མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནད་པར་སྨན་དགོས། བྱིས་པར་བརྡུང་དགོས། 

བོད་ཀྱི་དུས་བབ།
༢༠༡༩/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

——– བྱིས་པ་དྲག་སྐྱོང་གི་སློབ་གསོའི་ཁེ་ཕན་གླེང་བ།

མི་ཞུན། ཧྥ་རན་སི།

ཀློག་མཁན་ཚང་མ་ལ་བཀྲ་ཤིས་བདེ་ལེགས། ངས་འདི་ལྟར་བྱིས་པར་བརྡུང་བ་ནི་ནད་པར་སྨན་སྤྲད་པ་དང་འདྲ་བོ་ཡིན་ཚུལ་ཅིག་བཤད་ན་མང་ཆེ་བའི་བློར་མི་འགྲོ་ན་ཐང་མོད། དེ་ལ་གལ་མི་འདུག་སྟེ། 1) སེམས་ཅན་མོས་པ་སྣ་ཚོགས་པ་གསུངས་པ་ནང་བཞིན་རེད། ལོ་ལྔའི་ཡར་སྔོན་དུ་ང་རང་སློབ་ཆེན་འགྲིམས་བཞིན་པའི་སྐབས་བོད་ཀྱི་ཕ་མ་དང་དགེ་རྒན་ཨ་ཁུ་གསུམ་གྱིས་བྱིས་པ་དྲག་སྐྱོང་གི་སློབ་གསོ་ལ་མ་འདོད་པའི་སྐུར་འདེབས་ཀྱི་ངན་ཚིག་མང་པོ་སྤྱད་དེ་རང་གི་བསམ་བློ་དང་དྲན་ཚུལ་ལ་བདེན་པ་ཡོད་པའི་སྣང་བ་བསྒྲུབས་མོད། ད་ལྟ་བསམས་ན་དེ་ཡང་ཐལ་ཆེ་བའི་ནོར་འཁྲུལ་ཅིག་ལ་མཐོང་། ཨ་ཕ་མ་ཆགས་ན་ཨ་ཕའི་སེམས་པ་མི་ཤེས་ཟེར་བ་ཅི་མ་བདེན། ཨ་ཕ་ཆགས་རྗེས་ཀྱི་ངའི་བསམ་བློ་ལ་འགྱུར་བ་བླ་ལྷག་ཐེབས། ཨ་ཕའི་མིང་ཐོབ་འདིའི་ཡིག་ངོགས་སུ་ལོ་ངོ་འདི་དག་གི་རིང་ལ་རང་གིས་དངོས་སུ་མྱོང་བ་མང་པོ་ཞིག་གི་ཚོར་བ་རྨང་དུ་བྱས་ནས་མི་ལོ་ལྔའི་ཡར་སྔོན་གྱི་བསམ་བློ་ལ་སྣོན་འཕྲི་དང་ད་ལྟའི་མྱོང་བ་ལ་དབྱངས་གསལ་གྱི་ཕྲ་སྤྲོས་ཏེ་འགྱུར་ཁྱད་ཅུང་ཙམ་གླེང་བར་བྱ་བ་ལ།

དང་པོ། མི་འདྲ་བ་དགོས་ཚུལ་བཤད་པ། 

ནད་མི་འདྲ་བར་སྨན་མི་འདྲ་བ་དགོས་པ་བཞིན་དུ་བྱིས་པ་མི་འདྲ་བར་ཡང་སྐྱོང་ལུགས་མི་འདྲ་བའི་སློབ་གསོ་མ་འདྲ་བ་ཞིག་དགོས་པ་དེ་གནད་ཆེན་པོ་ཡིན།  མི་རིགས་དང་རྒྱལ་ཁབ་གང་འདྲ་ཞིག་གི་མི་ཡིན་ནའང་སོ་སོ་ལ་སོ་སོའི་མི་རིགས་ཀྱི་ཐུན་མིན་མི་གཤིས་དང་བསམ་བློ་ཞིག་ཡོད་ངེས་ཅན་རེད་པས། ང་ཚོ་བོད་པ་ལ་མཚོན་ནའང་རང་རང་སོ་སོའི་མི་རིགས་ཀྱི་གཤིས་ཀ་དང་བསམ་བློ། འདུ་ཤེས། ཀུན་སྤྱོད་སོགས་གཞན་དང་མ་འདྲ་བ་ཞིག་ཡོད་པའི་རྒྱུ་མཚན་གྱིས་༧གོང་ས་མཆོག་གིས་རྒྱུན་དུ་གཞན་པར་ངོམས་སོ་བྱེད་ས་འདི་ཡིན་ལ་གཞན་གྱིས་ཀྱང་ང་ཚོར་ཡི་རངས་དང་བསྔགས་པ་ཤོར་ས་ཞིག་ཡོད་པ་ནི་ང་ཚོའི་མི་གཞིའི་ཀུན་སྤྱོད་དང་བསམ་བློའི་འདུ་ཤེས་འཛིན་སྟངས་འདི་རང་ལ་ཕྱོགས་ཡོད། ང་ཚོ་ལ་ང་ཚོའི་མི་གཤིས་ཤིག་དང་གཞན་པ་ལ་གཞན་པའི་མི་གཤིས་ཤིག་ཡོད། དེ་གཉིས་ནམ་ཡང་གཅིག་པ་ཡིན་ས་མི་འགྲོ།  རྒྱུ་མཚན་དེ་གཉིས་སྐྱོང་ལུགས་མི་འདྲ་བའི་སློབ་གསོའི་ལམ་ཁ་མི་གཅིག་པ་ནས་འཚར་ཡོང་བའི་འབྲས་བུ་གཉིས་ཡིན། ང་རང་ཐེ་བའི་བོད་པའི་མི་རྒན་གཞོན་བྱིས་གསུམ་ཕལ་ཆེ་བ་སོ་སོའི་ཕ་མ་དང་དགེ་རྒན་སོགས་ཀྱི་ཐལ་ལྕག་དང་ཕྲེང་ཐག དབྱུག་པ་སོགས་ཀྱི་ཉེས་བརྡུང་སློབ་གསོའི་འོག་ནས་འཚར་ཡོང་བ་ཤ་སྟག་ཡིན་པས། ཕྱིར་འདང་ཞིག་བརྒྱབ་ན་དེ་ནི་ནད་ལ་ཕན་པའི་སྨན་མཆོག་ཆིག་ཐུབ་པ་ཞིག་མིན་ས་ག་ལ་མི་འགྲོ་ཨང་། 2) ཐ་ན་སྐུ་མདུན་ཁོང་རང་ཡང་ཆུང་དུས་སྐུ་འབུམ་ནས་ཨ་ཁུས་འགྲམ་ལྕག་ཚ་བོ་གཞུས་མྱོང་ཞིང་ལྷ་ས་ནས་ཀྱང་རྟ་ལྕག་སེར་པོའི་འཇིགས་ངོགས་ནས་སློབ་གཉེར་བྱས་པའི་གཏམ་རྒྱུད་ཡོད།  ང་ཚོས་འདི་ལྟར་བསམ་བློ་ཞིག་བཏང་ནས་ཡོང་ན་བྱིས་པར་སློབ་གསོ་གཏོང་བའི་ལམ་ལུགས་ནི་སྨན་པས་སྨན་བཅོས་བྱེད་པའི་བརྒྱུད་རིམ་དང་འདྲ་སྟེ། དཔེར་ན། 3) ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི། །སྤྱོད་ལམ་ཟས་དང་སྨན་དང་དཔྱད་རྣམས་སོ།། གསུངས་པ་བཞིན། སྤྱི་བཏང་གི་ན་ཚ་ཆུང་བ་རྣམས་ལ་སྤྱོད་ལམ་རྐྱང་པ་ཡི་ངོས་ནས་བཅོས་ཐབས་དང་དེ་ལས་མཐུ་བ་རྣམས་ལ་ཟས་སྤྱོད་ཀྱིས་བཅོས་བ། དེ་ལས་མཐུ་བ་རྣམས་ལ་སྨན་སྤྲོད་པ། དེ་ལས་ཀྱང་མཐུ་བ་རྣམས་ལ་དཔྱད་བཅོས་ཏེ་མེ་བརྒྱག་པ་དང་ཁྲག་གཏར་བ་ལ་སོགས་དེང་སང་གི་སྐད་དུ་གཤགས་བཅོས་ཀྱིས་གསོ་བར་བྱེད་པའི་ཐབས་རིམ་པར་བསྟན་ཡོད་པ་དེ་བཞིན་དུ། བྱིས་པ་ལ་ཡང་། རྩ་བའི་རིགས་མི་འདྲ་བ་མང་པོ་ཡོད་དེ་དཔེར་ན་ལ་ལ་ནི་ལྷན་སྐྱེས་སུ་གཤིས་ཀ་འཇམ་པོ་དང་ལྷོད་པོ་ཡིན་པ་དང་། ལ་ལ་ནི་རྒོད་པོ་དང་པྲ་ཚགས་ཡིན་པ། ལ་ལ་ནི་སྡིག་སེམས་ཆེ་ཤིང་གཤིས་གྱོང་ཡིན་པ། ལ་ལ་ནི་སྔོན་ལས་ཀྱིས་མ་རབས་ལ་བྱང་བ་སོགས་རིགས་འདྲ་མི་འདྲ་ཞིག་ཡོད། ཁྱོད་ཀྱིས་དེ་ཚོ་ཚང་མ་ལ་སློབ་གསོའི་ཐབས་ལམ་གཅིག་རང་གཅིག་གིས་བསྐྱང་ན་འོས་པར་འདོད་པ་ནི་4) ལྟར་སྣང་འཕྲུལ་ནད་དང་ཀུན་བཏགས་གདོན་ནད། ཡོངས་གྲུབ་ཚེ་ནད་དང་གཞན་དབང་སྔོན་ནད་བཅས་ལ་སྨན་གཅིག་རང་གཅིག་གིས་གསོ་ཐུབ་པར་འདོད་པ་དང་གཅིག་མཚུངས་ཡིན་པས་དེ་ནི་ནམ་ཡང་མི་སྲིད་པ་ཞིག་རེད།  དེ་ཚོ་ཚང་མ་ནད་པའི་རྟེན་དང་ན་ཚོད། རང་བཞིན། ཁམས་དང་ནུས་སྟོབས་སོགས་ལ་བརྟག་ཅིང་དཔྱད་མཐར་སྨན་སྤྲོད་དགོས་པ་ལས་ཚོད་ཚོད་དུ་སྤྲད་ན་འགྲིགས་འགྲོ་བ་ཞིག་ག་ལ་ཡིན།  དེ་དེ་བཞིན་དུ་བྱིས་པ་ལ་ཡང་བྱིས་པའི་རང་བཞིན་དང་གཤིས་ཀ བསམ་བློ། མོས་ཁམས། ཀུན་སྤྱོད་སོགས་ལ་རྒྱུས་ལོན་དང་བརྟག་པ་བྱས་མཐར་ཁ་དང་ལག་པ། དབྱུག་པ་སོགས་གང་སྨན་ཅི་སྨན་བྱ་དགོས་པ་ནི་གནད་ཀྱི་དམ་པ་སྟེ་ཐབས་ཀྱི་མཆོག་དང་སྨན་གྱི་ཕུལ་ཡིན་ནོ།། མདོར་དྲིལ་ན། སྨན་པས་སྨན་བཅོས་བྱེད་པ་ནི་ནད་པར་བདེ་བ་སྦྱིན་པ་དམིགས་སུ་བཟུང་ཡོད་པ་དེ་ལྟར་ཕ་མས་བུ་གུར་བརྡུང་བ་ཡང་བུ་གུའི་བདེ་སྐྱིད་ཉག་གཅིག་གི་ཕྱིར་དུ་ཡིན་པའི་གནད་ས་གཉིས་ལ་ཐུན་མོང་གི་ཁྱད་གཞི་མང་དུ་གདའ་ན་ཐབས་མཆོག་རྩལ་དུ་བཏོན་ནས་བྱིས་པར་སློབ་གསོ་བསྐྱོན་སྟངས་མ་ནོར་བ་བྱེད་དགོས་པ་འདི་ཡང་བོད་ཀྱི་ཕ་མ་དང་དགེ་རྒན་སོགས་ཀྱིས་ནམ་ཡང་དྲན་པ་བརླག་མི་ཉན་པའི་རྩ་བ་སྟེ་དང་པོའོ།།

གཉིས་པ། གཞན་ལ་ལད་ཟློས་མ་བྱེད། 

བོད་ཀྱི་ཕ་མ་མང་པོ་ཞིག་གིས་ནུབ་ཕྱོགས་ལུང་པའི་མི་རྣམས་ཀྱི་ཡོད་ཚད་ལ་སེམས་པ་ཤོར་ནས་འགྲམ་ཆུ་ལྡང་བཞིན་ནུབ་ཕྱོགས་ཀྱི་སློབ་གསོ་ཡིན་ན་ཅིག་དེ་ལ་ཧ་ལས་མདོག་དང་ཧོན་ཐོར་མདོག་གིས་ཡ་མེད་དང་རྩེ་སོན་ཞིག་ལ་བལྟ་གིན་འདུག་ཀྱང་། གཞན་པའི་དེ་དག་ག་ཚོད་ཅིག་ལེགས་པོ་ཡོད་ཀྱང་དང་པོ་རང་ཉིད་ཀྱི་བུ་ཕྲུག་ལ་དེ་དག་ལན་པོ་ཡོད་མེད་བལྟ་བ་ནི་གཞན་གྱིས་འཐུང་བཞིན་པའི་སྨན་དེ་རང་ལ་འཕྲོད་མིན་བལྟ་བ་དང་གཅིག་མཚུངས་ཡིན་ཕྱིར། གལ་ཏེ་མི་འཕྲོད་ན་དེ་འཐུང་ཡང་དགོས་པ་མེད་པས་འདོད་རྔམ་གྱི་རླངས་པ་དེ་སྔ་ས་ས་ནས་མར་མནན་བསྡད་ན་ཡག་ཤོས་རེད། འཕྲོད་ས་མི་འགྲོ་བའི་རྒྱུ་མཚན་གཅིག་ངས་གོང་ནས་ལབ་བཞག་པ་དེ་རེད། མུ་མཐུད་དུ་ཨུ་ཚུགས་བྱས་ཀྱང་ར་མགོ་ལུག་སྦྱར་བྱས་པ་དང་ཆ་རེད། བོད་པའི་ཤ་ཁྲག་གི་གསེང་ལ་ཕྱི་གླིང་བའི་རྣམ་ཤེས་ཞུགས་ན་དེ་ནི་ཁ་རྒྱུན་དུ་ར་མ་ལུག་ཟེར་བ་དེ་འདྲ་མཐོང་ཡོང་གི་རེད། ཁྱོད་ཀྱིས་དེ་ཧ་ཅང་ལེགས་པར་མཐོང་གི་ཡོད་ན་ནི་གཞན་ཞིག་རེད་མ་གཏོགས། རྩ་བས་སྤྱན་རས་གཟིགས་ཀྱི་གསེར་སྐུའི་ཁོག་ལ་ལྷ་གཞན་ཞིག་གི་གཟུངས་གཞུག་བླུགས་པ་དང་ཆ་རེད། དེ་འགྲིགས་ཀྱི་མ་རེད་བ། མི་ཞིག་ལ་མཚོན་ན་མིའི་གཟུངས་གཞུག་གཙོ་བོ་ནི་ནང་གི་བསམ་བློ་དང་ཕྱི་ཡི་ཀུན་སྤྱོད་གཉིས་རེད། དེ་གཉིས་ལ་འགྱུར་བ་ཐེབས་སོང་ན་ཁྱེད་རང་བོད་པ་ཡིན་ཟེར་བའི་མིང་ཙམ་ལས་གང་ཡང་ལྷག་མེད། མི་རིགས་ཉམས་འགྱུར་ཟེར་བ་དེ་ཡང་གཞན་པ་ཅི་གང་མ་རེད། མིའི་བསམ་བློ་དང་ཀུན་སྤྱོད་ལ་འགྱུར་བ་ཐེབས་ནས་ཉམས་སོང་བ་དེ་ལ་ཟེར་གི་རེད། རང་གི་ཡག་ཕྱོགས་མ་མཐོང་བས་བསྐྱུར། གཞན་གྱི་སྡུག་ཕྱོགས་འབད་པས་དང་དུ་ལེན་པ་ནི་ 5) ཙན་དན་སོལ་བསྒྱུར་གྱི་གཏམ་བརྒྱུད་ལས་མ་འདས། 6) ཧྲིལ་གྱིས་འདོར་ཞིང་ཧྲིལ་གྱིས་ལེན་པ་ནི་སྐྱོན་ཅན་ནོ་ཞེས་དགེ་འདུན་ཆོས་འཕེལ་གྱིས་ཀྱང་གསུངས་ཡོད། དེ་ལྟ་ན་ང་ཚོས་གཞན་གྱི་སློབ་གསོ་ལ་ལད་ཟློས་ཀྱིས་རང་རིགས་གཞན་པར་བསྒྱུར་ཐབས་ཀྱི་ལམ་ཁ་འདི་ལ་བསྐྱོད་མཚམས་བཞག་ན་དགའ་བ་མེད་འགྲོ་བསམས་པར་འདོད་པ་ནི་གཉིས་པའོ།།

གསུམ་པ། ནུབ་གླིང་བའི་སློབ་གསོ་ཡི་ཉེས་པ།

ནུབ་གླིང་གི་བྱིས་པའི་སློབ་གསོ་ལབ་ན་ཧ་ཅང་རྒྱ་ཆེན་པོ་རེད། ངས་དེའི་སྐོར་ལ་སློབ་སྦྱོང་ཡང་བྱས་མེད། ཡིན་ཡང་ང་ཚོས་ནམ་རྒྱུན་མཐོང་བསྡད་པ་ནི་ནུབ་གླིང་བས་བྱིས་པ་ལ་ཁ་ནས་སྐད་ཆ་བཤད་དེ་ལེགས་ཉེས་ཀྱི་སློབ་གསོ་བསྐྱོན་པ་ལས་ལག་མི་འགུལ་བ་དེ་ཚང་མས་ཤེས་གསལ་ཡིན། ངས་དེ་མི་བཤད། ང་ཚོས་མི་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་ཐད་ནས་གླེང་། ནུབ་ཕྱོགས་པའི་བྱིས་པ་མང་ཆེ་བར་ང་རྒྱལ་དང་རང་རློམ་གྱི་གཤིས་ཀ་ཤེད་ཆེ། ཅུང་ཙམ་ཞིག་ལས་ན་ཡང་ཆེན་པོ་ཞིག་ལས་ཡིན་མདོག་མདོག་དང་ཐར་ཐོར་ཙམ་ལས་མི་ཤེས་ན་ཡང་ཞེ་དྲག་ཅིག་ཤེས་ཀྱི་ཡོད་བསམས་པའི་སྤོབས་པ་དང་ཧམ་པ་ཆེན་པོ་ཡོད། ལོ་ཆེར་ཆགས་དུས་ཕ་མ་མང་ཆེ་བས་གཅུན་མ་ཐུབ་པར་ཐབས་ཟད་ཨུ་ཐུག་གི་གནས་སུ་གྱར་བ་ཤིན་ཏུ་མང་། ཕ་མ་ལ་ཁ་ལན་སློག་པ་དང་བརྒྱག་རེས་བརྒྱག་པ་ནི་ཅང་ལ་མི་བརྩི། ཕ་མ་ཟེར་བ་དེ་དྲིན་ཆེན་ཡིན་པའི་འདུ་ཤེས་རྩ་བ་ནས་མེད། དེ་བས་ཕ་བུའི་དབར་གྱི་བརྩེ་བ་དང་བྱམས་པ་ཟེར་བ་དེ་ཡང་ཁོང་ཚོ་ལ་མཚོན་ན་རྣ་ལ་མ་གོ་བའི་ཆོས་བཤད་ཙམ་ཡིན། ཆུང་དུས་ནས་གཅར་བརྡུང་མ་བྱས་པར་ཁ་བཤད་ཀྱི་བསླབ་བྱ་རྐྱང་པས་སྐྱག་ལངས་ལ་ཤོར་བའི་རྐྱེན་གྱིས་ཆེ་རུ་ཆགས་དུས་ཀྱང་ཕ་མ་ལ་རྒྱུ་མཚན་འདྲ་མིན་གྱིས་ཁ་ལན་འདྲ་འདྲ་སློག་ཅིང་ལག་པས་ཐུག་ཙམ་གྱིས་ཀྱང་ཧ་ལས་ཧོན་འཐོར་མདོག་གིས་ང་ལ་བརྡུང་སོང་ཞེས་ཉེན་རྟོག་པར་ཁ་པར་བཏང་ནས་ཕ་མ་བཙོན་ལ་འཇུག་པར་བྱེད་པ་སོགས་ཀྱི་དཀའ་ངལ་མང་པོ་ཡོད། ལོ་བཅུ་དྲུག་བཅུ་བདུན་ནས་བཟུང་ཐ་མ་འཐེན་པ་དང་ཆང་འཐུང་བ་སོགས་ནི་ཕོ་མོ་གཉིས་ཀས་འདྲ་མཉམ་དུ་སྤྱོད། རང་གཅེས་འཛིན་གྱི་བསམ་བློ་ཧ་ཅང་ཤུགས་ཆེ།  ནུབ་གླིང་ཟེར་ན་མི་ཤེས་མོད་ཧྥ་རན་སིའི་མི་རྣམས་རང་གི་འཕྲོད་བསྟེན་ལ་དོ་སྣང་ཆེན་པོ་ཡོད་ཕྱིར་རྒྱུན་དུ་ལུས་རྩལ་རྩེས་ནས་གཟུགས་གཞི་ལ་བདག་གཅེས་བྱེད་པར་ཤིན་ཏུ་དགའ། དེར་བརྟེན་ཁོང་ཚོའི་ལུས་ཧ་ཅང་རྒས་དཀའ་བ་དང་འཆི་དཀའ་བའི་གནས་སུ་ལྷུང་ཡོད། ལ་ལ་རྒས་དྲགས་ནས་འཆི་མ་ཐུབ་པར་ 7) གསོད་སྨན་བརྒྱག་དགོས་པར་འཁེལ་བ་ཡང་གྲངས་མེད། རྒན་གསོ་ཁང་ནི་ཁོང་ཚོས་འཆི་སྒུག་བྱེད་སའི་དུར་ཁྲོད་ངོ་མ་དེ་ཡིན། ཁོང་ཚོ་མང་ཆེ་བའི་གཟུགས་པོ་བདེ་ཐང་ཡིན་ཡང་སེམས་པ་ཐང་ཐང་མེད། བོད་པའི་སྨན་པ་ཞིག་གིས་ཀྱང་ཕྱི་རྒྱལ་ནས་བོད་སྨན་བྲིན་ཤོས་དེ་ཨ་གར་སོ་ལྔ་ཡིན་ཞེས་གསུངས་མྱོང་། དེ་ངོ་མ་ཡིན། ཁོང་ཚོ་ལ་གཅིག་ནས་བུ་ཕྲུག་གི་གཉོར་སྐྱོང་མེད་པ་དང་། གཉིས་ནས་བུ་ཕྲུག་གི་འདང་བརྩེ་མེད་པ།  གསུམ་ནས་བརྩེ་བ་དང་བྱམས་པའི་ཞག་རྩི་མེད་པའི་རྐྱེན་དུ་མ་ལ་བརྟེན་ནམ་ཡིན་ཡང་སྨྱོ་ལབ་བརྒྱག་པ་དང་། སྨྱོ་སྤྱོད་འཁྲབ་པ།  སྨྱོ་ཧམ་བྱེད་པ་སོགས་དངོས་གནས་ཡ་ང་ཞིང་སེམས་སྐྱོ་བའི་གནས་སུ་གྱར་ཡོད། རང་རེའི་ཕ་མ་རྒན་རྒོན་བཞིན་གདོང་པ་འཛུམ་དམུལ་དམུལ་དང་སེམས་པ་སྤྲོ་ལྷང་ལྷང་གིས་གསོན་ཡོད་པ་གཅིག་ཀྱང་མེད། རང་རེའི་ཕ་ཡུལ་དུ་བུ་ཕྲུག་ཚོས་ཕ་མ་དྲིན་ཆེན་དུ་སྒོམ་ནས་བླ་མ་བཞིན་བསྙེན་བཀུར་དང་བྱམས་སྐྱོང་གིས་གཅེས་གཉོར་བྱེད་པ་ལྟ་བུའི་ལམ་ལུགས་སྲོལ་ནི་ནུབ་གླིང་ནས་ནམ་མཁའི་མེ་ཏོག་ལྟ་བུ་ཡིན། ཡ་ང་བའི་མཇུག་འབྲས་འདི་ལྟ་བུ་ནི་ངས་བསམས་ན་ཁོང་ཚོའི་བྱིས་པའི་སློབ་གསོ་ནས་མ་འགྲིགས་པའི་གནད་དོན་ཞིག་ཏུ་འཁུམས་པ་ནི་གསུམ་པའོ།།

བཞི་བ།  དྲག་སྐྱོང་བྱིས་པའི་སེམས་ཁམས་ལ་བལྟ་བ། 

ངས་རྩོམ་ཡིག་འདི་འབྲི་ཞོར་རྒྱ་གར་ནས་སྐྱེས་ཤིང་ནུབ་གླིང་ནས་འཚར་བའི་བོད་ཀྱི་བྱིས་པ་འགའ་ལ་ཟླ་གཉིས་རིང་གི་བོད་ཡིག་ཟུར་འཁྲིད་བྱེད་བཞིན་ཡོད། ཁོང་ཚོའི་བོད་ཡིག་གནས་སྟངས་ལོ་ཚོད་ལ་དཔག་པའི་འགྲིགས་བསྡད་ཡོད། ཁོང་ཚོ་རྒྱ་གར་ནས་སློབ་གྲྭར་འགྲིམས་མྱོང་ཞིང་འདི་གར་ཧྥ་རན་སི་ནས་ཀྱང་སློབ་གྲྭར་འགྲོ་བཞིན་ཡོད། ཁོང་ཚོས་བཤད་ན་རྒྱ་གར་ནས་དགེ་རྒན་གྱིས་རྟག་ཏུ་མང་པོ་བརྡུང་གི་འདུག་པས་ཞེད་སྣང་གིས་སློབ་སྦྱོང་ལ་དོ་སྣང་བྱས་ཏེ་ཡིག་རྒྱུགས་ཡག་པོ་ལོན་གྱི་ཡོད། འདི་ག་ནས་དགེ་རྒན་གྱིས་བརྡུང་གི་མི་འདུག་པས་ཞེད་སྣང་མེད་པ་དང་ལྷན་སློབ་སྦྱོང་ལ་ཡང་འཐུས་ཤོར་འགྲོ་ཡི་འདུག་ཅེས་བཤད་སོང་། བྱིས་པའི་སེམས་ཁམས་ལ་ལྷད་མེད་པས་སྐད་ཆ་དྲང་མོ་ཡིན་ཤག་རེད། ངས་མི་རེ་རེ་ལ་ཕ་མས་བརྡུང་གི་ཡོད་མེད་དང་དེས་བསྐྱེད་པའི་སེམས་ཁམས་སྐོར་ལ་སྐད་ཆ་དྲིས་ཡོད། གཤམ་ནས་ང་ཚོས་དེར་བལྟ། ཀ་བ་ནི་ང་ཡིན། ཁ་བ་ནི་ཁོང་ཚོ་ཡིན།

མིང་ཆོས་བཟང་། ལོ་བཅུ་གཅིག

ཀ་བ།  ཁྱེད་ལ་ཕ་མས་ཉེས་བརྡུང་གཏོང་གི་འདུག་གམ།

ཁ་བ། ཉེས་བརྡུང་གཏོང་གི་འདུག མང་ཆེ་བ་ཨ་མས་གཏོང་གི་འདུག

ཀ་བ། དེས་ན་ཁྱེད་རང་ཨ་མའི་སྒང་ལ་ཁོང་ཁྲོ་ལངས་གི་འདུག་གམ།

ཁ་བ། མི་འདུག  ག་བ་ག་བ། ཨ་མས་ང་རང་ཡག་པོ་ཆགས་ན་བསམས་ནས་བརྡུང་བ་རེད།

མིང་། བསྟན་འཛིན་བདེ་སྐྱིད། ལོ་བཅུ་གཉིས།

ཀ་བ། ཁྱེད་ལ་ཕ་མས་ཉེས་བརྡུང་བཏང་མྱོང་ངམ།

ཁ་བ། མྱོང་། མང་པོ་བཏང་མྱོང་།

ཀ་བ། དེས་ན་ཁྱེད་རང་ཕ་མའི་སྒང་ལ་ཁོང་ཁྲོ་ཟ་ཡི་འདུག་གམ།

ཁ་བ།  ཁོང་ཁྲོ་ད་ཟ་ཡི་མི་འདུག

ཀ་བ། ཁྱེད་ཀྱིས་ཉེན་རྟོག་པར་ཁ་པར་བཏང་ན་འགྲིགས་གི་རེད་བ།

ཁ་བ། ག་བ་ག་བ། དེ་འདྲ་ག་བ་བྱེད་ཉན་གི་རེད། ཁོང་ཚོ་ང་ཚོའི་ཕ་མ་རེད་བ། ང་ཚོ་ལ་བཀའ་དྲིན་ཆེན་པོ་རེད།

མིང་། བསྟན་འཛིན་གཡང་སྒྲོན།  ལོ་བཅུ་གཉིས།

ཀ་བ། ཁྱེད་ལ་ཕ་མས་ཉེས་བརྡུང་བཏང་མྱོང་ངམ།

ཁ་བ། བཏང་མྱོང་། ང་ལ་ད་བདུན་ཕྲག་རེར་ཐེངས་གཅིག་རེ་ད་ཉེས་བརྡུང་བཏང་བཏང་བ་རེད།

ཀ་བ། དེས་ན་ཁྱེད་རང་ཕ་མའི་སྒང་ལ་ཁོང་ཁྲོ་ལངས་ཀྱི་མི་འདུག་གམ།

ཁ་བ། ག་བ་ག་བ། ཁྲོང་ཁྲོ་ད་ལངས་ཀྱི་མི་འདུག གང་ཡིན་ཟེར་ན། ཁོང་ཚོས་ང་ཡག་པོ་ཆགས་ན་བསམས་ནས་བརྡུང་བ་རེད། ང་ཁོང་ཚོ་ལ་དགའ་བོ་ཡོད།

ད་དུང་བྱིས་པ་འགའ་ཤས་ཤིག་ཡོད་ཀྱང་ཚང་མའི་དྲིས་ལན་གོང་གི་དེ་བཞིན་གཅིག་པ་ཡིན་པས་མང་དོགས་ནས་བསྐྱུར་བཞག   གང་ལྟར། ང་ཚོ་བོད་ཀྱི་ཕ་མ་དང་དགེ་རྒན་དག་གིས་བྱིས་པ་ལ་ཉེས་བརྡུང་ག་ཚོད་བཏང་ཡང་དེའི་ནང་ལ་བརྩེ་བ་དང་ཕན་སེམས། བྱམས་པ་དང་སྙིང་རྗེའི་ཀུན་སློང་ཧ་ཅང་ཤུགས་ཆེ་བས་བྱིས་པའི་སེམས་གཏིང་ལ་གནོད་འགྲོ་བ་དང་རྨ་བཟོ་བ་དེ་འདྲ་གང་ཡང་མེད་པ་མ་ཟད་ད་དུང་ཕྱིར་དྲིན་དྲན་པ་དང་དྲིན་བཟོ་བ་སོགས་ཤེས་ཀྱི་ཡོད། ང་རང་གི་བུ་མོ་ལ་ཆ་བཞག་ནའང་། ཁར་མི་ཉན་པ་དང་སྤྱོད་པ་མ་རབས་བྱེད་དུས་ནང་གི་ཨ་མས་ཧ་ལས་པ་བརྡུང་གི་རེད་དེ་ཨ་ཕ་དང་ཨ་མ་གཉིས་ལས་ཨ་མ་དགོ་དགོ་བ་རེད། དྲག་པར་སྐྱོང་ཡང་ཕན་འབྲས་བླ་ན་མེད་པའི་རྩ་བ་གང་ལ་ཐུག་འདུག་ཟེར་ན་གཙོ་བོ་ཕན་སེམས་དང་བྱམས་བརྩེ་ལ་ཐུག་འདུག ཕྱི་གླིང་བས་བྱིས་པར་བསླབ་བྱ་བརྒྱག་སྐབས་དེ་ལ་གནས་ལུགས་དང་རྒྱུ་མཚན་མ་གཏོགས་དགེ་སེམས་དང་བྱམས་བརྩེའི་ཀུན་སློང་མེད་པས་མཇུག་འབྲས་ཀྱང་དེ་ལྟ་བུ་ཞིག་མ་གཏོགས་འབྱུང་རྒྱུ་མེད་པ་ནི་ཆོས་ཉིད་དོ་བསམས་པ་ནི་བཞི་བའོ།།

མཐའ་དོན་གྱིས་མཇུག་བསྡུ་བ།

ནང་བསྟན་པའི་ཆོས་ཀྱི་ཚན་ཁ་འབར་ས།།

སྐྱབས་བླ་མ་ཀུན་གྱི་བྱིན་ཁ་རྒྱས་ས།།

དྲིན་ཕ་མས་བུ་ཕྲུག་ཕྱག་གིས་སྐྱོང་ས།།

བུ་བུ་མོས་དྲིན་ལན་སྙིང་གིས་འབུལ་ས།།

ཡར་རྒན་པ་རྣམས་ལ་བསྙེན་བཀུར་མཆོད་ས།།

མར་གཞོན་པ་རྣམས་ལ་བརྩེ་བྱམས་ཐོབ་ས།།

ཕྱི་རྣམ་པའི་ཀུན་སྤྱོད་སྙིང་བོར་འཛིན་ས།།

ནང་བསམ་པའི་ཡོན་ཏན་མཁའ་ལ་མཉམ་ས།།

ལམ་ལུགས་སྲོལ་འཇིག་རྟེན་ཆོས་དང་མཐུན་ས།།

བོད་ཁ་བ་ཅན་གྱི་སྲོག་གི་རྩ་བ།།

འདི་དེང་སང་འཛམ་གླིང་ཧྲིལ་བོའི་ལྟོ་ན།།

ཡབ་རྒྱལ་བོའི་དྲིན་ལ་འོད་ཀྱིས་འཚེར་ཡོད།།

འདི་སྤངས་པའི་མི་ལ་ཀླད་པ་ཡོད་ཀྱང་།།

སེམས་དེས་པ་མེད་ན་འདྲེ་དང་འདྲ་ལེ།།

དཔལ་རིག་རྩལ་དར་བའི་རྒྱལ་ཁབ་ན་ཡང་།།

མྱི་སྨྱོན་པ་ཐང་གི་རྡོ་དང་འདྲ་ལེ།།

ངའི་བུ་རབས་ཚ་རྒྱུད་བས་མཐར་ལྷུང་ཡང་།།

མཐོ་པུར་རྒྱལ་བཙན་པོའི་ཟུངས་ཁྲག་ཁོལ་མ།།

གནམ་གནས་པ་ཇི་སྲིད་དེ་སྲིད་བར་དུ།།

འབྲེལ་ཐག་པ་མ་ཆད་སྤྱན་རས་གཟིགས་མཁྱེན།།

ཟུར་མཆན། 

1) སློབ་དཔོན་ཞི་བ་ལྷས་མཛད་པའི་<<སྤྱོད་འཇུག་>>ལས། སེམས་ཅན་མོས་པ་སྣ་ཚོགས་པ།།རྒྱལ་བས་ཀྱང་ནི་མི་འགུ་ན།།བདག་འདྲ་ངན་པས་སྨྲོས་ཇི་དགོས།། ཞེས་གསུངས་ཡོད།

2) རྒྱལ་བ་རིན་པོ་ཆེ་ཡིས་མཛད་པའི་<<བཙན་བྱོན་ནང་གི་རང་དབང་>>ཞེས་པའི་ཤོག་གྲངས་བཅུ་དགུ་དང་ཉི་ཤུ་ན་འདི་ལྟར། ཡང་ང་ཚོའི་ཨ་ཁུ་འགའ་ཤས་ཀྱི་གྲལ་སྐུ་འབུམ་དགོན་པའི་གྲྭ་བ་ཡིན་པ་ཨ་ཁུའི་སྐོར་ང་རང་ཧ་ཅང་མ་སྐྱིད་པའི་གནས་ཚུལ་དེ་དྲན་གྱི་འདུག དགོང་དྲོ་ཞིག་ལ་ཁོང་ཞལ་འདོན་གྱི་ཕྱག་དཔེ་ཀློག་གནང་སྐབས་དཔེ་ཆར་ངའི་ལག་པས་འགུལ་བསྐྱོད་ཐེབ་སྟེ་ཤོག་ལྷེ་མང་པོ་འཐོར་ལྷུང་བྱུང་སོང་། ངའི་ཨ་ཁུ་དེས་དེ་མ་ཐག་ཏུ་ང་ཡར་བཀྱགས་ནས་འགྲམ་ལྕག་ཤུགས་ཆེན་པོ་གཅིག་བསྐྱོན་སོང་། ཞེས་གསལ།

3) རྒྱུད་བཞིའི་དུམ་བུ་གཉིས་པ་བཤད་རྒྱུད་ཀྱི་སྡོམས་ཚིགས་བསྟན་པའི་ལེའུ་རུ (ཤོག་གྲངས་༡༥  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།)ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི།། སྤྱོད་ལམ་ཟས་དང་སྨན་དང་དཔྱད་རྣམས་སོ།། ཞེས་གསུངས་ཡོད།

4) རྒྱུད་བཞིའི་དུམ་བུ་གཉིས་པ་བཤད་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ནད་ཀྱི་དབྱེ་བ་བསྟན་པ་རུ་(ཤོག་གྲངས་༤༦ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་) དེ་ལ་གཞན་དབང་བཅོས་ཀྱང་འཆི་བ་དང་།། ཀུན་བཏགས་གདོན་ནད་རིམ་གྲོས་གྲོལ་བ་དང་།། ཡོངས་གྲུབ་མ་བཅོས་འཆི་ལ་བཅོས་ན་འཚོ།། ལྟར་སྣང་མ་བཅོས་རང་བཞིན་འཚོ་བ་བཞི།། ཞེས་གསུངས་ཡོད།།

5) ཙན་དན་སོལ་བསྒྱུར། སྔོན་མི་ཞིག་ལ་ཙན་དན་གྱི་ཤིང་འགའ་ཡོད་པ་ཁྲོམ་ལ་བཙོང་དུ་སོང་། མི་རྣམས་ཀྱིས་རྩ་ཆེན་པོ་དེ་འདྲ་ཉོ་ཐུབ་ཀྱི་མ་རེད་སྙམས་ནས་མིག་གིས་ཀྱང་མ་བལྟས་པར་མཁྲིས་ན་སོལ་བ་བཙོང་མཁན་ཞིག་ཡོད་པ་དེའི་རྩིབ་ལ་འཚང་ཁ་བྱས། ཁོའི་བསམ་པར་ཙན་དན་ལས་སོལ་བ་ཉོ་མཁན་མང་པོ་འདུག་བསམས་ཏེ་ཙན་དན་བསྲེགས་ནས་སོལ་བར་བཏང་བའི་གཏམ་རྒྱུད་ཞིག་གོ།

6) དགེ་འདུན་ཆོས་འཕེལ་གྱི་གསུང་ཡིན་པ་གསལ་བོ་དྲན་གྱི་འདུག་ཀྱང་དེབ་གང་ཞིག་ནས་མཐོང་མྱོང་བ་དྲན་སོས་ཀྱི་མི་འདུག

7) གསོད་སྨན། ནུབ་གླིང་ནས་སྨན་བཅོས་ཀྱིས་དྲག་སྐྱེད་མི་བཏུབ་པའི་ནད་པ་དང་རྒས་དྲགས་ནས་ཨ་ཐང་ཆད་པའི་མི་རྣམས་ལ་རང་མོས་ཀྱི་འདོད་པ་ལྟར་སྨན་བརྒྱབ་སྟེ་ཤི་རུ་འཇུག་པ་ནི་ཁྲིམས་མཐུན་ཡིན།

                  སྤྱི་ལོ་༢༠༡༩ ཟླ ༧ ཚེས ༢༨ ཉིན་གྲུབ་པར་བྱས་པ་དགེའོ།།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༤ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༥ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 6

  1. DCP NRD says:
    ལོ་ 6 སྔོན།

    DCP NRD

    Reply
  2. ཤམ་བྷ་ལ། says:
    ལོ་ 7 སྔོན།

    བྱིས་པ་ལ་བརྡུང་དགོས་ཟེར་བ་་་་ཚོད་གཅིག་ཡོད་ཀྱི་རེད། ཕ་མ་ལ་ལ་དང་དགེ་རྒན་ལ་ལ་སོ་སོ་རང་གཤིས་ཀ་དེ་ཁོང་ཁྲོ་ཚ་བོ་ཅན་ཡོད་མི་ལ་མ་དགའ་དུས་སོ་སི་ཕྲུ་གུ་ལ་རྡཡང་མཁན་རིགས་གཅིག་ཡོད། ཉེ་ཆར་ཁམས་ཕྱོགས་ནས་ཕྲུ་གུ་བུ་ལོ་ན་ལྔ་ཙམ་ཡིན་ས་རེད། པ་བ་དེ་ལོ་སུམ་ཅུ་ཡས་གཅིག་འདུག་ཁོས་བརྡུང་ནས་ཐ་མ་ཁོ་རང་ཡང་ཐང་ཆད་ཆད་བར་བརྡུང། དེ་ནས་གནམ་གཤིས་གྲང་ངར་དེ་སྐབས་ཡིན་ས་རེད་ཁས་ཕྲུ་གུ་ཐོག་ཏུ་ཆུ་སྣོད་ཆེན་གང་མགོ་སྒང་ལ་བརླུག་སོང་། ཅི་སྟེ་ཁོས་ལུང་པ་གཞན་དུ་ཡོད་ན་གསར་འགྱུར་རྒྱུད་ལམ་ནང་དུ་བཀོད་ས་རེད། མ་ཟད་འཛམ་གླིང་མི་མང་ཚང་མས་མཚན་སྨད་ཞུ་ཉེན་འདུག་ མ་ཟད་བོད་པའི་རིག་གཞུང་ལ་གནོད་སྐྱོན་དང་མཚན་སྨད་ཡོང་ཉེན་འདུག་གོ

    Reply
  3. ངག་བསྟན། says:
    ལོ་ 7 སྔོན།

    ཕྲུ་གུ་ལོ་ག་ཚོད་སྐོར་ཡིན་ནམ། སྤྱི་ཚོགས་ཀྱི་མི་ཚང་མའི་བསམ་བློ་དེ་ལྟར་བཏང་ན་ཚ་ཚར་བ་རེད། ང་རང་ཆུང་དུས་སྐབས་ཕ་མ་གཉིས་ནས་ཉེས་རྡུང་མང་པོ་བཏང་མྱོང་། སྐབས་རེ་དོན་ཆུང་ཆུང་ལའང་ཉེས་རྡུང་མང་པོ་བཏང་བྱུང་བས་ལོ་བཅུ་དགུ་ཙམས་ལ་སེམས་པ་ཡང་བདེ་པོ་མེད་པ་འདྲ་པོ་ཆགས་ནས་རང་ཤི་རྒྱག་འདོད་ཀྱིས་ཐེངས་གསུམ་ཙམ་ཐབས་ཤེས་བྱས་ཡིན། ཤི་མ་སོང་། ད་ལྟ་ང་རང་སེམས་ཁམས་འཕྲོད་བསྟེན་ལ་དོ་སྣང་སློབ་སྦྱོང་མུ་མཐུད་བྱས་ཡིན་ཡོད་པ་དང་ཨ་མ་ཞིག་ཀྱང་ཡིན་པས་གོང་གི་རྩོམ་པ་པོ་ལ་ངོས་ལས་མེད། ཕ་མ་ལ་ད་ལྟ་ཁོང་ཁྲོ་མེད་དེ་དྲགས་པོའི་ལམ་ལས་ཕྲུ་གུ་གསོ་སྟངས་དེ་ལ་སེམས་གཏིང་ནས་དགག་པ་ཡོད། སྤྱིར་ child abuse ནང་གསེས་སྣ་མང་ཡོད། ནུབ་པྱོགས་ཕ་མས་ཉེས་བརྡུང་མ་བཏང་ཀྱང་ཕྲུ་གུ་ལ་བྱམས་དང་སྙིང་རྗེ་ཐོག་སློབ་གསོ་སོགས་གང་ཡང་མེད་སྟབས་ཕྲུ་གུ་ཆེན་པོ་ཆགས་དུས་མི་གཞན་དང་ཕ་མ་ལ་བསམ་ཞིབ་མེད་པ་ཡིན་པ་ལས་ཉེས་བརྡུང་མེད་པས་བརྐྱེན་གྱི་ཡིན་པ་མ་རེད། རྒྱ་གར་བོད་ནང་ལའང་ཕྲུ་གུས་ཁ་ལན་དང་ཆང་རགས་སོགས་ལ་སྤྱོད་པ་མང་པོ་ཡོད་པས་དེ་ནི་ཉེས་བརྡུང་བཏང་ནའང་རྡུག་རུ་ཕྱིན་པ་ཡང་མང་པོ་ཡོད། ཕྱུ་གུ་ལ་༼་་དམིགས་གསལ་ལོ་ན་བཅུ་ལས་ཉུང་བ་ལ༽་་བྱམས་དང་སྙིང་རྗེ་དགོས་པས་ལས་ཉེས་བརྡུང་དང་འཇིགས་སྐུལ་བརྒྱུད་ནས་སྐྱོང་ན་ཕྲུ་གུ་རང་ཉིད་གདེངས་ཚོད་མེད་པ་སོགས་དཀའ་ངལ་མང་པོ་ཡོད།

    Reply
  4. བསོད་ནམས་རྡོ་རྗེ། says:
    ལོ་ 7 སྔོན།

    བོད་པའི་ཨ་མཆོག་རྐུབ་ལ་ཡོད།

    Reply
  5. ར་མ། says:
    ལོ་ 7 སྔོན།

    གྲོགས་པོ་ལགས་ཁྱོད་བདེན་པ་རེད། ཡིནའང་གཟབ་གཟབ་བྱས་ན་བཟང་། ད་ལོ་ནས་བྱིས་པར་ལག་པ་ཐུག་མི་ཉན་པའི་ཁ྄ིམས་བཟོས་ཚར་ཡོད་རེད། བྷལ་ཇམ་སོགས་ནས་ཁ྄ིམས་དེ་བཟོས་ལོ་ཁ་ཤས་ཡིན། གལ་ཏེ་མི་གཞན་གྱིས་མཐོང་བའམ་དགེ་རྒན་གྱིསཧ་གོན་ན། Dases ལ་ལབ་གི་རེད། ཚོགས་པ་དེས་ཕ་མའི་རྩ་ནས་འཇོག་གི་མ་རེད། དེར་མ་ཟད་ཕ་མར་ཐུག་གི་ཡང་འཇུག་གི་མ་རེད།

    Reply
  6. མང་ཐོས། says:
    ལོ་ 7 སྔོན།

    ཧ་ལས་པ་ཡག་པོ་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese