མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཉིའུ་ཡོག་འཁྲུངས་སྐར་དང་ངའི་བློ་ཕམ།

བོད་ཀྱི་དུས་བབ།
༢༠༡༨/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྫ་ཚེ་རིང་བཀྲ་ཤིས།

འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ཡང་གུས་པས་ལོ་འགའི་སྔོན་ལ་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་དང་འབྲེལ་བའི་༼དྲག་ཁྲོས་སོ་བཞི་བ་༽ཟེར་བའི་ཡི་གེ་ཞིག་བྲིས་པའི་རྗེས་ནས་ཉེ་བའི་ལོ་གཅིག་གཉིས་འདིའི་རིང་རང་རེ་ཕྱེས་བཞུགས་དག་གི་གནས་སྟངས་དང་འབྲེལ་བའི་དམིགས་བསལ་རྩོམ་ཡིག་ཆེར་མ་བྲིས།

ལོ་གཉིས་ཡར་སྔོན་གྱི་འོས་བསྡུ་ཆེན་མོའི་སྐབས་སོགས་སུ་རང་ཉིད་སྤྱི་ཚོགས་ལ་དོ་ཁུར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་སེམས་ཚོར་ཧ་ཅང་མང་པོ་བྱུང་། བཤད་འདོད་པའང་མང་པོ་བྱུང་། དེ་འདྲ་མ་རེད་འདི་འདྲ་རེད་ཨང་སྙམ་པའི་བསམ་བློ་དང་ཚོར་བ་ཤྭ་འོད་བརྡོལ་བ་ལྟ་བུ་རེ་ཡང་བྱུང་། དེ་ཚང་མ་བསམ་པ་སླད་མེད་ཀྱི་འཆར་སྒོ་ཡིན་སྙམ་པ་ཡོད། དེ་ལྟ་ན་ཡང་དྲང་གཏམ་བཤད་ཀྱང་དྲང་གཏམ་གྱི་སར་འགྲོ་ཁག་པོ་ཞིག་ཏུ་མཐོང་ནས་ཚང་མ་ཡ་ཆུང་ཁོག་པའི་ནང་དུ་མར་མིད་ནས་བསྐྱུར་བཞག་པ་ཡིན།

ཡིན་ན་ཡང་། བདུན་ཕྲག་འདིའི་ནང་ཉིའུ་ཡོག་ཏུ་བྱུང་བའི་འཁྲུངས་སྐར་དང་འབྲེལ་བའི་དོན་རྐྱེན་དེས་ང་ལ་སྐད་ཆ་ཚིག་འགའ་མ་བཤད་ཐབས་མེད་བཟོས་བྱུང་། འདས་པའི་བདུན་ཕྲག་འདི་ནི་འཛམ་བུ་གླིང་གིས་བོད་པ་དང་། བོད་དང་ཆོས་རིག་གཅིག་པའི་རྒྱལ་ཁབ་གཞན། ཐ་ན་བོད་པ་གཅིག་ཀྱང་མེད་པའི་ཡུལ་ལུང་དེ་འདྲ་ན་ཡང་ཡུལ་མི་རང་གི་གཞོན་སྐྱེས་དེ་འདྲས་གོ་སྒྲིག་བྱས་ནས་མི་བརྒྱ་ཕྲག་མང་པོ་འདུས་ཏེ་འཁྲུངས་སྐར་གཏོང་བཞིན་པ་གོ་ཐོས་བྱུང་། དེས་ན་ཟླ་བ་འདི་དང་གཟའ་འཁོར་འདི་ནི་ང་ཚོའི་ཆེའི་རླབས་ཆེ་བའི་ཟླ་བ་དང་གཟའ་འཁོར་ཞིག་རེད། བོད་པའི་ལོ་སར་ལས་ཀྱང་འདི་ལྟ་བུའི་གོ་ལ་ཡོངས་ལ་ཁྱབ་ཆེ་ཤོས་ཀྱི་དུས་སྟོན་ཞིག་ད་བར་བོད་ལ་སྲིད་པ་ཆགས་ནས་ཡོད་མ་མྱོང་བ་རེད། འདི་ནི་ང་ཚོ་ཁ་འཐོར་དགུ་འཐོར་དུ་ཡོད་པ་ཚོ་མཉམ་འདུས་དང་གཞོན་སྐྱེས་ཚོར་ཕ་མེས་ཀྱི་བླ་སྲོག་ངོ་སྤྲོད་བྱེད་པའི་སྡིང་ཆ་ཡོད་ན་མེད་ན་དེ་རེད།

ནམ་རྒྱུན་ང་ཚོས་གཅིག་གིས་གཅིག་ལ་ཁྱོའི་ཁ་ངའི་སྣ་ཟེར་ན་ཡང་འཁྲུངས་སྐར་ལ་ཚང་མ་མཉམ་དུ་འཛོམས་ཀྱི་ཡོད། ཚང་མས་མཇལ་དར་འཐེན། ཞལ་འདོན་སྐྱོར། འབྲས་སིལ་ཟ། བོད་ཇ་བཏུང་། སྒོར་བཞས་འཁྲབས་ནས་ཉི་མ་གཏོང་གི་རེད། འདི་ལ་ལུང་ཚན་དང་ཆོས་བརྒྱུད་ཀྱི་ས་མཚམས་མེད། འདི་ལ་ཁྱེད་དང་ངའི་དབྱེ་བ་མེད། འདི་ནི་རྒྱལ་སྤྱིའི་ཨོ་ལམ་ཕིག་ནང་བཞིན་བོད་པའི་མཛའ་བརྩེ་དང་གཞི་མཐུན་གྱི་ཨོ་ལམ་ཕིག་བླ་ན་མེད་པ་དེ་རེད། ང་དུས་ཆེན་འདི་ལ་ཧ་ཅང་དུང་། དུས་སྟོན་འདི་ཙམ་ཞིག་སྲུང་རྩི་བྱེད་དུ་ཡོད་པ་དང་། གང་ཟག་གཅིག་གི་མཚན་གྱི་འོག་ནས་འདི་ཙམ་གཅིག་ཏུ་བསྡུད་དུ་ཡོད་པ་དེ་ཡང་༧གོང་ས་མཆོག་ཁོ་ནའི་མཚན་གྱི་བྱིན་རླབས་རེད། འདི་ཁོ་ནའི་རིན་ཐང་དང་བཀའ་དྲིན་ཀྱང་བོད་པ་ཚོས་ནམ་ཡང་གསོབ་མི་ཐུབ་པ་ཞིག་རེད། ཉི་མ་གཅིག་ལ་ང་ཚོས་ངོས་ཟིན་གི་རེད་དེ། ངས་རེ་བ་ལ་སྔ་ཙམ་ངོས་ཟིན་པ་དེ་གལ་འགང་ཆེན་པོ་རེད་སྙམ། ངས་ནམ་རྒྱུན་འཁྲུངས་སྐར་ལ་སླེབས་དུས་རྟག་པར་དེ་འདྲ་ཚོར་གྱི་ཡོད། དངོས་གནས་ཡིན།

དེས་ན་ད་ཐེངས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་གུས་ཞབས་མེད་པའི་བྱེད་སྟངས་དེས་ངའི་སེམས་པ་ཕམ་བྱུང་། སེམས་པ་མ་སྐྱིད་པ་བྱུང་། སྤྱི་འཐུས་བསྟན་པ་ཡར་འཕེལ་གུས་པ་དང་སྒེར་ངོས་ནས་དམིགས་བསལ་གྲོགས་པོ་དེ་འདྲ་མིན། ཁྱད་པར་ཁོང་གིས་བྲིས་པའི་གནས་ཆུང་དང་འབྲེལ་བའི་རྩོམ་ཡིག་ཅིག་བཀླགས་མྱོང་། སེམས་ལ་འབབ་པོ་དེ་འདྲ་ཞིག་མི་འདུག དེ་ང་རང་གི་བསམ་ཚུལ་ཡིན། ཡིན་ན་ཡང་། གྲོས་ཚོགས་སུ་ཁོང་གིས་གནས་ཆུང་སྐོར་དང་དགའ་ལྡན་ཕོ་བྲང་གི་སྐོར་ཞིག་བཤད་པ་དེ་ངས་ནོར་མེད་ན་སྐབས་དེ་ག་རང་དུ་གྲོས་ཚོགས་རང་གི་ནང་ནས་ཁོ་རང་གི་སྐད་ཆ་ཁོ་རང་གིས་ཡོང་བསྒྲགས་ཕྱིར་འཐེན་བྱས་པ་དང་། དེ་ལ་སྤྱི་མཐུས་ལྷན་ཚོགས་ཀྱིས་དེ་བཞིན་ཐག་བཅད་ནས་མཇུག་བསྡུས་ཟིན་པ་ཞིག་ཡིན་པ་རེད། མང་ཚོགས་ཚོ་ལ་ཁག་ཡོད་རྒྱུ་མ་རེད་དེ། མགོ་འཚོད་མཁན་ཚོས་ཡིན་པ་ཡིན་པ་དང་མིན་པ་མིན་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བའི་རྩ་དོན་ཞིག་རེད་སྙམ། ཡིན་མིན་སོ་སོས་གཟིགས།

ཡིན་ན་ཡང་གནས་ཆུང་དེ་བོད་པ་མང་པོ་ཞིག་གི་མཆོད་བསྟོད་བྱེད་སའི་སྲུང་མ་ཞིག་ཡིན་སྟབས། དེ་ལ་དད་མཁན་ཚོའི་དད་མོས་ལ་རྩི་བཀུར་དགོས་པ་དེ་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་དམིགས་བསལ་འགན་འཁྲི་ཞིག་ཡོད་ངེས་རེད། ཆབ་སྲིད་མི་སྣ་ཞིག་གི་འགུལ་སྐྱོད་ག་འདྲ་ཡིན་ཡང་དེ་མི་མང་གི་སྔུན་སོ་ནས་ཚབས་ཆེན་དོན་ཆེན་ཡིན་པ་དེ་རྒྱུན་ལྡན་ཞིག་རེད། དེའི་ཆ་ནས་མང་ཚོགས་ཀྱིས་ལུགས་མཐུན་གྱི་བསམ་ཚུལ་དང་དགག་པ་ལ་ངས་ཀྱང་མོས་མཐུན་ཡོད་དང་ཡོད། དེ་ནི་མང་གཙོའི་ཁྱད་རྟགས་བླ་ན་མེད་པ་དེ་རེད།  ཡིན་ན་ཡང་དགག་པ་རྒྱག་པ་དེ་གནས་ལུགས་ཡོད་པ་ཞིག་དང་སྐབས་དང་དུས་ལ་རན་པ་ཞིག་དགོས་ངེས་རེད་སྙམ། ད་སྐད་ཆ་འཕྲོས་སོང་།

འོ་རེད། ངའི་སྐད་ཆ་གཙོ་བོ་དེ་གཞི་ནས་བཤད་རྒྱུ་ཡིན། དེ་ཡང་འཁྲུངས་སྐར་མཛད་སྒོ་དེར་སྤྱི་འཐུས་བསྟན་པ་ཡར་འཕེལ་ཁོང་སྒེར་ངོས་ནས་ཡོང་བའམ་ཚོགས་པའི་གདན་ཞུས་གང་ལྟར་ཡང་དེ་ང་ལ་འབྲེལ་བ་མེད། ཡིན་ནང་། ༧སྐུ་མདུན་འཁྲུངས་སྐར་གྱི་ཉིན། མཛད་སྒོའི་དངོས་གཞིའི་སྐབས། ད་དུང་ཕྱི་ནང་གི་སྐུ་མགྲོན་གཙོ་བོ་ཐམས་ཅད་བཞུགས་བཞིན་པའི་མདུན་དུ། གློ་བུར་དུ་བུད་མེད་བརྒྱད་དགུ་ཞིག་མཉམ་གཅིག་ཏུ་ཡོང་ནས་སྐུ་མགྲོན་གྱི་གྲས་ན་བཞུགས་པའི་མི་བྱེ་བྲག་པ་གཅིག་གི་སྔུན་དུ་ཡར་ལངས་ཏེ་རུབ་བརྒྱབས་ནས་ཚོར་བ་རྣོ་བའི་གླེང་སློང་དེ་འདྲ་ཞིག་བྱས་པ་ནི་སྐབས་དང་དུས་ཀྱི་ཆ་ནས་ཤིན་ཏུ་མ་འོས་པ་ཞིག་རེད། ངས་རྩོམ་ཡིག་འདི་འབྲི་མགོ་འཛུགས་སྐབས་ཆེད་དུ་བརྙན་དེར་ཞིབ་ལྟ་ཐེངས་ཁ་ཤས་བྱས་པ་ཡིན། མ་ཉེས་ཁ་ཡོག་བྱེད་ག་ལ་རུང་། བར་འབུད་ཕོ་སར་དེ་ཚོས་ཀྱང་ཚད་ལས་བརྒལ་བའི་གང་ཡང་བྱས་མ་སོང་བསམ། སྐྱེས་སྨན་དེ་ཚོར་ཡང་སྒེར་ངོས་ནས་རྩི་བཀུར་ལོས་ཞུ། ཡིན་ན་ཡང་། ད་ཐེངས་ཀྱི་གནང་སྟངས་དེ་ཏག་ཏག་བསྡད་མ་སོང་།

ད་དུང་སྐབས་དེར་སྡིངས་ཆའི་ཐོག་ན་ལས་རིམ་གཙོ་སྐྱོང་བས་སྐད་ཆ་བཤད་བཞིན་པ་དང་། ཕར་ཉན་ན་ལོ་གཅིག་གི་བོད་ཡིག་ཡིག་ཚད་གྲུབ་འབྲས་དང་འབྲེལ་བ་ཡོད་པ་ཞིག་བཤད་ཀྱི་འདུག་སྙམ།  དེ་ཡིན་ན། དེ་ནི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་མ་ཚོས་ཀྱང་དམིགས་བསལ་དོ་སྣང་བྱེད་བཞིན་པ་ཡིན་རྒྱུ་རེད། ཕྲུ་གུ་ཚོར་མཚོན་ན་དུས་ཚོད་དེ་ནི་ལོ་གཅིག་གི་ནང་ནས་ཡོངས་ཁྱབ་ཀྱི་སེམས་ཤུགས་སྤོར་བའི་གོ་སྐབས་གལ་ཆེ་ཤོས་དེ་རེད། སྡིང་ཆའི་ཐོག་ནས་༧སྐུ་པར་མཐང་གྲོལ་རིན་པོ་ཆེའི་མདུན་ནས་སོ་སོའི་ལོ་གཅིག་གི་གྲུབ་འབྲས་ཡིག་ཚད་ལ་ཁ་བཏགས་དཀར་པོ་ཞིག་གི་རྔན་པ་རག་ན་ཡང་། མི་མང་གི་དགའ་བསུའི་ཐལ་སྒྲ་ཐེངས་གཅིག་ཐོས་ན་ཡང་དེ་ཕར་ཆེར་ཚེ་གཅིག་གི་མི་ཚེའི་གཏམ་རྒྱུད་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་འགྱུར་གྱི་རེད། ང་ཚོ་དང་འདྲ་ནི་མ་རེད། ཁོང་ཚོ་ད་དུང་བྲེད་ཡོད་ནི་མ་རེད། ཤོག་བུ་དཀར་པོ་ལྟ་བུ་རེད། ལེགས་ཉེས་ཀྱི་མཐོང་སྣང་གང་ཡིན་ཡང་ཁོང་ཚོའི་སེམས་སུ་བརྟན་པོར་འཇོག་གི་རེད། ཡིན་ན་ཡང་། མཚམས་དེར་ཆུ་ཁོལ་གྱི་ནང་དུ་འཁྱགས་སོབ་བཤོ་བ་བཞིན་གློ་བུར་དུ་མ་སྐྱིད་པ་དེ་འདྲ་ཞིག་བཟོས་པ་མཐོང་དུས་ཕྲུ་གུ་ཚོའི་ཆེད་དུ་ཡང་ང་ལ་བློ་ཕམ་གཉིས་པ་ཞིག་བྱུང་། ཁྱེད་ཚོ་ཚང་མ་ཕར་བལྟས་ཚོད་ལ་ཕྲུ་གུའི་ཨ་མ་རྐྱང་ཡིན་པ་འདྲ་ཞིག་འདུག དེ་ཡིན་ན་ཁྱེད་རྣམ་པས་སོ་སོའི་ཕྲུ་གུ་ཚོ་མཉམ་དུ་ཕྲུ་གུའི་སྦྱང་འབྲས་ལ་དོ་སྣང་དང་། ཡང་ན་ཉིན་དེའི་མཛད་སྒོ་ལ་སོ་སོའི་ཕྲུ་གུ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་གི་སྐོར་ངོ་སྤྲོད་དང་དེའི་ཕྱོགས་ལ་སེམས་པ་གཏད་ནས་མྱོང་རོལ་བྱེད་དུ་འཇུག་རྒྱུ་དེ་ཁྱེད་རྣམ་པའི་དེ་རིང་གི་ཕྱག་ལས་དང་འོས་འགན་མ་རེད་དམ།

སྐབས་དེར་མདོ་འཛིན་པས་སྐད་ཆ་མཚམས་བཅད་ནས། དེ་རིང་འཁྲུངས་སྐར་རེད།  དེ་རིང་དུས་ཆེན་ཁྱད་པར་ཅན་རེད། ཟ་ངེ་ཟིང་ངེ་གཏན་ནས་མ་གནང་རོགས། བཞུགས་གདན་འཇགས་རོགས། ཞེས་ཡང་ཡང་ཞུ་བ་འཐེན་བཞིན་པའི་སྒྲ་ཐོས་ཀྱི་འདུག

དེ་འདྲའི་མཛད་སྒོ་གལ་ཆེན་ཞིག བོད་པ་ཚོ་དང་ཕྲུ་གུ་ཚོའི་ལོ་གཅིག་གི་ལོ་སར་ཕར་ཕུད་པའི་བདེ་སྐྱིད་ཀྱི་ཉི་མ་གཅིག་པུ། བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་དུས་སྟོན་ཡག་ཤོས། སངས་རྒྱས་དངོས་དང་རྩ་བའི་བླ་མའི་གསང་གསུམ་རྗེས་སུ་དྲན་པའི་དགེ་སྦྱོར་གྱི་གོ་སྐབས་བཟང་པོ། ཕྲུ་གུ་དག་ལ་ཕ་མེས་ཀྱི་རིག་གཞང་ངོ་སྤྲོད་བྱེད་པའི་སྡིང་ཆ་གལ་ཆེན་པོ་འདི་འུར་འུར་ཟིང་ཟིང་བཟོས་སོང་ཨང་སྙམ་དུས་མི་མང་པོ་ཞིག་ལ་མི་སྐྱིད་པ་ཆེན་པོ་བྱུང་ཡོད་པ་ངས་བཤད་མི་དགོས་པ་ཞིག་རེད། དོན་རྐྱེན་འདི་སུ་ལ་འགན་ཡོད་མེད་དང་སུས་ཆད་པ་ཁུར་དགོས་མིན་ངས་མི་ཤེས། རྒྱབ་ལོགས་ན་སུ་ཡོད་ཀྱང་དོ་སྣང་བྱས་མེད། རྩ་བ་མང་པོ་ཞིག་ཕར་དེད་ནས་སྐད་ཆ་བཤད་འདོད་ཀྱང་མེད། དེ་རིང་ང་རྩོམ་ཡིག་འདི་ནི་མ་བྲིས་ཐབས་མེད་ཀྱི་ཚོར་བ་གཅིག་རང་ཞིག་གིས་དེད་པ་སྟེ། ༧གོང་ས་མཆོག་གི་འཁྲུངས་སྐར་རང་ལ་གཅེས་ཤིང་ཕངས་པའི་སེམས་ཚོར་ཙམ་དང་འབྲེལ་བ་ཡོད། དེའི་ན་ངའི་སྐད་ཆ་ནང་དོན་ཚང་མ་ཡང་དེ་ག་རང་གི་ཐོག་ལ་འབབ་རྒྱུ་ཡིན།

ངས་བསམ་ན་དུས་ཚོད་དེ་འདྲ་ཞིག་ལ་གཏད་ནས་འུར་ཟིང་བྱས་པ་དེ་༧གོང་ས་མཆོག་གི་འཁྲུངས་སྐར་མཛད་སྒོ་ལ་གུས་ཞབས་མ་བྱས་པ་རེད། སྐུ་མགྲོན་གཙོ་བོ་ཐམས་ཅད་ལ་གུས་ཞབས་མ་བྱས་པ་རེད། དགའ་སྤྲོའི་ཁེངས་པའི་མི་མང་གི་སེམས་ཚོར་དང་སྤྲོ་སྣང་ལོངས་སུ་སྤྱོད་པའི་ཐོབ་ཐང་ལ་རྩི་འཇོག་མ་བྱས་པ་རེད། ད་དུང་རང་གི་ཆོས་དང་རིག་གཞུང་གི་ཁོར་ཡུག་དང་ཁ་བྲལ་བའི་ཕྲུ་གུ་དག་གི་རང་གི་རིག་གཞུང་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་པའི་སེམས་ཁམས་ལ་རྩི་འཇོག་མ་བྱས་པ་རེད།

ད་དུང་གསལ་བཤད་ཡིན་ན་ཅིག་རེད་ཟེར་ནས་སྒྲ་སྒམ་ཞིག་འདུག དེ་ལ་ནི་ཆོ་གཏན་ནས་མི་འདུག མི་མང་གི་སེམས་ལ་དོ་ཕོག་ག་འདྲ་བཏང་ཡོད་མེད་ཉིན་དེར་ཡུལ་ངོས་ནས་ཡོད་ཟེར་མཁན་བརྙན་ཐུང་ནས་ངུ་བཞིན་སྐད་ཆ་ཤོད་བཞིན་པའི་གཞོན་སྐྱེས་བུད་མེད་དེའི་སྐད་ཆ་དང་རྣམ་འགྱུར་ལས་ཤེས་ཐུབ་པ་དེ་རེད། ང་ཡང་ལེ་ཝར་ཁྲི་སྟོང་གིས་ཆོད་པའི་གླིང་ཆེན་གཞན་གྱི་ས་མཐའ་ཞིག་ནས་སེམས་ཕམ་བྱུང་། ངོ་མ་ཡིན།

གོང་དུ་ཡང་དང་ཡང་དུ་ཞུས་པ་ལྟར། སྤྱིར་སྤྱི་འཐུས་ལ་བདེ་སྡུག་དང་སྐད་ཆ་ཞུ་རྒྱུ་སྤྱི་དམངས་ཀྱི་ཐོབ་ཐང་རེད། ཨ་ཅང་ཅང་། ཡིན་ན་ཡང་།  དེ་ཡང་སྐབས་དང་དུས་ལ་ངེས་པར་བལྟ་ལོས་དགོས། ཆེ་ས་ནས། དཔེར་ན། དབྱིན་ཇིའི་མི་ཞིག་གིས་དབྱིན་ཇིའི་འཐུས་མི་ཞིག་ལ་འདོད་པ་མ་ཁེངས་པའི་ཐོག་ནས་སྐད་ཆ་བཤད་བསམ་ན་ཡང་དབྱིན་ཇིའི་རྒྱལ་མོའི་སྐྱེས་སྐར་གྱི་མཛད་སྒོའི་དངོས་གཞིའི་ཐོག་སྐུ་མགྲོན་གཙོ་བོ་ཐམས་ཅད་གྲལ་དུ་འཁོད་པའི་མདུན་དུ་རྒྱུག་ནས་འུར་ཟིང་བཟོས་ན་ཆོག་རྒྱུ་ཨེ་རེད།

ཆུང་ས་ཞིག་ནས་ཆབ་སྲིད་མི་སྣ་ཞིག་མི་ཚང་ཞིག་གི་གཉེན་སྟོན་མཛད་སྒོར་ཞུགས་ཡོད་ན། དེར་གཞན་པ་ཞིག་ཡོང་ནས་མཛད་སྒོའི་དཀྱིལ་ནས་ཡར་ཡོང་སྟེ་འུར་ཟིང་བསླངས་ན་དེ་ནི་མི་ཚང་དེ་ལ་གུས་མེད་ཞུས་པ་རེད། ཨ་རི་ན་ཡོད་མཁན་ཞིག་གིས་དེ་ཙམ་ཨི་མི་ཤེས། འདི་ཚོ་རྒྱུན་ཤེས་རེད། གལ་ཏེ་ཁྱོད་རང་གི་བློ་ལ་མ་བབ་པའི་སྤྱི་འཐུས་ཤིག་༧གོང་ས་མཆོག་གི་ཕོ་བྲང་དུ་མཇལ་གཅར་དང་ཚོགས་འདུ་ཤིག་ལ་བསླེབས་ཡོད་ན། ཁྱོད་ཀྱིས་གཏམ་བརྗོད་རང་དབང་གི་དར་ཆ་འཕྱར་ནས་ཕོ་བྲང་ནང་ལ་རྒྱུག་རྒྱུ་ཡིན་ནམ། རྒྱུག་ཆོག་གི་མ་རེད། རྒྱུག་ན་༧སྐུ་མདུན་ལ་གུས་ཞབས་མེད་པ་རེད། རྒྱུ་མཚན་ནི་དེ་ནི་ཁོང་སྒེར་གྱི་བཞུགས་གནས་རེད། དེ་ནང་བཞིན། འཁྲུངས་སྐར་མཛད་སྒོ་འདི་བསྟན་པ་ཡར་འཕེལ་ལ་བདག་པ་ཞིག་མ་རེད། བུད་མེད་དེ་ཚོ་ལ་བདག་པ་ཞིག་མ་རེད། དེ་ནི་༧གོང་ས་མཆོག་དང་དེར་འདུས་བོད་པ་ཚང་མའི་ཐུན་མོང་གི་སྡིང་ཆ་རེད། སྐབས་དེར་༧གོང་ས་མཆོག་གི་འཁྲུངས་སྐར་དང་བོད་པ་སྤྱི་བྱིངས་ཀྱི་འདོད་འདུན་དེ་རྩི་བཀུར་བྱ་ཡུལ་ཨང་དང་པོ་དང་གཅིག་པུ་དེ་རེད། དེ་ལ་ཐོབ་ཐང་གི་སྐད་ཆ་བཤད་ས་ཡོད་མ་རེད། གལ་ཏེ་བཤད་ན་དེ་ནི་ཐོབ་ཐང་མ་ཤེས་པའི་རྟགས་རེད། དཔེར་ན། གནམ་གྲུའི་ནང་ནས་མི་གཅིག་གིས་ཅ་ཟིང་པ་ོབཟོས་ན་ཐོབ་ཐང་བཤད་ས་མེད་པ་རེད། རྒྱུ་མཚན་ནི་སྐབས་དེར་གནམ་གྲུ་དེ་ནི་འགྲུལ་བ་སྤྱི་ལ་དབང་བའི་ཁོར་ཡུག་རེད། སྐབས་དེར་འགྲུལ་བ་སྤྱིའི་བདེ་འཇགས་དང་སྡོད་བཟོས་བདེ་བ་ནི་ཀུན་གྱིས་རྩི་སྲུང་དགོས་པའི་རྩ་དོན་ཨང་དང་པོའང་རེད་ལ་གཅིག་པུའང་རེད།

གལ་ཏེ་བསྟན་པ་ཡར་འཕེལ་ལ་ཅིས་ཀྱང་བཤད་འདོད་པ་ཞིག་ཡོད་ན་ཡང་། མི་གཅིག་གིས་བཤད་ན་ལོས་ཆོག ཡིག་ཐོག་ལ་བྲིས་ནས་སྤྲད་ན་ལོས་ཆོག སྒོ་ལ་མར་དོན་ཚར་དུས་ཕྱི་ལོགས་ཀྱི་སྡོད་གནས་སུ་བཙལ་ན་ལོས་ཆོག ངེས་པར་འཁྲུངས་སྐར་མཛད་སྒོའི་དཀྱིལ་ལ་གཏད་པ་འདི་ནོར་བ་རེད། ནོར་བ་དེ་ཚར་ཚར་རེད། གལ་ཏེ་ཁྱེད་ཚོ་ལ་གཞན་གྱིས་དེ་འདྲ་གྱིས་ཞེས་ལབ་ནས་ཁྱེད་ཚོའི་ཚོར་བ་བེད་སྤྱོད་བྱས་པ་ཡིན་ན་རྗེས་ནས་ད་ཐེངས་ཀྱི་ནོར་འཁྲུལ་ལས་ཉམས་མྱོང་བླངས་ནས་གཞན་གྱི་བཀོད་བྱུས་འོག་ཏུ་མ་ཕྱིན་པ་ཞིག་ངེས་པར་དུ་གནང་རོགས་ཞུ། ང་ནི་ཁྱེད་ཚོ་ལ་མ་དགའ་བ་དེ་འདྲ་གཏན་ནས་མེད། ཡིན་ན་ཡང་བློ་ཏོག་ཙམ་ཕམ་བྱུང་།

ད་ཐེངས་ཀྱི་གནད་དོན་འདིའི་ཐད། ཁྱེད་ཚོས་ཀྱང་དང་པོ་ནས་བསམ་བཞིན་དུ་འཁྲུངས་སྐར་ཡག་པོ་མི་ཡོང་བའི་ཆེད་དུ་དེ་འདྲ་བྱས་པ་རེད་ཅེས་ཞུ་མི་ཤེས་ན་ཡང་། བསམ་བློ་ཞིབ་ཚགས་མ་བཏང་བ་ཡིན་ན་འདྲ། གང་ལྟར་དངོས་ཡོད་ཀྱི་མཇུག་འབྲས་བཟོས་ཟིན་པ་མིག་སྔུན་དུ་ཡོད་པ་ལ་བཟང་སྤྱོད་ཀྱི་འགན་འཁུར་རྒྱུ་ནི་གཡོལ་མི་རུང་བ་ཞིག་རེད། རབ་ཡིན་ན་བུད་མེད་དེ་ཚོས་ངེས་པར་དུ་མི་མང་ལ་དགོངས་སེལ་ཞུ་དགོས་ངེས་རེད།

གལ་ཏེ་བུད་མེད་དེ་ཚོའི་ནང་ན་ས་གནས་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་སམ། སྐབས་དེའི་འཁྲུངས་སྐར་གོ་སྒྲིག་མཛད་སྒོའི་སྣེ་ལེན་ཞུ་མཁན་གྱི་རང་འདུན་གྱི་ཞབས་ཞུ་བ་ཡོད་དམ། ཡོད་ན་ཁྱེད་ཅག་གི་ལས་ཀ་ནི་སྐུ་མགྲོན་དང་ཚོགས་ཞུགས་པ་ཚང་མ་ལ་སྤྲོ་བོ་ཡོང་བའི་སྣེ་ལེན་ཞུ་རྒྱུ་ཁོ་ན་རེད། སྐུ་མགྲོན་ནང་ལ་བོད་པ་མིན་པའི་ཕྱི་མི་ཡང་ཡོད་ངེས་རེད། ཞབས་ཞུའི་ཐད་ཀྱི་ནོར་འཛོལ་ཁོ་ནའི་ངོས་ནས་བསམ་ན་ཡང་ལས་འཛོལ་ཆེན་པོ་ཞིག་རེད། ཆུང་ས་ནས་ཟ་ཁང་གི་ཞབས་ཞ་མས་ཟ་ཁང་ནང་ནས་མགྲོན་པོ་གཞན་གྱི་ཁུ་སིམ་ལ་རྩིས་མེད་ཀྱིས་མི་གཞན་དང་ཁ་རྩོད་བྱེད་ཆོག་གམ། དེང་སང་ནི་ཞབས་ཞུའི་དུས་རབས་ཟེར་བ་རེད།

དེས་ན་མི་དེ་ཚོའི་ནང་དུ་འཁྲུངས་སྐར་མཛད་སྒོའི་ལས་བྱེད་ཞབས་ཞུ་བ་ཡོད་ན་གོ་སྒྲིག་ཚོགས་ཆུང་ལ་ཡང་གསལ་བཤད་དང་དགོངས་སེལ་ཞུ་རྒྱུའི་བཟང་སྤྱོད་ཀྱི་འགན་འཁྲི་དམིགས་བསལ་ཞིག་ཡོད་པ་རེད། རྫོགས་སོ། །

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

ཆུ་ཚོད་ ༡༥ སྔོན་ལ།
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

ཆུ་ཚོད་ ༡༧ སྔོན་ལ།
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

མཆན། 31

  1. དགེ་ལེགས། says:
    ལོ་ 5 སྔོན།

    སྐད་ཆ་འདི་ལས་དོན་གནད་གཉིས་མཐོང་ཐུབ། ༡ ཁྱོད་ཀྱིས་བརྙན་གཅིག་མ་གཏོགས་མཐོང་མི་འདུག ༢ དེ་མིན་ན་ཁྱོད་ཀྱིས་བྲང་གཞུང་ལ་ནག་ཐིགས་ཤིག་འདུག ནིའུ་ཡོག་གི་དོན་རྐྱེན་དེར་ང་ཡང་བློ་ཕམ་བྱུང་། དེ་ནི་ཁྱོད་ཀྱིས་བཤད་པ་བཞིན་སྐབས་དང་དུས་ལ་མ་བབས་པ་ཞིག་རེད། བུད་མེད་དེ་དག་གིས་ཐལ་མོ་སྦྱར་ནས་བསྟན་པ་ཡར་འཕེལ་ལ་ཅི་ཞིག་བཤད་བཞིན་འདུག་མོད། འོན་ཀྱང་བར་བྱེད་མཁན་ཕོ་སར་ནུབ་ལ་གྱོན་མཁན་དེས་བུད་མེད་དག་ལ་འབུད་རྒྱག་བརྒྱབ་པ་དང་གདོང་ལ་མཛུབ་མོ་བཙུགས་པ་སོགས་བྱས་རྐྱེན་ཟིང་ཆ་ལང་བའི་མགོ་བཙུགས་སོང་། དེར་མ་ཟད་མདུན་གྲལ་དུ་སྡོད་མཁན་ཞིག་གི་ལག་ནས་ཁ་པར་ཀྱང་ཕྲོག་སོང་བ་ཧ་ཅང་གསལ་པོ་མཐོང་གི་འདུག དེ་ཚོ་ནི་དངོས་གནས་ཚད་ལས་བརྒལ་བ་རེད།

    Reply
  2. ཚེ སྒྲོན says:
    ལོ་ 5 སྔོན།

    རྫ་ཚེ ལགས།དཀྲུག་ཤིག
    དཀྲུག་ཤིག

    Reply
  3. བཀྲིས་ཚེ་རིང་། says:
    ལོ་ 5 སྔོན།

    ཉིའུ་ཡོག་འཁྲུངས་སྐར་དང་ངའི་བློ་ཕམ།
    ཞེས་པའི་བསམ་ཚུལ་ཐུང་ཐུང་དེར་ཐེངས་ཁ་ཤས་བཀླགས་པ་ཡིན། ཡིན་ན་ཡང་དེའི་བརྗོད་དོན་གཙོ་བོ་ནི། སྐུའི་འཁྲུངས་སྐར་སྐབས་བུད་མེད་བརྒྱད་དགུ་ཞིག་གིས་སྤྱི་འཐུས་བསྟན་འཕེལ་ལ་ངོ་རྒོལ་བྱེད་པ་དེ་སྐབས་དུས་ལ་མ་འཚམ་པས་ནོར་བ་རེད་ཅེས་གསུངས་འདུག སྤྱིར་བཏང་ནོར་འདུག་དང་མི་འདུག་ཟེར་ཁ་མཁས་གཏམ་སྙན་ཇི་ལྟར་སྒྲོག་གྱུར་ཀྱང་དེ་ནི་རང་འཁོར་ལ་ཆགས་ཞེན་ཆེ་བའི་བསམ་ཚུལ་ལས་གཞན་མ་མཐོང་། ཁྱོད་ཀྱིས་གསུངས་པ་དེ་བདེན། མི་ཆེན་མི་ཆུང་གང་ཡིན་ཡང་དེའི་མཛད་སྒོའི་སར་མཛད་སྒོ་དང་མཉམ་ཞུགས་བྱས་པའི་མི་དམངས་ལ་གནོད་པའི་ཟང་ཟིང་གནང་ན་དེ་ནི་ནོར་འཁྲུལ་ཞིག་རེད། ཡིན་ཡང་མཛད་སྒོ་དེར་ཞུགས་མི་ཆོག་པའི་བརྡ་ལེན་སྔོན་ཚུད་ནས་སྤྲོད་པའམ་ཞུགས་མི་ཆོག་པའི་རེ་སྐུལ་ཞུ་བ་ནི་ཁྲིམས་དང་མཐུན་ཞིང་དམངས་གཙོའི་འགྲོ་ལུགས་ཡང་དག་དང་མཐུན་པ་ཞིག་རེད། གང་ཡིན་ཟེར་ན། མི་དམངས་ཀྱི་སྤྱི་ཚོགས་མཐུན་ལམ་དང་འཚོ་གོས། ཆབ་སྲིད་བཅས་ལ་གནོད་ཅིང་མི་དམངས་ཀྱི་སེམས་ན་མེད་པའི་དཔོན་ཆེན་ནམ་ཆབ་སྲིད་པ་གང་ཞིག་མི་དམངས་ཀྱི་འཚོ་བར་འཛུལ་ཞུགས་ཡོང་བར་མི་དམངས་ནས་ངེས་པར་དོགས་ཟོན་དང་ཡིད་གཟབ་བྱེད་དགོས་པའི་ཐོབ་སྟངས་ཆ་ཚང་རང་ལ་ཡོད་པ་རེད། དེར་བརྟེན་འཁྲུངས་སྐར་གྱི་མཛད་སྒོར་བསྟན་འཕེལ་ཕེབས་མི་ཡོང་བའི་རེ་སྐུལ་ཞུ་འབོད་དེ་ཁྲིམས་དང་མཐུན་པ་ཞིག་རེད།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་་ཉེh says:
    ལོ་ 5 སྔོན།

    བློ་གཟུ་བོར་གནས་པའི་རྩོམ་ཡིག་རང་རེད་འདུག་ཐུགས་རྗེ་ཆེ་བཀྲིན་ཆེ་
    རྫ་ཚེ་རིང་བཀྲིས་ལགས་།

    Reply
  5. བློ་གྲོས་རང་བརྟན། says:
    ལོ་ 5 སྔོན།

    སྤྱི་ཚོགས་ཟང་ཟིང་དང་མིག་ལྟོས་ངན་པ་དེ་འདྲ་བྱུང་དགོས་པའི་རྩ་བ་བསྟན་པ་ཡར་འཕེལ་ལ་ཐུག་ཡོད། རྒྱུ་མཚན་ནི་བསྟན་པ་ཡར་འཕེལ་ཉིན་དེར་ཡོང་མེད་ན། གནས་ཚུལ་དེ་བྱུང་མེད་པ་ངས་ཁག་ཐེག་བྱས་ནས་སྨྲ་ཐུབ། བསྟན་པ་ཡར་འཕེལ་ལ་མི་མང་གི་ངོ་རྒོལ་ཡོད་པ་ཡོངས་གྲགས་རེད་ལ། བསྟན་འཕེལ་ནས་དེ་ཤེས་བཞིན་དུ་ཟང་ཟིང་བཟོ་ཐུབ་རྒྱུ་རེད་བསམས་ནས་ཆེད་དུ་བཅར་བ་ཞིག་རེད། ད་དུང་བཤད་ན། བསམ་བཞིན་དུ་༧གོང་ས་མཆོག་གི་འཁྲུངས་སྐར་ལ་བལྟས་ནས་ཁོ་མ་བོས་ཀྱང་སྤྱི་ཚོགས་དཀྲུགས་པར་ཡོང་ཡོད། བསྟན་འཕེལ་ཀྱི་ལས་སྟངས་བྱེད་སྟངས་དེས་༧གོང་ས་མཆོག་ལ་མ་རངས་མ་དགའ་བའི་རྣམ་འགྱུར་སྟོན་སྟངས་ཤིག་ཀྱང་རེད།

    Reply
    • བསོད་གཡང་། says:
      ལོ་ 5 སྔོན།

      རེད་རེད། བློ་རབ་ལགས་ཁྱེད་རང་གསུངས་པ་བདེན་པ་རེད།

      Reply
  6. ལྷ་མོ། says:
    ལོ་ 5 སྔོན།

    རྫ་བཀྲ་ལགས།སྨྱོན་གཏམ་མང་པོ་བཤད་མ་སྡོད།སྤྱི་འཐུས་གྲོས་ཚོགས་སུ་གཙང་མ་ཆགས་་ཚར་བ་རེད།གྲོགས་ཚོགས་བརྙན་འཕྲིན་བལྟས་ཀྱི་ཡོད་པས།ཡོད་ན་སྒེར་གྱི་མཁོན་ནད་རེད་།བལྟ་མ་མྱོང་ན།ཡར་བསྐྱར་ཆ་ཚང་བ་གཅིག་ལྟོས་དང།བོད་རིགས་ནང་ཁུངས་དཀྲུགས་མ་བསྡོད།

    Reply
  7. Rinchen paldon says:
    ལོ་ 5 སྔོན།

    ཨ་མི་རི་ཀ་ལ་གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་ཟིང་ཆ་བསླང་། མི་མང་མཐུན་སྒྲིལ་གཏོར་བཤིག་བཏང་བ་བུད་མེད་དེ་ཚོ་ནི་རྒྱ་མི་ལག་ནས་ལྐོག་བརྡན་ལེན་མཁན་རེད། དེ་ཚོ་ལ་ང་ཚོས་ངན་ལན་མཇལ་དགོས་ དེ་ཚོ་སྣང་མེད་བཏང་ན་མི་འགྲིག་ དེ་ཚོ་གི་ད་དུང་ཟིང་ཆ་བསླང་ངེས་རེད།

    Reply
  8. ཐུབ་དབྱིག says:
    ལོ་ 5 སྔོན།

    རྩོམ་ཡིག་འདི་ལ་གསལ་དཀྲོལ་བྱེད་དགོས་པ་གཅིག་ནི། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གྲོས་ཚོགས་ནང་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་གཅིག་མི་སྒེར་པ་ཞིག་ལ་གཟེངས་རྟགས་ཀྱི་མཛད་སྒོར་ཕེབས་པའི་སྐོར་ལ་གླེང་སློང་སྐྱོན་བརྗོད་བྱས་པ་དེར་བཀའ་ཤག་གིས་གསལ་བཤད་གནང་རྗེས་སྤྱི་འཐུས་གྲོས་ཚོགས་ལ་གཏམ་བཤད་དེ་ཕྱིར་འཐེན་བྱས་པ་ཡིན་ཞེས་གསུངས་ནས་གྲོས་ཚོགས་ཀྱི་དེབ་ཐེར་ནས་ཕྱིར་འཐེན་གནང་ཡོད་པ་ལས་གནས་ཆུང་དང་འབྲེལ་བའི་སྐྱོན་བརྗོད་ཁ་རྡུང་བཏང་བ་དེ་ཕྱིར་འཐེན་བྱས་མེད། གནས་ཚུལ་དེ་ཁ་སྔོན་ཀྲོ་རོན་ཀྲོ་བོད་རིགས་སྤྱི་མཐུན་ཚོགས་པར་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་ཐོག་ཚོགས་དྲུང་ལས་ཁུངས་ཀྱིས་བཏང་བའི་ཕྱག་བྲིས་དེའི་ནང་དུའང་རྫུན་བཤད་འདུག་པས། གནས་ཚུལ་དེར་མང་ཚོགས་མགོ་རྨོངས་སུ་འཇུག་གི་འདུག བདེན་དཔང་ནི་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་བརྙན་འཕྲིན་དང་གྲོས་ཚོགས་ཀྱི་དེབ་ཐེར་ནས་གསལ་དཀྲོལ་བྱེད་ཐུབ། སྤྱི་ཚོགས་ནང་ཟང་ཟིང་མི་ཡོང་བར་ཆབ་སྲིད་མི་སྣ་ཚོར་དམིགས་བསལ་འགན་འཁུར་ཡོད་པ་དང་། ནིའུ་ཡོག་ནང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ལ་ངོ་རྒོལ་བྱེད་མཁན་མང་པོ་ཡོད་པ་མཁྱེན་བཞིན་དུ་མང་ཚོགས་འདུ་འཛོམས་བྱེད་སར་ཕེབས་རྒྱུར་ཐག་གཅོད་གནང་བ་དེ་ཟང་ཟིང་དེའི་རྒྱུ་རྐྱེན་མ་རེད་ཅེས་བརྗོད་དཀའ།

    Reply
    • ནོར་བུ། says:
      ལོ་ 5 སྔོན།

      ཚེ་རིང་བཀྲ་ཤིས་ལགས། ༡། བསྟན་པ་ཡར་འཕེལ་ནིའུ་ཡོག་འཁྲུངས་སྐར་དུས་ཆེན་ལ་ཡོང་ན་འགྲིག་ཀྱང་། གོ་སྒྲིག་པས་གདན་ཞུ་བྱས་པའི་སྐུ་མགྲོན་མིན་སྟབས། ཁོ་པས་རང་བཟོས་ཀྱིས་དཔུང་རྟགས་བཏགས་པ་དང་སྐུ་མགྲོན་བཞུགས་གནས་སུ་བསྡད་པ་ནི་ངོ་ཚ་ཞེ་བྲལ་ཡིན་པ་གསལ་པོ་བཟོ་དགོས། ༢། གཟའ་འཁོར་གཉིས་གསུམ་སྔོན་ནས་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་ཆེད་དུ་ཕྱག་ལས་གནང་མཁན་བུད་མེད་ཁ་ཤས་ཀྱིས་བསྟན་པ་ཡར་འཕེལ་ལ་ལག་ཟུང་ཐལ་མོ་དང་བཅས་ཞུ་འབོད་བྱས་པ་ནི་འགྲིག་པ་དང་། ཞུ་འབོད་དེ་ལྟ་བུ་འཁྲུངས་སྐར་དུས་ཆེན་ལ་བྱེད་མི་རུང་བ་གང་ཡང་མ་རེད། དམིགས་བསལ་༧གོང་ས་མཆོག་དང་། གཞུང་བསྟེན་དགྲ་ལྷ་གནས་ཆུང་ཆོས་རྒྱལ་ཆེན་པོར་མཚན་སྨད་མ་བྱེད་རོགས་ཞེས་ཞུ་འབོད་བྱེད་པ་དེས་༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་དད་དམ་གུས་བརྩི་ཞུ་སྟངས་འགྲིག་པ་ཞིག་རེད། ཡིན་ནའང་། ཟང་ཟིང་བཟོ་མཁན་ནི་བསྟན་པ་ཡར་འཕེལ་གྱིས་མཉམ་འཁྲིད་བྱས་པའི་མི་དེ་དག་ཡིན་པ་བརྙན་ཐུང་ལམ་ནས་གསལ་པོ་མཐོང་རྒྱུ་འདུག་ལ། དམིགས་བསལ་བསྟན་ཡར་ཕྱོགས་གཏོགས་དེ་དག་གིས་བུད་མེད་ལ་གུས་ཞབས་བྲལ་བའི་ལག་འཇུ་དང་། སྡིགས་རའི་མཛུབ་མོ་བསྟན་པ་ཡང་བརྙན་པར་ལམ་ནས་གསལ་པོ་མཐོང་རྒྱུ་ཡོད་པ་ཁྲིམས་ཐོག་ནས་སུ་བདེན་གསལ་པོ་ཤེས་ངེས། ༣། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་གཞུང་འབྲེལ་ལས་ཤོག་ཐོག་ལ་གསལ་བསྒྲགས་ཁ་གསལ་གཏིང་གསལ་བཏང་པ་དེའི་ནང་བསྟན་ཡར་ཕྱོགས་གཏོགས་པ་མི་དེ་དག་གིས་བུད་མེད་ལ་ཁྲིམས་འགལ་ལག་འཇུ་བྱས་པ་དེ་དག་ལ་བཟང་སྤྱོད་ཀྱི་ཐོག་ནས་དགོངས་སེལ་ཞུ་རྒྱུ་གོ་སྐབས་སྤྲད་འདུག་པ་དང་། གལ་སྲིད་དགོངས་སེལ་མ་ཞུས་ན་གང་ཡོང་ས་གནས་བུད་མེད་ལྷན་ཚོགས་ནས་ཁྲིམས་གཏུགས་བྱེད་མི་ཡོང་ངམ་སྙམ།

      Reply
  9. Tenzin Jackson says:
    ལོ་ 5 སྔོན།

    Ven tenpa yarphel la is a buddhist monk, who has vowed to practice the dharma, but his mistake in not understanding the sensitivity of a topic and sentiments of people launched an attack on Nechung (an oracle revered by most of the tibetan) and the private office of HHTDL in a session of Tibetan parliament. Due to which many Tibetan were hurt and started to show their contempt on him through certain activity and this is one among them.
    I really don’t vouch their timing in opposing him, it’s H.H birthday!
    Whether these people who are opposing him with a pretext or real concern, it’s sure that the entire environment of the Tibetan in exile in particular has become murky. Directly or indirectly ven tenpa yarphel has the responsibility on this mishap happening in Tibetan diaspora.
    I am thinking how about Tenpa la resigning from MP for it will help subside the dis-unifying vibe in our community. I hope him not taking seat as MP will not robe out the voice of Kagyuepa, besides it will set an unprecedented image or example of monk politician who’s really after the welfare of whole, nullifying the opposing voice of factionalism!
    In Buddhism it’s said the practitioner should take a loss and offer the victory to en enemy, and if really helps bring larger meaning and implication to the standard of Tibetan politics then what is wrong in having an idea of Tenpa yarphel la’s resignation!!!

    Reply
  10. འཇམ་བཟང་ says:
    ལོ་ 5 སྔོན།

    གནད་ལ་ཁེལ་བ་ཞིག་བྲིས་གནང་འདུག་བཀའ་དྲིན་ཆེ།

    Reply
  11. ཐོས་པ་དགའ། says:
    ལོ་ 5 སྔོན།

    རྫ་བཀྲ་ལགས་ཀྱིས་གསུངས་པ་ལ་གནས་ལུགས་ཧ་ཅང་འགུ།

    Reply
  12. བློ་བཟང་བསྟན་འཛིན་ says:
    ལོ་ 5 སྔོན།

    རྫ་ཚེ་རིང་ལགས་་ཀྱིས་བརྙན་ཐུང་དེ་ཡག་པོ་མ་བལྟས་པའམ་མ་མཐོང་བ་གང་ཡིན་མ་ངེས་ཀྱང་རྩོམ་དེ་དྲང་བདེན་ཞིག་ཏུ་མཐོང་མ་སོང་། མ་ཟད་རྩོམ་ནང་གི་དཔེ་དང་དོན་གཉིས་དེས་བས་མཚུངས་ཀྱི་མིན་འདུག། བསྟན་ཡར་གྱིས་རྒྱུན་དུ་
    ༸གོང་ས་ཆེན་པོར་ཟུར་ཟ་དང་། མཚན་སྨད་བྱས་བཞིན་དུ་ད་རེས་༸སྐུའི་འཁྲུངས་སྐར་ལ་མ་འབོད་སྐུ་མགྲོན་དུ་ཡོང་བ་
    ཡིན་ན། བསམ་བཞིན་དུ་དོན་རྐྱེན་དེ་འདྲ་ཞིག་སློང་རྒྱུའི་བསམ་བློ་མེད་པ་ཡང་མི་སྲིད། །

    Reply
    • ཏྲེ་ཧོར་ཀརྨ་སྐལ་བཟང་། says:
      ལོ་ 5 སྔོན།

      མ་འབོད་འགྲོན་དུ་ཕེབས་པ་མ་རེད། སྐུ་བསྟན་པ་ཡར་འཕེལ་མཆོག་ལ་བོད་རིགས་སྤྱི་འཐུས་ཚོགས་པའི་་འགྲོན་ཤོགས་ཕུལ་བ་ཞིག་རེད། ད་དུང་ཕུལ་བའི་དུས་ཚོད་ནི་ནེའུ་ཡོད་བོད་མའི་gala dinner གྱི་དགོང་མོ་ཆུ་ཚོད་བརྒྱད་པའི་ཐོག་བོད་རིགས་སྤྱི་འཐུས་ཚོགས་པའི་ལས་བྱེད་ཞིག་གིས་སྐུ་ངོ་ཕྱག་ཏུ་ཕུལ་ནས་སྐུ་ངོ་ལགས་གོང་ས་མཆོག་སྐུའི་འཁྲུངས་སྐར་ལ་ཕེབས་རོག་ཞུ་སོང་། སྐུ་ངོ་བསྟན་པ་ཡར་འཕེལ་ནས་ཀྱང་ཞལ་བཞེས་གནང་སོང་ཡ་ཡ་ཡོང་གི་ཡིན་གསུངས་སོང་། བོད་རིགས་སྤྱི་འཐུས་ཚོགས་པའི་སྐུ་ངོ་བསྟན་པ་ཡར་འཕེལ་གཅིག་པོ་ཙམ་མ་ཡིན་པ་ད་དུང་གཞན་སྤྱི་འཐུས་གཉིས་ལ་འགྲོན་བརྡ་ཕུལ་ཡོད་རེད། ངོ་ལོག་པ་ཚོའི་དམིགས་ཡུལ་གཙོ་བོ་ནི་གོང་ས་མཆོག་སྐུའི་འཁྲུངས་ལ་གཏོར་ཡ་དེ་རེད་འདུག། ག་སྲིད་སྐུ་ངོ་ཁོང་ལ་ངོ་རྒོལ་ཡོད་ན་ཁ་སང་ཉི་གང་པོ་སྐུ་ངོ་མཆོག་ཀོ་རོ་ན་ཟེར་བའི་གླིང་ཁ་ལ་ཕེབས་ནས་བཞུགས་པ་རེད། དེ་དུས་འཁྲུངས་སྐར་སྐབས་སུ་ངོན་རྒོལ་བྱེད་མཁན་མང་པོ་ཞིག་མཐོང་ཡ་འདུག་ཀྱང་ཁོ་ཚོའི་སྐུ་ངོ་མཐོང་ན་ཡང་མ་མཐོང་མདོག་བྱེད་སུ་གང་གིས་ཁ་དྲག་ཕོད་ཀྱི་མི་འདུག།

      Reply
  13. ཨ་འབར། Jigwang says:
    ལོ་ 5 སྔོན།

    ༄༅། བསྟན་པ་ཡར་འཕེལ་མ་རེད། བསྟན་པ་མར་བཤིགས་པ་རེད།
    བོད་ཀྱི་གཏམ་དཔེར། རྟོགས་པ་ལྷ་དང་མཉམ་ཡང་།
    སྤྱོད་པ་མི་དང་མཐུན་པ་གྱིས་གསུངས་པ་བཞིན་གནང་དགོས།
    སངས་རྒྱས་ཀྱི་གོས་གྱོན་ནས་སྤྱོད་པ་དེ་ལས་མེད་ན་སུས་གུས་བཀུར་བྱེད།

    Reply
  14. དཔལ་འབར། says:
    ལོ་ 5 སྔོན།

    བུད་མེད་དེ་ཚོའི་ངར་ཤུགས་ལ་བལྟས་ན་རྒྱབ་ནས་ཚ་འདེད་གཏོང་མཁན་ངར་ཤུགས་ཆེན་པོ་ཞིག་ཡོད་ངེས་རེད།

    Reply
  15. ཐོས་པ་དགའ། says:
    ལོ་ 5 སྔོན།

    རྫེ་ཚེ་ཟེར་པའི་སྐབས་འཚོལ་བ་ཁྱོད་ལྟ་བུ་བློ་ཕམས་ཡང་དེ་ཙམ་ཧ་ལས་ཡ་མི་འགུ། རྒྱུ་མཚན་ནི་ཁྱོད་ལ་ཕྱོགས་རེས་ཀྱི་མཁྲིས་ནད་ཡོད་ཙང་སྙིང་རྗེའི་ཡུལ་རེད། ན་ཚ་འདིའི་རིགས་ནི་ཧ་ཡེ་པ་ཊ་ཡེ་ཊིས་ཆགས་ཚར་ཡོད་སྟབས་མི་སུ་ཡིན་ཡང་ཉེ་ཁྲིས་སུ་མ་བཅར་ན་བཟང་། འགོ་ནད་རེད།

    Reply
  16. དྲང་མོ། says:
    ལོ་ 5 སྔོན།

    རྫ་བཀྲ་ལགས།
    ཁྱེད་རྣ་བ་གསལ་ཡང་མིག་ནི་མི་གསལ་བ་འདྲ། སེམས་ཚོར་ཙམ་བྲིས་ནས་དངོས་ཐོག་བདེན་འཚོལ་དང་རྩོད་པའི་འབྱུང་རྩ་མ་བྲིས་པ་དེ་མཁས་པས་བྱེད་སྟངས་ཤིག་མ་རེད་བསམ།

    སྤྱི་འཐུས་མིང་འཁུར་མཁན་བསྟན་པ་ཡར་འཕེལ་ཁོ་གང་དུ་སོང་ན་དེ་ནས་རྙོག་དྲ་ཡོད་པ་དེ་ངས་མ་བཤད་རུང་ཁྱེད་ཀྱིས་ཤེས་ཚོད་རེད།

    ཁྱེད་ཀྱིས་དཔེ་མཚོན་འགའ་བྲིས་ཡོད་པའི་ནང་ནས་གཅིག་གཡར་ན། གནམ་གྲུའི་ནང་གི་འགྲུལ་བ་གཅིག་གིས་དེའི་ནང་གི་འགྲུལ་བ་ཡོངས་ལ་གནོད་ན་འགྲུལ་བ་ཚང་མས་འགྲུལ་བ་གཅིག་བུ་དེར་གནོད་མ་བྱེད་པའི་བསམ་ཚུལ་ལོས་བཤད་ཆོག བསྟན་པ་ཡར་འཕེལ་ཁོས་བོད་མི་མང་བོ་ཞིག་གིས་ལོ་ངོ་བརྒྱ་ཕྲག་འགའི་རིང་དུ་དད་པ་དང་ཡིད་ཆེ་བྱེད་སའི་སྲུང་མ་ཞིག་ཏུ་སྨ་འབེབས་དང་ངན་སྨྲས་བྱས་ནས་བོད་མི་མང་བོ་ཞིག་གི་སེམས་སུ་རྨ་ཁ་བཟོས་པ་དང་བོད་ནང་དཀྲུགས་བྱས་པ་དེ་བརྗེད་ཀ་ལ་སྲིད། དེ་ནི་སངས་རྒྱས་བསྟན་པའི་དགྲ་བོ་མིན་ན་ཅི་རེད་དམ། ཆོས་དཔེ་འགའ་མེར་བསྲེགས་པ་དང་ལྷ་སྐུ་འགའ་བཤིག་པ་ཙམ་གྱིས་སངས་རྒྱས་བསྟན་པའི་དགྲ་བོ་ག་ལ་ཡིན། སངས་རྒྱས་བསྟན་པའི་དགྲ་བོ་དངོས་ནི་བསྟན་པ་ཡར་འཕེལ་འདྲ་བོ་མིའི་དད་པར་གནོད་པ་བྱེད་མཁན་ཚོ་ཡིན་པས། ད་ཐངས་ཀྱི་རྙོག་དྲ་འདི་ཡང་འབྱུང་རྩ་དེ་རེད།

    རྫ་བཀྲ་ལགས། རྗེས་སུ་འབྲི་དུས་དངོས་ཐོག་བདེན་པའི་རྩ་བ་འབྲི་རོགས། བརྙན་ཐུང་དུ་མཐོང་ཐུབ་པའི་བསྟན་པ་ཡར་འཕེལ་སྲུང་ཆེད་ ༼ སྐད་
    འཕྲིན་དང་ངོ་དེབ་སོགས་སུ་ཁོངགི་སྒེར་གྱི་སྐུ་སྲུང་དང་དྭང་བླངས་པ་རེད་ཟེར། ༽ ཕོ་སར་འགས་བུད་མེད་དེ་ཚོར་ལག་པ་འཕྱངས་སྟེ་བཙན་རྒོད་བྱས་པ་དེ་ཚོ་བྲིས་ན་ལེགས་བསམ།

    Reply
  17. པདྨ། says:
    ལོ་ 5 སྔོན།

    དོན་དུ་གནས་སྟངས་ཅི་ཞིག་བྱུང་བ་དེར་ཡོད་མི་སྣ་ཚོས་གསལ་པོ་ཤེས་པ་མ་གཏོགས། གནས་ཡུལ་གཟན་ཡོད་པ་དག་གིས་མཐོང་བ་ནི་བརྙན་ཐུང་དེ་རེད། སྤྱིར་ན་གོ་སྒྲིག་ཞུ་མཁན་དེ་ཚོགས་སྒེང་སུ་ཡིན་མི་ཤེས་ནའང་། རྙོག་གླེང་ཅན་གྱི་སྤྱི་འཐུས་ཁོང་ལྟ་བུ་ལས་གཞན་བྱང་ཨ་རིའི་སྤྱི་འཐུས་དང་། དོན་གཅོད་ལས་ཁུངས་ཀྱི་མི་སྣ་སོགས་གདན་ཞུ་བྱ་འོས་པ་མང་པོ་ཡོད་ཀྱང་། རྐང་བཙུགས་ནས་རྙོག་གླེང་བཟོ་འཆར་ཡོད་པ་ནང་བཞིན་གང་ཟག་སྤྱི་འཐུས་དེ་གདན་ཞུ་བྱས་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། །ང་རང་སྒེར་ལའང་སྤྱི་འཐུས་ཁོང་དང་དམིགས་བསལ་གྱི་འཁོན་འཛིང་དང་མི་དགའ་བ་བྱེད་དགོས་པའི་གནད་དོན་ཅི་ཡག་མེད་ཀྱང་། ད་བར་དུ་གང་ཟག་སྤྱི་འཐུས་ཁོང་གིས་གྲོས་ཚོགས་ནང་དང་ཕྱི་གཉིས་སུ་རྒྱ་ཆེ་མང་་ཚོགས་ཀྱི་སེམས་པ་འཁྲུག་གཞིའི་བྱ་བ་མང་དུ་བརྩམས་ཡོད་ལ། ད་དུང་ཡང་རྩོམ་བཞིན་ཡོད་པ་ལྟ་བུར་སྣང་། དེར་བརྟེན་མང་ཚོགས་ཀྱིས་མི་འདོད་པའི་རྣམ་པ་སྟན་པ་ལས། སྒོ་ང་དང་ཊོ་མ་ཊོ་ཞུས་པ་ལྟ་བུའི་ཚབས་ཆེ་བའི་གནད་དོན་བྱུང་མེད། མ་གཞི་གོ་སྒྲིག་པས་ཁོང་གདན་ཞུ་བྱས་པ་དེ་ནོར་འཁྲུལ་རེད་ལ། དེར་གོ་སྒྲིག་པའི་ངོས་ནས་མང་ཚོགས་ལ་དགོངས་སེལ་ཞུ་དགོས་པ་ཧ་ཅང་གལ་ཆེ། །དང་པོ་ནི་ཁོང་གདན་ཞུ་བྱས་པའི་རྐྱེན་གྱིས་༧རྒྱལ་བའི་འཁྲུངས་སྐར་སྲུང་རྕི་ལ་བར་ཆད་བྱུང་བ་དང་། དེའི་རྐྱེན་པས་མང་ཚོགས་ཀྱི་སེམས་ཕམ་དགོས་པ་ཆགས། རྒྱུ་མཚན་དེ་གཉིས་ལ་བརྟེན་ནས་གོ་སྒྲིག་པའི་ངོས་ནས་དགོངས་སེལ་ཞུ་གལ་ཆེ། །

    Reply
  18. Ganchab says:
    ལོ་ 5 སྔོན།

    དོན་དངོས་དང་མཐུན་པའི་ཐོག་ནས་རྩོམ་ཡིག་ལེགས་པོ་ཞིག་བྲིས་གནང་འདུག ཡིན་ནའང་དྲ་འབུ་ཁག་གཅིག་གིས་སླར་ཡང་ངན་པ་དགུ་ལ་འཛོམས་པའི་རྨོ་ཏོ་དེ་ཚོའི་བྱ་སྤྱོད་ངོ་མ་དེ་སྦས་བསྐུངས་བྱས་དང་མ་བྱེད་ཡོད་མ་རེད་ ཚང་མས་བརྙན་ཐུང་གི་ལམ་ནས་མཐོང་བསྡད་པ་དེ་རེད། དེ་ལས་ལྷུག་རྩོམ་དེའི་བྲོ་བ་ཉམས་སུ་བླང་བ་བྱ་ན་ལེགས།

    Reply
  19. རབ་དགའ says:
    ལོ་ 5 སྔོན།

    མི་ངན་དེ་ཚོས་རྒྱལ་བ་རིན་པོ་ཆེ་དང་དགའ་ལྡན་ཕོ་ཕྲང་ལ་མཚན་སྨད་ཞུ་དུས་སེམས་པ་སྐྱིད་པོ་མི་འདུག་ཟེར་མཁན་མི་འདུག ད་རེས་བསྟན་པ་ཡར་འཕེལ་ལ་ངོ་རྒོལ་བྱེད་དུས་སེམས་པ་སྐྱིད་པོ་མ་བྱུང་ཟེར་ནས་ཧ་ལས་མདོག་བྱས་ཡོང་གི ད་འདི་ག་རེ་ཡིན་པའི་ཁུལ་རེད། ཤ་ཚ་ཁུལ་བྱས་ཀྱང་དོན་ལ་སྙིང་ནད་མ་ཐེགས་པ་རང་རེད། སྡུག་གྱོང་རེད། ད་དུང་ཡང་བླང་དོར་ཚུལ་བཞིན་མ་བྱས་ན་ངོ་རྒོལ་མུ་མཐུད་བྱེད་དགོས་རེད། ངན་པ་ཚར་མ་བཅད་ན་བཟང་པོ་སྤྲོ་བ་མ་སྐྱེས་ཟེར་བ་ཡིད་ལ་ཟུངས།

    Reply
  20. སྐལ་བཟང says:
    ལོ་ 5 སྔོན།

    སྐྱབས་མགོན་རིན་པོ་ཆེ་ལ་མི་དགའ་བའམ་དད་མོས་མེད་མཁན་ཞིག་ཁོང་གི་འཁྲུང་སྐར་བསུ་བར་ག་རེ་བྱས་ནས་ཡོང་པ་རེད།
    བསམ་བློ་ཐོང་དང་།
    རྐང་བཙུགས་ནས་རྙོག་གྲ་བཟོ་གི་ཡོང་པ་རེད་པ་་་
    ཤེས་གི་ཤེས་གི་ལ་་་་རྫ་ཚེ་མིང་ཅན་འདིས་ད་དུང་དམ་ཉམས་ཁོ་ལ་རྒྱབ་སྐྱོར་བྱས་དགོས་ཡ་ག་རེ་རེད།
    ཁོ་ནི་སུ་གང་གིས་སྐད་བཏང་མི་འདུག
    ཡོང་ཡ་དེ་ཀུན་སློང་ངན་པ་ཡོད་རེད་བསམ་གི་འདུག

    Reply
  21. བསྟན་འཛིན says:
    ལོ་ 5 སྔོན།

    ཡག་པོ་བྲིས་འདུག་་་ཡིན་ནའང་དེ་ཙམ་སྣང་བ་འགྲོ་བོ་ཞིག་བྱུང་མ་སོང་།

    Reply
  22. བིས་པ། says:
    ལོ་ 5 སྔོན།

    དབྱིན་ཇི་རྒྱལ་མོ་ལ་སྐྱོན་བརྗོད་དང་སྐུར་འདེབས་བྱེད་མཁན་ཞིག་དབྱིན་ཇི་རྒྱལ་མོའི་སྐྱེས་སྐར་ཡོང་གི་རེད་དམ། ཡོང་ནས་ད་དུང་གྲལ་མགོ་ནས་གཅིག་ཡིན་མདོག་མདོག་བྱས་ནས་བསྡད་ན་རྒྱལ་མོ་ལ་དགའ་མཁན་དེ་ཚོ་དགའ་གི་རེད་དམ།

    Reply
  23. དགེ་བསྟན། says:
    ལོ་ 5 སྔོན།

    རྫ་བཀྲས་བརྙན་ཡག་པོ་མ་མཐོང་བར་མངོན། བུད་མེད་དེ་དག་གིས་གུས་ཞབས་མེད་པ་གང་ཡང་བྱས་མ་སོང་། སྟོད་གོས་ནག་པོ་གྱོན་པའི་སྐྱེས་པ་དེས་བུད་མེད་ཅིག་གི་རྒྱབ་ལ་འཇུས་ནས་ཚ་འཐེན་བྱས་པར་མ་ཟད། འབུད་རྒྱག་བཏང་སྟེ་བསྟན་ཡར་སྐྱོབ་ཐབས་བྱས། བུད་མེད་དེ་དག་ལ་ཕར་རྒོལ་བྱས་པས། ད་གཟོད་རྙོག་དྲ་ཆེར་གྱུར་པ་ཡང་མ་མཐོང་བར་འདུག

    Reply
  24. Tenzin Nyendak says:
    ལོ་ 5 སྔོན།

    ཡག་པོ་འདུག

    Reply
  25. བསམ་པ་རྣམ་དག says:
    ལོ་ 5 སྔོན།

    སྒོར་བཞས་འཁྲབས་ནས་ཉི་མ་གཏོང་གི་རེད། སྤྱི་མཐུས། རིག་གཞང། རྩི་བཀུར། སྔུན་དུ། ཕོ་སར། ༧སྐུ་པར་མཐང་གྲོལ།མཇལ་གཅར། གཟིགས་ནས་བཅོས་རོགས་གནང།

    Reply
  26. སྐལ་བཟང says:
    ལོ་ 5 སྔོན།

    སྐྱ་མིན་སེར་མིན་ཚོས་ཁ་ལ་བདག་པོ་མ་བརྒྱབ་པར་སེམས་ལ་གང་དྲན་ཁ་ནས་བཤད་ན་མགོ་ལ་ཡོང་རྒྱུ་འདི་རེད།
    དག་དག་རེད། འགྲོ་ས་འདུག་ས་མེད་པ་བཟོ་དགོས་ལེ་རེད།

    Reply
  27. Tashi says:
    ལོ་ 5 སྔོན།

    ཐུགས་རྗེ་ཆེ་དཔེ་ཡག་པོ་བྲིས་འདུག་རྗེས་སུ་ཡི་རང་ཡོད།

    Reply
  28. གཞུང་པ་ཚེ་དབང་བསོད་ནམས་་ཉེh says:
    ལོ་ 5 སྔོན།

    བོད་འབངས་བསོད་ནམས་རི་ལུང་ལ་གསུམ་བགྲོད་།
    བོད་འབངས་བསོད་ནམས་ལ་ཁའི་དར་ལྕོག་འདྲ་།
    བོད་འབངས་བསོད་ནམས་ཆབ་སྲིད་མི་སྣའི་འོག་།
    བོད་འབངས་བསོད་ནམས་ནང་ཁུལ་དམ་ཉམས་འོག་།

    མི་རིགས་རང་དབང་འཐབ་རྩོད་ངོ་མ་མིན་།
    མི་རིགས་མཐུན་འབྲེལ་ཆབ་སྲིད་བསྲ་བརྟན་མིམ་།
    མི་རིགས་གསོ་སྐྱོངས་ཐུབ་ལ་འགན་འཁུར་དགོས་།
    མི་རིགས་མཉམ་གནས་ཐུབ་ལ་བཟོད་སྲན་དགོས་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist