས་འཁྲིད་པ་ཡིན་ན་རྐྱང་སྐུམ་བྱས་ཆོག་པ་དང་། ཚད་དང་ལྡན་པ་ཞིག་ཡོད་པ་རེད། ང་ཚོར་དཀའ་ངལ་ཞིག་ཡོད་པ་དེ། དཔེར་ན། དབུས་བོད་སློབ་འཛིན་ཚོགས་ལྟ་བུ་ཡིན་ན་སྤྱི་ཚོགས་རིག་གནས་འཁྲིད་སྐབས་བོད་པའི་ལོ་རྒྱུས་དེ་འཁྲིད་ཐུབ་ཀྱི་མེད་པས། སྐད་ཡིག་སློབ་དེབ་གསར་པ་དེའི་སྟེང་ལ་སྔོན་མའི་རྒྱལ་རབས་ཆོས་འབྱུང་གི་སློབ་དེབ་རྙིང་པ་དེ་བསྣན་ནས་སློབ་དེབ་གཉིས་ཀ་སྐད་ཡིག་དགེ་རྒན་གཅིག་གིས་འཁྲིད་དགོས་བྱུང་གི་ཡོད་པ་རེད། དེ་ཡིན་དུས་དགེ་རྒན་ཚོས་སློབ་ཚན་མ་ཚར་བའི་དཀའ་ངལ་སོགས་ཀྱི་བསམ་ཚུལ་རེ་སླེབས་སོང་། ང་ཚོས་ད་ལོ་བསྐྱར་ཞིབ་སྐབས་གཞི་རིམ་བར་མ་དང་གཞི་རིམ་གོང་མ་གཉིས་ཀྱི་སློབ་དེབ་ནང་གི་རྩོམ་རིག་སློབ་ཚན་ལ་གཞི་རིམ་བར་མའི་སློབ་དེབ་ནང་སློབ་ཚན་མང་བ་ཞིག་ཆགས་འདུག་པས། ད་ལོ་ནས་ང་ཚོས་བསྐྱར་ཞིབ་བྱས་ཏེ་གཞི་རིམ་བར་མའི་འཛིན་རིམ་དྲུག་པའི་སློབ་དེབ་ནང་རྩོམ་རིག་ལ་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་། འཛིན་རིམ་བདུན་པ་ལ་གསལ་བཤད་རྩོམ་ཡིག འཛིན་རིམ་བརྒྱད་པ་བསྡུས་བརྗོད་བཅས་གོ་རིམ་སྒྲིག་རྒྱུ་བྱས་ཡོད། མ་གཞི་སློབ་དེབ་རྩོམ་སྒྲིག་པས་དགེ་རྒན་ཚོར་སློབ་ཚན་དགོས་དམིགས་དང་སློབ་འཁྲིད་བྱེད་སྟངས་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད་ལ། གཞི་རིམ་འོག་མའི་སློབ་དེབ་ལ་མཚོན་ན་དགེ་རྒན་ཚང་མར་རྩོམ་སྒྲིག་བྱེད་སྟངས་དང་སློབ་ཚན་གྱི་དགོས་དམིགས་རྣམས་ངོ་སྤྲོད་ཀྱི་རྒྱུས་སྟོན་ཟབ་སྦྱོང་ཕུལ་ཡོད་པ་རེད། ཅེས་བརྗོད་བྱུང་།

དེ་བཞིན་སློབ་དེབ་གསར་བའི་ནང་གི་སློབ་ཚན་ལ་སློབ་ཕྲུག་ཚོས་དགའ་མོས་དང་སློབ་ཕྲུག་གི་ཕ་མ་ཚོའི་ངོས་ནས་སློབ་དེབ་གསར་བའི་ཐད་བསམ་ཚུལ་ག་རེ་འདོན་གྱི་ཡོད་མེད་སྐོར་ལ། གཞི་རིམ་འོག་མའི་སློབ་དེབ་ལ་མཚོན་ན་སློབ་དེབ་ནང་དུ་རི་མོ་སོགས་མང་པོ་ཡོད་དུས་སློབ་ཕྲུག་ཚོས་དགའ་སྣང་བྱེད་ཀྱི་འདུག ཡིན་ན་ཡང་། འཛིན་གྲྭ་དྲུག་པ་བདུན་པ་རིམ་པ་བྱས་ཏེ་འགྲོ་སྐབས་སློབ་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་ཆུང་དུ་འགྲོ་བཞིན་པ་དེ་དངོས་ཡོད་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། གཅིག་ནས་སློབ་ཕྲུག་ཚོ་འཛིན་རིམ་ཡར་སླེབས་པ་དང་ཁོ་རང་གི་ཆེད་སྦྱོང་སློབ་ཚན་ལ་ཤུགས་སྣོན་རྒྱག་དགོས་པས་རེད་འདུག སྤྱིར་བཏང་སློབ་ཕྲུག་ཚོ་སློབ་ཚན་དེར་དགའ་མོས་བྱུང་མིན་གཙོ་བོ་དེ་དགེ་རྒན་ལ་རག་ལས་འདུག་བསམ་ཡོད། དགེ་རྒན་ཚོས་སློབ་འཁྲིད་སྐབས་སློབ་ཕྲུག་ཚོའི་གོ་བདེ་བོ་དང་སེམས་ལ་འཇུག་པོ་བྱུང་བ་ཡིན་ན། རང་བཞིན་གྱིས་སློབ་ཚན་དེ་ལ་དགའ་སྣང་ཡོང་བ་ཞིག་རེད། གལ་ཏེ་དགེ་རྒན་དེའི་སློབ་འཁྲིད་སྐབས་སློབ་ཕྲུག་གི་སེམས་ལ་བབ་པོ་དང་གོ་བ་ཏག་ཏག་ལེན་མ་ཐུབ་པ་སོགས་བྱུང་བ་ཡིན་ན་སློབ་ཕྲུག་དེ་རང་བཞིན་གྱིས་སློབ་ཚན་དེར་ཉོབ་སྣང་སྐྱེས་པ་ཞིག་ཆགས་ཀྱི་ཡོད་པ་རེད། དགེ་རྒན་ཁ་ཤས་ཀྱིས་བཤད་པ་ལྟར་ན་སློབ་དེབ་གསར་བ་དེར་སློབ་ཕྲུག་ཚོས་དགའ་སྣང་བྱེད་ཀྱི་འདུག་ཟེར་བ་མ་གཏོགས་ང་ཚོས་ངོས་ནས་དམིགས་བསལ་སློབ་ཕྲུག་ཚོར་བསམ་ཚུལ་བསྡུ་ལེན་སོགས་བྱས་མེད། དེ་མིན་ཕ་མ་ཚོས་ངོས་ནས་ད་སྔ་བསམ་ཚུལ་སོགས་འདོན་མཁན་བྱུང་མ་སོང་ལ་། སྤྱིར་བོད་པའི་སྤྱི་ཚོགས་ནང་ཕ་མ་ཚོས་རང་ཉིད་ཀྱི་ལྟོ་གོས་འགྲིག་ཙམ་བྱུང་དུས་བུ་ཕྲུག་གི་སློབ་གསོའི་ཕྱོགས་ལ་དོ་སྣང་མི་བྱེད་པ་དང་། བུ་ཕྲུག་སློབ་གྲྭར་བསྐྱལ་བ་ཙམ་ལས་བུ་ཕྲུག་གི་ཤེས་ཡོན་སློབ་གསོའི་སྒང་ལ་འགན་འཁུར་མེད་པའི་སྣང་ཚུལ་ཤུགས་ཆེན་ཡོད་པ་རེད། ཅེས་དང་།

ཡང་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་དང་དེང་དུས་ཀྱི་སྤྱི་ཚོགས་དགོས་མཁོར་གཟིགས་ཏེ། སློབ་དེབ་གསར་པའི་ནང་དུ་སློབ་མའི་ཀུན་སྤྱོད་སློབ་གསོ་ཡར་སྤེལ་ཐད་དམིགས་བསལ་བཀོད་སྒྲིག་ག་རེ་གནང་ཡོད་མེད་སྐོར་ལ། སྤྱིར་བཏང་སྐད་ཡིག་སློབ་དེབ་ཅིག་ཡིན་ན་དམིགས་ཡུལ་གཙོ་བོ་དེ་སློབ་མའི་སྐད་ཡིག་གི་ནུས་རྩལ་ཡར་རྒྱས་ཆེད་དམིགས་ཀྱི་ཡོད་པ་རེད། དེ་བཞིན་ཀུན་སྤྱོད་ཐད་ལ་གཞི་རིམ་བར་མ་ལ་མཚོན་ན་བསླབ་བྱའི་སྡེ་ཚན་ཞེས་དམིགས་བསལ་སློབ་ཚན་བཞག་ཡོད་པ་རེད། གཞི་རིམ་གོང་མར་མཚོན་ན་བསླབ་བྱའི་ངོ་བོ་མཚོན་པའི་སློབ་ཚན་ལ་བསླབ་བྱ་མུ་ཐི་ལའི་ཕྲེང་བ་དང་། གཏམ་པདྨའི་ཚལ་གྱི་ཟློས་གར། རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་སོགས་བཞག་ཡོད་པ་རེད། སྤྱི་ཡོངས་ནས་སློབ་ཚན་གྱི་བརྗོད་བྱ་ནང་དུ་གོ་བ་ལེན་སྟངས་དང་ལྟ་སྟངས་མ་འདྲ་བའི་སྟེང་ནས་བསླབ་བྱ་ལོག་པ་དེ་འདྲ་ཤོར་ཡོད་ན་ལས་སློབ་ཕྲུག་གི་རྒྱུད་ལ་ཤུགས་རྐྱེན་ངན་པ་མི་ཐེབས་པ་དང། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་སློབ་མའི་ཀུན་སྤྱོད་དང་སེམས་ཁམས་ལ་མི་གནོད་པའི་ཐབས་ཤེས་གང་ཐུབ་ཐུབ་འབད་བརྩོན་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

མཐའ་མ་དེར་སྤྱི་ཚོགས་ནང་གཞི་རིམ་སློབ་གྲྭ་ཁག་གི་སློབ་མའི་སྐད་ཡིག་ནུས་རྩལ་ཞན་པོ་ཡོད་པའི་དཀའ་ངལ་ཞིག་ཡོད་པ་ལྟར། གནད་དོན་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་པ་རེད་དགོངས་ཀྱི་ཡོད་མེད་དང་མ་འོངས་པར་ཡར་རྒྱས་གཏོང་ཐབས་སུ་འཆར་གཞི་ག་རེ་ཡོད་མེད་སྐོར་ལ་ཁོང་གིས། གཙོ་བོ་སློབ་མའི་གྲུབ་འབྲས་ག་འདྲ་བྱུང་གི་ཡོད་མེད་ལོ་རེའི་གྲུབ་འབྲས་རེའུ་མིག་ལ་ལྟ་བཞིན་ཡོད་པ་རེད། སྤྱིར་བཏང་སློབ་མའི་སྐད་ཡིག་ཡར་རྒྱས་མི་འགྲོ་བའི་སྐོར་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད་ན་ཡང་། གཙོ་བོ་སྤྱི་ཚོགས་དང་། དགེ་རྒན། ཕ་མ་བཅས་ཕྱོགས་གསུམ་ནས་ཡོང་གི་ཡོད་པ་རེད་བསམ་གྱི་ཡོད། སྤྱི་ཚོགས་ལ་མཚོན་ན་བོད་ཡིག་རྐྱང་པ་ཞིག་སྦྱངས་ནས་ཡོང་ན་དེ་ལ་ལམ་ཁ་དང་མཐོང་དེ་ཙམ་མེད་པ་རེད། གཉིས་པ་དེ་དགེ་རྒན་ཚོས་སློབ་འཁྲིད་བྱེད་སྟངས་ལ་ཐུག་ཡོད་པ་རེད་བསམ་ཡོད། དེང་སང་དེ་འདྲ་ཡོད་མེད་མི་ཤེས་མོད། སྔོན་མ་ཡིན་ན་དགེ་རྒན་ཚོས་ཡིག་ཚད་གཏོང་ལ་ཉེ་སྐབས་དྲི་བ་ཁག་ཅིག་བཟོས་ནས་དེ་སྦྱོང་བཅུག་སྟེ་ཡིག་ཚད་འཕྲོད་ཐབས་བྱེད་བཞིན་པ་ལས་སློབ་མའི་སྐད་ཡིག་གི་ཤེས་ཚད་ཡར་རྒྱས་འགྲོ་ཐབས་ལ་བསམ་བློ་གཏོང་གི་མེད་པ་དེ་འདྲ་ཡོད་པ་རེད། གསུམ་པ་དེ་ཕ་མ་ཚོས་སློབ་གསོ་ལ་ཁྱད་པར་འགྲོ་ཡི་ཡོད་པ་རེད་བསམ་ཡོད། སྤྱིར་ང་ཚོ་བཙན་བྱོལ་ནང་སྐད་ཡིག་གཞན་པ་དེ་ཤུགས་ཆེན་པོ་སྦྱོང་དགོས་པའི་བག་ཆགས་ཤིག་ཡོད་པ་ལྟར་དེ་འདྲ་ཞིག་གིས་མིན་ནམ་བསམ་ཡོད། དེ་བཞིན་མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་ཤེས་རིག་ལས་ཁུངས་ངོས་ནས་གཞི་རིམ་འོག་མ་ནས་རྨང་གཞི་ཡག་པོ་ཞིག་འདིང་ཐུབ་པ་ལ་ཤུགས་སྣོན་བརྒྱག་གི་ཡོད་པ་རེད། ལས་རིམ་དེ་ལོ་ཁ་ཤས་སྔོན་ནས་མགོ་བརྩམས་པ་རེད། སློབ་ཕྲུག་གི་མཐོང་སར་དེབ་ཡོད་ན་ཀློག་རྒྱུར་ཕན་ཐོགས་ཡོད་སྟབས། འཛིན་གྲྭའི་དཔེ་མཛོད་བཙུགས་ནས་དཔེ་མཛོད་ནང་དུ་སོན་རྩ་བྱིས་པའི་དེབ་ཕྲེང་དང་། བོད་སྒྱུར་བྱས་པའི་བྱིས་སྒྲུང་དེབ་མང་པོ་ཞིག། ཤེས་རིག་རྩོམ་སྒྲིག་ཚན་པ་ནས་འདོན་སྤེལ་བྱས་པའི་གངས་ལྗོངས་དང་། གླིང་སྒྲུང་། ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་། ཕ་ཡུལ་ཤེས་བྱའི་བང་མཛོད་སོགས་སློབ་ཕྲུག་གི་ཀློག་རྒྱུའི་ཆེད་བཞག་ཡོད་པ་རེད། དེ་བཞིན་སློབ་ཕྲུག་གི་ཀློག་རྩལ་ཡར་རྒྱས་གཏོང་ཐབས་ཆེད་དགེ་རྒན་ཕལ་ཆེ་བར་ཟབ་སྦྱོང་དང་ལམ་སྟོན་གནང་ཡོད་པ་རེད་ལ། ཕ་མ་ཚོར་བུ་ཕྲུག་གི་ཤེས་ཡོན་སྐོར་ལ་དོ་སྣང་སྤྲད་དགོས་པའི་དེའི་ཐད་ལ་ཆེད་མཁས་པ་སོགས་སྐད་བཏང་ནས་ཟབ་སྦྱོང་རིམ་པ་མང་པོ་ཞིག་གནང་ཡོད་པ་རེད། གཙོ་བོ་སློབ་མའི་ཤེས་ཚད་ཡར་རྒྱས་གཏོང་མིན་དེ་དགེ་རྒན་ཚོར་ཐུག་ཡོད་དུས་དགེ་རྒན་ཚོའི་ཆེད་ལས་ཡར་རྒྱས་གཏོང་ཐབས་སུ་ཡིག་འབྲེལ་ལམ་ནས་རྒྱ་གར་མཐོ་སློབ་སོགས་སུ་སློབ་སྦྱོང་བྱེད་པར་སློབ་ཡོན་སྤྲོད་རྒྱུ་དང་། སློབ་གྲྭ་སོ་སོ་ནས་དགེ་རྒན་གྱི་སྐད་ཡིག་ཡར་རྒྱས་གཏོང་སླད་བདུན་ཕྲག་རེར་འཛིན་གྲྭ་ཆུ་ཚོད་ངེས་ཅན་ཞིག་ལ་འཚོགས་ཀྱི་ཡོད་པ་རེད། དེང་སང་བརྡ་འཕྲིན་གྱི་དུས་རབས་ཡིན་སྟབས་ཤེས་རིག་ལས་ཁུངས་ནས་འདོན་སྤེལ་ཞུས་པའི་དེབ་ཕལ་ཆེ་བ་ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས་ (www.sherig.org/tb) དང་། གཞི་རིམ་སློབ་མའི་བོད་ཡིག་སློབ་སྦྱོང་དྲ་ཚིགས་ (www.bodyiglobjong.com) གཉིས་སྟེང་བཞག་ཡོད་པ་དང། དམིགས་བསལ་བོད་ཡིག་སློབ་སྦྱོང་དྲ་ཚིགས་སྟེང་དུ་གཞི་རིམ་འོག་མའི་བོད་ཀྱི་སྐད་ཡིག་དང་། ཚན་རིག།ཨང་རྩིས་བཅས་སློབ་ཁྲིད་བྱས་པའི་བརྙན་འཕྲིན་བཞག་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་དང་། དྷ་སྟེང་བོད་ཁྱིམ། སཾབྷོཊ་བོད་སློབ་ཚོགས་པའི་ཡིག་ཚང་ནས་འདོན་སྤེལ་ཞུས་པའི་བྱིས་སྒྲུང་ཆ་ཚང་བཞག་ཡོད་པ་བཅས་ཕྱོགས་གང་ཐད་ནས་ཤུགས་རྒྱག་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

སྐར་མ ༣༩ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 3

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 8 སྔོན།

    འབྲི་ཀློག་ཉན་བཤད་བཞི་ནི་ཕྲུ་གུའི་རྒྱུད་ལ་ཤེས་ཡོན་འཇགས་ཐུབ་པའི་རྨངས་གཞི་དེ་ཡིན་པ་ནི་།
    1 writing power.
    2 reading power.
    3 listening power.
    4 speaking power.

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 8 སྔོན།

    ཤེས་ཡོན་སློབ་གསོ་དེང་རབས་ཤེས་བྱ་དང་།
    ཤེས་ཡོན་སློབ་གསོ་སྲོལ་རྒྱུན་རིག་གནས་གཉིས་།
    ཤེས་ཡོན་སློབ་དེབ་དེ་གཉིས་བཟུང་སྦྲེལ་ནས་།
    ཤེས་ཡོན་སློབ་གསོ་སྤེལ་རྒྱུ་གནད་དུ་སྨིན་།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 8 སྔོན།

    སློབ་དེབ་ག་འདྲ་ཞིག་ཡིན་ཀྱང་ཕྲུ་གུའི་ཀླད་པའི་ནང་ཚུད་པའི་སློབ་དེབ་ཞིག་དགོས་པ་ལས་མཁས་པ་ཚོའི་མཁས་མིང་གྲགས་སའི་རྒྱངས་ལྡེབས་དེ་ཕྲུ་གུའི་སློབ་དེབ་ལ་ནམ་ཡངས་དམིགས་མི་ཉན་ནོ་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese