མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གསོན་པའི་འདང་རྩིས།  འདས་པའི་འགྱོད་གདུང་།

བོད་ཀྱི་དུས་བབ།
༢༠༢༠/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

                                                                            — ཕུ་བོ་ཡེ་ཤེས་བཟང་བོ་ལགས་འདས་རྗེས་ཀྱི་དྲན་ཐོ།

གཟི་མིག་གསུམ་པ།

བདག་གི་འདང་རྩིས་ཆེ་བའི་ཕུ་བོ་ཁོང་གློ་བུར་དུ་སྐུ་གཤེགས་པའི་དོན་རྐྱེན་འདིས།    ངའི་སེམས་ཁམས་དང་འཆར་སྒོ་ཡོད་ཚད་རྨང་ནས་དཀྲུགས་སོང་།   ང་ལ་སྐབས་འདིར་སྐད་ཆ་བཤད་རྒྱུའི་འདུན་པ་དང་།    ཡི་གེ་འབྲི་འདོད་ཀྱི་ཀུན་སློང་།    བསམ་བློ་གཏོང་བའི་སྤོབས་པ་སོགས་གཏན་ནས་མེད་པར་གྱུར་འདུག         ཡིན་ནའང་ཁོང་འདས་རྗེས་དྲ་ལམ་ནས་མྱ་ངན་ཞུ་ཚིག་དང་རྗེས་དྲན་རྩོམ་ཡིག་མང་ཙམ་ཐོན་པ་དང་།    ཁོང་གི་སློབ་མ་དང་གྲོགས་པོ་ཚོས་རྩོམ་ཡིག་དེ་དག་བསྡུ་རུབ་བྱས་ནས་དེབ་ཅིག་བཟོ་འཆར་ཡོད་པ་ཤེས་ཏེ།    ང་རང་གིས་ཀྱང་དྲན་ཚོད་ཅིག་བྲི་དགོས་བསམས་ནས་ཉིན་འགའ་འགོར་ཡང་།    ལོ་འདིར་སྔ་ཕྱིར་བྱུང་བའི་དོན་རྐྱེན་མང་བོའི་དབང་གིས་ངའི་སེམས་པ་སྟོང་བར་ཆགས་ཤིང་མགོ་ནང་ནག་འཐོམ་མེར་གྱུར་ནས་ཅི་ཞིག་བྲི་དགོས་པ་དང་།    འགོ་གང་ནས་རྩོམ་དགོས་པ་སོགས་ཡིད་ལ་ཅི་ཡང་འཆར་རྒྱུ་མེད་པར་ཉིན་མང་བོ་འགྱངས་སོང་།     དེ་རིང་གློག་ཀླད་ཀྱི་ཁ་ཕྱེས་པ་ན་ལག་པ་སྦྲིད་ཅིང་མཛུབ་མོ་འདར་གྱིན་ཡོད་པས་དཀའ་དཀའ་འདུག་ནའང་།   བཙན་ཚུགས་ཀྱིས་གཤམ་གྱི་དངོས་བྲིས་ཟིན་ཐོ་ལྟ་བུའི་རྩོམ་ཡིག་འདི་འབྲི་འགོ་རྩོམ་དགོས་བྱུང་བ་ཡིན།

དེ་ཡང་ད་ལོའི་སྤྱི་ཟླ་༡ཚེས་༡ཉིན་ང་ཚོའི་སློབ་གླིང་ལ་དགུན་གནང་བཏང་སྟེ་ང་རང་ཕ་ཡུལ་དུ་ལོག་ཅིང་།    ཕྱི་ཉིན་སྔ་མོ་ནས་ཕུ་བོ་ཁོང་རང་ཁྱིམ་དུ་བསུས་ཏེ་ནམ་རྒྱུན་བཞིན་ཁ་བརྡ་བྱས་ནས་འདུག་དགོས་སྙམ་སྟེ་ཁ་པར་ཞིག་བཏང་བ་ན།    ཁོང་དགོན་པར་མི་བཞུགས་པར་“ང་གློ་བུར་དུ་ལྷ་སར་བུད་སོང་།    ཕྱིར་ཐོན་རྗེས་དེར་ཡོང་”ཟེར།    འདི་ནི་ངེད་ཕུ་ནུ་གཉིས་ཀྱི་ཆེས་མཐའ་མཇུག་གི་ཁ་བརྡར་འགྱུར་འགྲོ་བ་སུ་ཡིས་ཤེས།  དེ་ནས་ཁོང་ལྷ་ས་ནས་ཕྱིར་བསླེབས་ཏེ་ཁྲི་གར་ཚ་བོ་བསྟན་འཛིན་ལྷ་རྒྱལ་དང་མཉམ་དུ་སྡོད་སྐབས་གློ་བུར་དུ་ཁྲག་ཤེད་མཐོ་བའི་ན་ཚ་ཚབས་ཆེར་གྱུར་བས།    ང་ཚོས་ལམ་སང་ཟི་ལིང་གི་ཞིང་ཆེན་སྨན་ཁང་གཉིས་པར་ཁྱེར་ནས་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར།    སྤྱི་ཟླ་༡ཚེས་༡༩དང་ཧོར་རྩིས་ཀྱི་ཟླ་༡༢ཚེས་༢༥ཉིན་ཕྱིར་ཀླུ་ཚང་དགོན་པར་ཕེབས་ཏེ་དགོན་བདག་ཨ་ལགས་རྙེ་ཚང་དང་ཨ་ལགས་ཆོས་རྗེ་ཚང་སོགས་ཕེབས་ནས་གཟིགས་རྟོག་གནང་མཐར་ཆུ་ཚོད་ཕྱེད་ཀའི་རྗེས་སུ་སྐུ་གཤེགས་སོང་།

དེ་རྗེས་ཨ་ལགས་རྙེ་ཚང་དང་ཆོས་རྗེ་ཚང་།    འཇའ་མོ་ཚང་།    བན་ཤུལ་སྐུ་ལོ་རྒྱ་མཚོ་ཚང་།    རུ་སྔུན་ཚང་།    ཕྱག་ཤུལ་ཚང་།     སྤྱི་ཚང་།    ཨ་ལགས་ཆོས་འཕེལ་ཚང་སོགས་བླ་སྤྲུལ་དང་།     དགེ་བཤེས་རུ་མང་བསམ་གཏན་ཚང་དང་ཨ་ཁུ་ཤེས་རབ་བསྟན་དར་རམ་རྒྱ་གྲོལ་ཚང་།     ཨ་ཁུ་བསོད་ནམས་ཚང་སོགས་གཙོས་གྲྭ་ཚང་གིས་སྨོན་ལམ་གསུངས་ཤིང་།    ཁོང་གི་དགེ་སྤུན་ཨ་ཁུ་འཇམ་དབྱངས་ཆོས་འཕེལ་དང་།    ཁོང་དང་འཛིན་གྲྭ་གཅིག་པའི་དགེ་བཤེས་རུ་མང་ཐབས་མཁས་ཚང་གཉིས་གཙོས་བཀའ་རམས་གསུམ་པའི་ཆོས་གྲོགས་ཡོངས་ཀྱིས་བླ་མ་གྲྭ་ཚང་གི་ཐུགས་བཀོད་བཞིན་གྲྭ་ཚང་ཕྱོགས་ཀྱི་བྱ་བ་གང་ཅིའི་ཐད་འགན་བཞེས་ཏེ་དགོན་པ་སོ་སོའི་བླ་གྲྭར་འབྲེལ་འཇོག་པ་དང་བདུན་པ་ཞུ་བ་སོགས་ལ་བཀོད་སྒྲིག་ལེགས་པར་མཛད།    དེ་བཞིན་ཁོང་གི་ནུ་བོ་ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོས་བྱེས་ཀྱི་བླ་མ་གྲྭ་ཚང་སོགས་ལ་འབྲེལ་བཞག་པ་དང་།    ངེད་ནང་མི་སྤུན་ཆུང་ཚོས་དེ་མིན་གྱི་བྱ་བའི་ཐད་འགན་ཁུར་ཏེ་གཞིས་ཀྱི་ཆོས་སྡེ་རྣམས་སུ་བསྙེན་བཀུར་བྱེད་པ་དང་བདུན་པ་ཞུ་བ་སོགས་ལ་འབད་ཅིང་།      ཚེས་ཉེར་དྲུག་ཉིན་ངས་ཁོང་གི་གྲོགས་པོ་ཀླུ་ཚང་ཨ་དགའ་སྨོན་ལམ་དང་བན་ཤུལ་བརྩོན་འགྲུས་གཉིས་རོགས་པར་ཁྲིད་ནས་ང་ཚོ་བླ་བྲང་དགོན་པར་སོང་སྟེ།    ཀུན་མཁྱེན་རིན་པོ་ཆེ་དང་གུང་ཐང་ཚང་།    ལ་མོའི་ཡོངས་འཛིན་རིན་པོ་ཆེ།    ཨ་ཁུ་དཔལ་ལྡན་ཚང་།    ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་།   དེ་བཞིན་གྲྭ་ཚང་རིན་པོ་ཆེ་སོགས་ལ་བསྔོ་རྟེན་ཕུལ་ཅིང་བསྔོ་སྨོན་ཞུས་པ་ཡིན།    དམིགས་བསལ་ཕུ་བོ་ཁོང་སྐུ་འཚོ་བཞུགས་སྐབས་ཨ་ཁུ་དཔལ་ལྡན་ཚང་ལ་དད་མོས་ཤིན་ཏུ་ཟབ་པ་འདྲ་སྟེ།    ཁོང་གི་དགེ་རྒན་ཨ་ཁུ་དགེ་འདུན་ཚང་དང་མ་རྒན་གཉིས་སྔ་ཕྱིར་འདས་པའི་སྐབས་སུ་ཁོང་གིས་སྔས་མགོའི་བླ་མ་ཨ་ཁུ་དཔལ་ལྡན་ཚང་བྱེད་དགོས་ཞེས་ཁོ་རང་དངོས་སུ་སོང་ནས་བསྔོ་རྟེན་བཞག་མྱོང་བས།     འདིར་ཁོང་གི་ཆེད་དུའང་ང་ཚོ་ཨ་ཁུ་དཔལ་ལྡན་ཚང་གི་སྐུ་མདུན་ལ་ཆུད་དེ་གནས་ཚུལ་ཆ་ཚང་ཞུས་ཤིང་ཁོང་གིས་ཐུགས་བརྩེ་བས་རྗེས་སུ་འཛིན་གསུངས་པ་དང་།     དེ་བཞིན་ཀླུ་ཚང་དགོན་པའི་དགེ་བཤེས་ཨ་ཁུ་ཟླ་བ་ཚང་ནི་ཕུ་བོ་ཁོང་གིས་དཔེ་ཁྲིད་ཞུ་སའི་དགེ་རྒན་གཙོ་བོ་ཡིན་པས་ཁོང་ལ་བསྔོ་རྟེན་ཕུལ་བར་ཁོང་གིས་འདི་ནི་ཀླུ་ཚང་དགོན་པའི་གྱོང་གུད་ཡིན་ཞེས་ཐུགས་འགྱོད་ཆེན་པོས་ངས་ཡིད་ལ་འཛིན་གསུངས་པ་སོགས་ཕུ་བོ་ཁོང་གི་གདུང་མཆོད་དང་དགོངས་རྫོགས་ལེགས་པར་བསྒྲུབས་ཏེ་འགྲུབ་པ་ནི་ནང་མི་གཉེན་ཉེ་ཚང་མའི་སེམས་པ་གསོ་བའི་སྨན་མཆོག་དང་སྙིང་ཁམས་ཅུང་ཟད་བདེ་རུ་འབབ་པའི་མཐུན་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད་པས།      ཁོང་རྣམ་པར་ལག་ཟུང་ཐལ་མོ་སྙིང་གར་སྦྱར་ཏེ་གུས་ཕྱག་གྲངས་མེད་དང་བཅས་ཐུགས་རྗེ་ཆེ་ལན་མང་ཞུ་བཞིན་ཡོད།    འདི་ནི་ཕུ་བོ་ཁོང་ལ་ན་ཚ་བྱུང་ནས་སྐུ་གཤེགས་སྐབས་ཀྱི་སྔ་ཕྱིའི་བརྒྱུད་རིམ་རགས་པ་ཙམ་བྲིས་པ་ཡིན།

ཟིན་ཐོ་བྲིས་ནས་མཚམས་འདིར་ཐོན་དུས།    རང་དབང་མེད་པར་ངའི་མིག་ལམ་ལ་ཕུ་བོ་ཁོང་དང་འབྲེལ་བའི་སྔོན་ཆད་ཀྱི་གནས་ཚུལ་མང་བོ་ཞིག་གློག་བརྙན་བཞིན་གསལ་ལེར་ཤར་ཡོང་།    ཁོ་བོ་ལོ་ན་བརྒྱད་ལོན་དུས་ཐར་ཤུལ་དགོན་དུ་སོང་སྟེ་ཕུ་བོ་ཁོང་དང་ཕུ་བོ་ཀླུ་སྨྱོན་གཉིས་ཀྱི་དགེ་ཕྲུག་བྱས་ཤིང་།      གྲྭ་ཤག་ཆུང་ཆུང་དེར་ངེད་གཉིས་ཀྱིས་མཉམ་དུ་འཚོ་བ་རོལ་ཏེ་མི་ལོ་བཅུའི་ཡུན་ལ་བསྡད་མྱོང་།    ངས་ཤེས་པའི་ཁོང་གི་མི་གཤིས་ནི་གཞུང་དྲང་ལ་ཨུ་ཚུགས་ཆེ་བ་ཞིག་སྟེ།    སྐད་ཆ་གང་ཡིན་ཡང་རང་གི་བླ་མ་དང་དགེ་རྒན་མ་གཏོགས་པའི་བཤད་ཡུལ་གཞན་སུ་ཡིན་ཡང་མཐོ་དམན་དང་ཁ་ངོ་ལ་མི་བལྟ་བར་ཁ་རུ་ཁ་ཐུག་བཤད་ཐུབ་མཁན་ཞིག་དང་།    བདེན་དོན་དང་གནས་ལུགས་ཀྱི་ཆེད་དུ་བརྟན་ཚུགས་ཆེ་བས་གཞན་གྱིས་བསྒུལ་མི་ནུས་པ་ཞིག་རེད།    ད་དུང་ཁོང་ནི་སྐུ་རླུང་ལངས་སླ་བ་ཞིག་ཡིན་ཡང་འཛིན་པ་ཡེ་ནས་མེད་པ་ཞིག་ཀྱང་ཡིན་པར་སྙམ།    དེ་བཞིན་ཆེ་མདོག་དང་སྒམ་ཚུགས་སྟོན་རྒྱུར་མི་དགའ་བས་ནམ་རྒྱུན་ང་ལ་དྲི་བ་ཅི་ཡོད་ཁོང་ལ་ཐད་ཀར་དྲིས་ཆོག་ལ།    དྲིས་ལན་བཏབ་ནས་སུན་རྒྱུ་གཏན་ནས་མེད།    དེ་མིན་ངས་རང་གི་དྲན་ཚུལ་སྣ་ཚོགས་ཅི་འདོད་དུ་བཤད་ནའང་ནན་ཏན་གྱིས་གསན་རྗེས་དབྱེ་ཞིབ་བྱེད་པ་ཡིན།     ཐེངས་ཤིག་ཁོང་དང་གྲོགས་པོ་ཁ་ཤས་ཀྱིས་ཀྲུང་གོའི་ཉེ་རབས་ལོ་རྒྱུས་སྐོར་གྱི་ཁ་བརྡ་བྱེད་པའི་བར་གསེང་དེར་ཁོ་བོས་“ངས་བལྟས་ན་མོའོ་ཙེ་ཏུང་ཟེར་བ་དེ་ནི་་་ ་་་།” ཞེས་ཁ་གྲགས་པ་ན་ཁོང་གད་མོ་ཤོར་ཏེ་“འདིས་རྒན་གཏམ་བཤད་སྲོལ་ལ་ལྟོས་དང་།   ཧ་ཧ་ཧ།”ཞེས་ཡུན་རིང་བགད་བྱུང་བས།    ངའང་ངོ་གནོང་སྟེ་སྐད་ཆ་དེའི་མཇུག་མགྲིན་པའི་ནང་ནས་སྒོར་ཐོན་རྒྱུའི་གོ་སྐབས་མ་རག་པར་ལུས་སོང་།    དེ་དུས་ང་ནི་ཕལ་ཆེར་ལོ་བཅུ་གཅིག་བཅུ་གཉིས་ཙམ་ཞིག་ཡིན་ལ་ད་ལྟ་དྲན་ན་ངོ་མ་དགོད་བྲོ་བ་ཞིག་རེད།     དེ་ལྟར་ངེད་སྤུན་མཆེད་དམ་དགེ་སློབ་གཉིས་ཀྱིས་ནམ་རྒྱུན་གྲོགས་པོ་ནང་མ་ལྟར་ཁ་བརྡ་འདྲ་མིན་བྱེད་སྲོལ་ཡོད་ཅིང་།     ལོ་གསར་སོགས་ཀྱི་སྐབས་སུ་ཁོང་དང་གྲོགས་པོ་བློ་ཉི་ངེད་ཅག་གིས་མཉམ་དུ་རྩེད་མོ་སྣ་ཚོགས་ལའང་རོལ་མྱོང་།    བློ་ཉི་ངེད་གཉིས་སྐབས་དེར་ན་ཚོད་ཆུང་བས་ཁོང་གིས་ངེད་གཉིས་ཀྱི་རེ་བ་བཞིན་ཐེངས་དུ་མར་རྩེད་གྲོགས་བྱས་པ་ནི་ནམ་ཡང་བརྗེད་ཐབས་བྲལ།    ཡང་སྐབས་དེར་ཁོང་གིས་ཐར་ཤུལ་དགོན་དུ་བློ་ཉི་དང་སྨྲ་ཁམས་འཕྲིན་ལས།    ཙག་ག་ཐོགས་མེད།   མཚམས་པ་བྱམས་པ་སོགས་དོན་གཉེར་བ་རྒན་གཞོན་དུ་མར་སུམ་རྟགས་དང་སྙན་གཞུང་།    བསྡུས་གྲྭ།    «རཱ་མ་ཎའི་རྟོགས་བརྗོད།»   «ལེགས་བྲིས་མ་»སོགས་ཀྱི་དཔེ་ཁྲིད་གནང་ཞིང་།     ངས་ཀྱང་མེ་འབུད་ཇ་སྐོལ་སོགས་ཀྱི་ཞོར་དུ་ཟུར་ཉན་བྱས་པ་ཡིན་ལ།    «རཱ་མ་ཎའི་རྟོགས་བརྗོད་»དང་«ལེགས་བྲིས་མ་»གཉིས་ཁྲིད་སྐབས་ཀྱི་ཉམས་འགྱུར་དང་ཚོར་བ་སོགས་རབ་རིབ་ཅིག་ཡིད་ལ་དྲན་པ་ནི།    ཁོང་གིས་དམིགས་བསལ་སྙན་ངག་སྐོར་འཁྲིད་སྐབས་བྱང་ཆ་ལྡན་ལ་ཚོར་བ་མ་འདྲ་བ་ཞིག་ཐོན་གྱིན་ཡོད་པ་འདྲ།    དཔེ་ཁྲིད་ཚར་རྗེས་ཡང་གྲོལ་ནས་རང་རང་སར་མི་འགྲོ་བར་ནམ་རྒྱུན་ལྟར་ཇ་འཐུང་བ་དང་ཁ་བརྡ་སྣ་ཚོགས་བྱས་ནས་བསྡད་ཆོག་པ་ཞིག་ཡིན།       ད་དུང་སྐབས་དེ་དག་ཏུ་ཁོང་གིས་ཐར་ཤུལ་དགོན་གྱི་གཉིས་པའི་ཁྲོས་ནག་གི་ཆོས་ཐོག་ལ་ཆེད་དུ་འདོན་དགོས་པ་བཞིན་མཚན་མོ་རེ་རེར་གཅོད་བཏོན་ཏེ་རྐང་དུང་འབུད་པ་དང་ཕཊ་རྒྱག་པའི་སྣང་ཚུལ་དེའང་བརྗེད་ཐབས་བྲལ་བ་ཞིག་རེད།     སྤྱི་ལོ་གཅིག་དགུ་དགུ་བཅུ་གོ་གཅིག་གོ་གཉིས་ཡས་མས་ཤིག་ནས་ཁོང་ལ་ན་ཚ་བྱུང་སྟེ་ཚོགས་ཆོས་གྲྭར་གནང་བ་ཞུས་རྗེས་ཤག་ཏུ་ནད་གསོ་བྱས་ནས་བཞུགས་དགོས་བྱུང་ཞིང་།    དེའི་སྔོན་ཙམ་ལ་ཁོང་ཆབ་ཆའི་སྨན་ཁང་དུ་ཡུན་རིང་སྡོད་སྐབས་སུ་དེ་གར་རྩོམ་པ་བོ་དང་ཡོན་ཏན་པ་འགའ་རེར་འཕྲད་དེ་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ཀྱི་སྐོར་ནས་བགྲོ་གླེང་གནང་ཚུལ་ཕྱིར་བསླེབས་རྗེས་ཡང་ཡང་བཤད་མྱོང་ལ།    དེའི་རྗེས་ནས་བཟུང་ནད་གསོ་བྱེད་ཞོར་དུ་རིག་གཞུང་དང་ལོ་རྒྱུས་ཀྱི་དཔེ་དེབ་མང་བོར་ཉིན་མཚན་དབྱེར་མེད་དུ་ནན་ཏན་གྱིས་གཟིགས་བཞིན་འདུག་ལ།     སྐབས་དེ་དུས་ཤིག་ལ་མགར་སྟོང་བཙན་སྐོར་གྱི་དཔྱད་རྩོམ་«ལོ་རྒྱུས་ཀྱི་གཡའ་སེལ་»ཅིག་ཅིག་ཟེར་བ་ཞིག་ཀྱང་བརྩམས་ནས་སྣུམ་པར་ཏུ་བཏབ་བྱུང་།    དེ་ནི་ཕལ་ཆེར་ཆབ་ཆར་འཕྲད་པའི་མི་སྣ་དེ་དག་དང་བསམ་ཚུལ་མཐུན་པོ་མ་བྱུང་བའི་རྐྱེན་གྱིས་ཡིན་ཚུལ་ཁོང་གིས་རྗེས་ནས་གསུངས་པ་དྲན་གྱིན་འདུག        ད་དུང་ཁོང་གིས་ནད་གསོའི་ཞོར་དུ་ཨ་ཁུ་དམུ་དགེ་ཚང་གི་སློབ་ཁྲིད་སྒྲ་ཐག་«བློ་གསལ་འཇུག་ངོགས་»དང་«སྙན་འགྲེལ་ཡང་གསལ་སྣང་མཛོད།»     བླ་བྲང་ཨ་ཁུ་དགེ་འདུན་ཚང་གིས་ཁྲིད་པའི་«ས་ལམ་»དང་«གྲུབ་མཐའ།»   «བློ་རྟགས།»   «ཕར་ཕྱིན་»སོགས་ལ་ཡང་དང་ཡང་དུ་ཉན་བཞིན་འདུག་ལ།     དམིགས་བསལ་ཨ་ཁུ་དམུ་དགེ་ཚང་གི་དལ་ཞིང་གསལ་བའི་གསུང་སྐད་ནི་ད་ལྟའང་ད་དུང་ངའི་རྣ་ལམ་དུ་གྲག་བཞིན་པ་ལྟར་སྣང་།     ད་དུང་སྐབས་དེ་དག་ཏུ་མཚན་མོ་དུས་ཚོད་བཅུ་བ་ཙམ་ལ་ཁོང་གིས་སྒྲ་སྡུད་འཁོར་ལོ་ཆུང་ཆུང་སྒྲ་འཛེར་མང་བོ་ཡོད་པ་ཞིག་རྣ་རྩར་གླན་ཏེ་མདོ་དབུས་ཁམས་གསུམ་སྐད་ཀྱི་གསར་འགྱུར་མང་བོ་ཞིག་ལ་ནན་ཏན་གྱིས་ཉན་གྱིན་འདུག་པའང་དྲན་སོང་།    ཁོང་གི་ནད་གཞི་ཤིན་ཏུ་ལྕི་ནའང་ལ་མོའི་ཡོངས་འཛིན་རྡོ་རྗེ་འཆང་གིས་དབང་བཀའ་ཆོས་ཅི་གསུང་ཐམས་ཅད་ལ་ཆག་མེད་དུ་འགྲོ་བ་དང་།    ཅུང་དྲག་སྐྱེད་བྱུང་བ་ནས་བཟུང་བླ་བྲང་ཨ་ཁུ་བློ་བཟང་ཚང་གི་དཔེ་ཁྲིད་ལའང་དུས་རྒྱུན་འགྲོ་བཞིན་ཡོད།      ཁོང་གིས་སྐབས་དེར་“དགེ་རྒན་ཚང་གིས་«སྔགས་ཀྱི་ས་ལམ་»ཐེངས་ཤིག་ཁྲིད་པ་དེས་ང་ལ་མིག་ཅིག་ཕྱེས་སོང་”ཞེས་རྗེས་ནས་ཡང་ཡང་གླེང་གིན་འདུག་ལ།       ཨ་ཁུ་བློ་བཟང་ཚང་ཡང་ཕུ་བོ་ལ་འདང་རྩིས་ཤིན་ཏུ་ཆེ་ཚུལ་གཞན་གྱིས་བཤད་ཀྱིན་འདུག       ད་དུང་ཡོངས་འཛིན་རིན་པོ་ཆེས་འབའ་ཁ་སྒང་ནས་དུས་འཁོར་དབང་ཆེན་གནང་བར་ཕུ་བོ་དང་གྲོགས་ཐོས་བསམ་རྒྱ་མཚོ་གཉིས་ཆེད་དུ་ཐར་ཤུལ་དགོན་ནས་ཁ་སྒང་བར་རྐང་ཐང་ལ་དུས་དབང་ཉན་དུ་སོང་མྱོང་།     བར་གླགས་དེ་ཙམ་ཞིག་ལ་ཁོང་དང་རྩོམ་གྲོགས་འགའ་མཉམ་འབྲེལ་གྱིས་རྩོམ་སྒྲིག་བྱས་ཏེ་«མིག་»ཅེས་པའི་ལོ་དེབ་ཅིག་དང་«དགེ་འདུན་ཆོས་འཕེལ་»ཞེས་པའི་ཚགས་པར་སྣུམ་པར་མ་གཉིས་དཔར་དུ་བཏབ་པ་དང་།     དེབ་དེའི་མདུན་ཤོག་དང་བར་བཅུག་རི་མོ་མང་བོ་ཞིག་ཁོང་གིས་དངོས་སུ་འབྲི་བཞིན་འདུག       ཡིན་ནའང་རྗེས་ནས་ཁོང་གིས་དགེ་འདུན་ཆོས་འཕེལ་སྐོར་ནས་ཁ་བརྡ་བྱེད་དུས་ཁོའི་སྙན་ངག་དང་«གཏམ་རྒྱུད་གསེར་ཐང་»ལ་ཚད་མཐོའི་གདེང་འཇོག་བྱེད་མོད།    «ཀླུ་སྒྲུབ་དགོངས་རྒྱན་»དེ་ལེགས་པོ་མིན་པ་དང་«དེབ་དཀར་»གྱི་ལོ་ཚུགས་འཁྲུག་ཡོད་ཚུལ་གསུངས་ནས་དེ་ཙམ་དགའ་བོ་གནང་གིན་མེད་པའི་བཟོ་ལྟ་ཞིག་ཀྱང་འདུག་སྙམ་བྱུང་།       ཁོང་ནི་སུ་དང་གང་ཡིན་གྱི་ལྟ་ཚུལ་འདྲ་མིན་སྣ་ཚོགས་ལས་སླ་བོར་ཁས་མི་ལེན་མཁན་ཞིག་ཡིན་ནའང་སུ་དང་གང་ཡང་གཏན་ནས་ཁས་མི་ལེན་པ་དེ་འདྲ་ཞིག་ཀྱང་མིན་ཏེ།     གནའ་བོའི་རྒྱ་གར་དང་ནུབ་ཕྱོགས་ཀྱི་རླབས་ཆེ་བའི་མཚན་ཉིད་རིག་པ་བ་རྣམས་དང་།    རྒྱ་ནག་ཐང་སུང་སྐབས་ཀྱི་སྙན་ངག་པ་ཚོ།     སྔ་རབས་བོད་ཀྱི་མཁས་གྲུབ་རིམ་བྱོན་དག་དང་ཉེ་རབས་ཀྱི་མཁས་དབང་དང་ཆབ་སྲིད་པ་གོང་ས་བཅུ་གསུམ་པ་ཆེན་པོ།       དཔའ་རིས་རབ་གསལ་ཚང་།    རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་།     དམུ་དགེ་བསམ་གཏན་རྒྱ་མཚོ་ཚང་།    ཁམས་ཀྱི་མཁས་པ་མི་ཉག་བུ་ཕྲུག      དེང་རབས་ཀྱི་དགེ་བཤེས་བླ་བྲང་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་།      ཨ་ཁུ་བློ་བཟང་རྒྱ་མཚོ་ཚང་།         ལྷ་རམས་པ་བློ་བཟང་དགེ་འདུན་ཚང་།    ལྷོ་བ་འབྲུག་གྲགས་ཚང་།  ཀླུ་ཚང་གི་རུ་མང་བསམ་གཏན་ཚང་།     དེ་བཞིན་སྙན་ངག་པ་ལྗང་བུ་དང་འཇུ་སྐལ་བཟང་།    གངས་ཞུན།      ལྷུག་རྩོམ་པ་ཉྭ་ནག་བ་རེས།     སྒྲུང་གཏམ་པ་ཚེ་རིང་དོན་གྲུབ།     སློབ་གསོ་བ་རྭ་རྒྱ་འཇིགས་མེད་རྒྱལ་མཚན།      སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་ཚང་སོགས་ལ་དགའ་མོས་དང་ཆེ་བསྟོད་བྱེད་པ་བདག་གིས་དངོས་སུ་ལན་མང་ཐོས་མྱོང་ལ།     ཁོང་ནི་ཕྱོགས་ཞེན་གྱིས་བསླུས་དྲགས་ཏེ་མཁས་པ་གཞན་གྱི་ཡོན་ཏན་གཏན་ནས་མི་མཐོང་བར་བདེན་དོན་དང་གནས་ལུགས་རྩིས་མེད་དུ་གཏོང་བའི་རིགས་སུ་མི་གཏོགས་པ་འདི་ཡིས་ཀྱང་ཤེས་ཐུབ་སྙམ།    ད་དུང་ཁོང་གིས་ཀླུ་ཚང་དགོན་དུ་ཨ་ལགས་རྙེ་ཚང་དང་མཉམ་དུ་ཕར་ཕྱིན་དམ་བཅའ་འཇོག་པའི་སྐབས་སུའང་རྟགས་དང་རྟེན་འབྲེལ་ལ་དཔགས་ཏེ་ཁས་ལེན་དྲང་མོར་བཟུང་ནས་ལུང་དོན་འཇོག་པ་དང་ཞིབ་ཆ་ཕྱེས་པ་སོགས་མ་བྱས་ལ།     བན་ཤུལ་དགོན་དུ་སྐུ་ལོ་རྒྱ་མཚོ་ཚང་གི་ཁྲི་སྟོན་ལ་ཚོགས་གླེང་བྱས་པར་ཡང་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་འདོད་ལན་དྲང་མོར་བཏབ་པ་ཡིན་ཞེས་བདག་ལ་བཤད་མྱོང་།     དེ་མིན་ཁོང་གིས་ཀླུ་ཚང་དགོན་དུ་ཚོགས་ཆོས་འགྲིམ་སྐབས་ལོ་ན་ཅུང་མཐོ་བ་དང་ཁ་ནང་གི་མདུན་སོ་མི་བདེ་ནའང་བླ་མ་ལས་སྣེའི་བཀོད་སྒྲིག་བཞིན་དུང་འབུད་ལ་བཞག་པར་ལོ་གཅིག་གི་རིང་ལ་ཤུགས་བརྒྱབ་ནས་ལས་འགན་ལེགས་པར་གྲུབ་ཅིང་།     རྗེས་སུ་ཚོགས་དུང་བུས་པ་དེ་ཚོགས་བསགས་ཡག་པོ་ཡིན་པས་རང་ལ་ཤིན་ཏུ་ཕན་སོང་ཚུལ་བཤད་ཀྱིན་འདུག

སྔོན་ཆད་ཁོང་དང་ངེད་གཉིས་ཐར་ཤུལ་དགོན་དུ་སྡོད་སྐབས་ང་རང་ལོ་ན་ཆུང་ཞིང་ཁོང་གིས་ནད་གསོའི་ཆེད་དུ་དགོངས་པ་ཞུས་ཏེ་བཞུགས་ཡོད་པས་ངེད་གཉིས་ལ་དཔལ་འབྱོར་གྱི་ཆ་རྐྱེན་ཧ་ཅང་ཞན།     ཐེངས་ཤིག་ཁོང་གིས་སྙི་ཐུག་ཅིག་བཞེས་འདོད་བྱུང་སྟེ་ངེད་གཉིས་ཀྱིས་གྲོགས་པོ་ཨ་ལགས་ཤིག་ལ་སྒོར་རྡོག་འགའ་བསྐྱིས་ནས་ཉོས་པའང་དྲན་གྱིན་འདུག        ཁོང་གི་ལུས་ཕུང་ཅུང་ཙམ་བདེ་དུས་གྲོང་ཆོག་ལ་ཐེངས་ཁ་ཤས་རེར་སོང་བའི་འབུལ་བ་དང་རྩོམ་ཡོན་རེ་ཐོན་ཚེ་དེས་དཔེ་ཆ་ཉོ་བར་བྱེད།     ཁོང་ནི་དངུལ་ལོར་གསོག་པར་མི་མཁས་ཤིང་།     རྒྱས་སྤྲོས་ལ་གཏན་ནས་མི་དགྱེས་པས་ངེད་གཉིས་ཀྱི་འཚོ་བ་དེ་ནམ་རྒྱུན་ལྟོ་སྐྱ་གོས་ཧྲུལ་གྱིས་སྐྱེལ་བཞིན་ཡོད།    ཐེངས་ཤིག་རྩོམ་པ་བོ་གངས་ཞུན་ལགས་ཐར་ཤུལ་དགོན་དུ་༧ལ་མོའི་ཡོངས་འཛིན་རིན་པོ་ཆེར་མཇལ་དུ་ཡོང་སྟེ་དགོང་མོ་ངེད་ཚང་གི་ཤག་ནས་ཞག་སྡོད་བྱས་མྱོང་།     ཁོས་གྲྭ་ཤག་གི་ནང་ཡོངས་སུ་སྐོར་ལྟ་ཞིག་བྱས་རྗེས་“ངོ་མ་དཔེ་ཆ་མ་གཏོགས་ཅི་ཡང་མི་འདུག་”ཅེས་ཟེར་བ་ངས་དངོས་སུ་གོ་བ་ཡིན།      ཕུ་བོ་ཁོང་འདས་རྗེས་ཀྱི་ཉིན་འདི་དག་ལ་གྲྭ་བ་འགའ་དང་ང་ཚོས་ཁོང་གི་ཤག་ཏུ་ཁོང་གི་བརྩམས་ཆོས་རྣམས་ཉར་ཚགས་བྱེད་སྐབས་གློག་ཀླད་འཚོལ་བའི་ཚེ་ན་ཁར་ཟྭ་བརྒྱབ་སྟེ་བདག་ཉར་བྱས་ཡོད་པའི་ཤིང་སྒམ་ཞིག་དང་ལྕགས་སྒམ་ཞིག་ཁང་བའི་སྦུག་ནས་རྙེད་དེ་ཁ་ཕྱེས་པ་ན།     ལྕགས་སྒམ་གྱི་ནང་ན་སྟེང་དུ་«ལམ་རིམ་ཆེན་མོ་»དང་འོག་ཏུ་གླེགས་བམ་སྣ་རིང་མང་བོ་ཞིག་དང་།    ཤིང་སྒམ་གྱི་ནང་ན་སྔོན་གྱི་«སྦྲང་ཆར་»ཕྱོགས་བསྒྲིགས་དེབ་རྙིང་བ་འགའ་ལས་གསེར་དངུལ་རིན་པོ་ཆེ་སོགས་ངེས་པར་ཟྭ་བརྒྱག་དགོས་པའི་ནོམ་པ་རྩ་ཆེན་གཅིག་ཀྱང་མི་འདུག་ལ།     དེ་བཞིན་ཁོང་གི་གྲྭ་ཤག་ཧྲིལ་བོར་ཡང་རྩ་ཆེ་བའི་དཔེ་དེབ་གསར་རྙིང་སྣ་ཚོགས་ཤིག་དང་།     འགང་ཆེ་བའི་ལོ་རྒྱུས་ཀྱི་རྒྱུ་ཆ་མང་བོ་ཞིག་ལས་གཞན།    ཟང་ཟིང་གི་རྒྱུ་ནོར་དང་མནོག་ཆུང་གི་ཡོ་བྱད་རྩ་ཆེ་བ་གཅིག་ཀྱང་མཐོང་རྒྱུ་མི་འདུག་སྟེ།    ཐ་ན་མནབ་བཟའ་གསར་བ་ཆ་ཚང་ཞིག་ཀྱང་མི་འདུག་པས།     ཁོང་ལ་མཚོན་ན་དཔེ་དེབ་འདི་དག་ནི་ཆེས་རྩ་ཆེ་བའི་རིན་པོ་ཆེ་རྐྱང་རྐྱང་ཡིན་རྒྱུ་རེད་སྙམ་སྟེ་ང་རང་ཧ་ལས་སོང་།     དེ་བཞིན་ཁོང་སྐུ་གཤེགས་སྐབས་སུ་རྒྱབ་ཁུག་གི་ནང་དུ་གསུང་འཕྲོར་ལུས་པའི་«ལམ་རིམ་ཆེན་མོ་»ཞིག་དང་ཁོང་གིས་ནམ་རྒྱུན་ཁ་ཏོན་བྱེད་པའི་«འཇིགས་བྱེད་»ཀྱི་དཔེ་ཆ་ཞིག       དེ་མིན་ཁོང་གི་བརྩམས་ཆོས་«རྟོགས་བརྗོད་ངག་རིག་གཞོན་ནུའི་གླུ་དབྱངས་»བཀོད་ཡོད་པའི་«གངས་རྒྱན་མེ་ཏོག་»གསར་བ་ཞིག       དེ་བཞིན་ས་གནས་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་བཅས་ཁུར་ཡོད་པ་དེས་ཀྱང་ཁོང་གི་སྐུ་ཚེ་དཔེ་དེབ་དང་མཉམ་དུ་མཇུག་རྫོགས་པ་མཚོན་འདུག་སྙམ།     ད་དུང་ཁོང་གི་ཉལ་ཁྲིའི་མགོའི་ཐད་ཀྱི་མཆོད་སྒམ་དུ་༧ལ་མོའི་ཡོངས་འཛིན་རིན་པོ་ཆེ་སོགས་བླ་ཆེན་དང་མཁས་པ་རེ་གཉིས་ཀྱི་སྐུ་པར་དང་།     «ལམ་རིམ་ཆེན་མོ་»དང་«སྔགས་རིམ་ཆེན་མོ།»    «ལེགས་བཤད་གསེར་འཕྲེང་།»    «ཕར་ཕྱིན་»སྐོར་གྱི་དཔེ་ཆ་འགའ་བཅས་བཤམས་ཡོད་པའི་མདུན་དུ་མནྜལ་ལེགས་པོ་ཞིག་དང་།   མངར་ཟས་ཉུང་ཙམ་ཞིག     རྒྱ་ཇ་སྤུས་ལེགས་ཤིག་བཅས་མཆོད་པར་ཕུལ་འདུག་པ་མཐོང་སོང་།    དེ་མིན་བལྟས་ནས་རྙིང་ཟད་དུ་གྱུར་ཏེ་འཐོར་ལ་ཉེ་བའི་«ལེགས་བཤད་གསེར་འཕྲེང་»མགོ་བཙེམ་མ་ཞིག་དང་།    བལྟས་མཚམས་ཀྱིས་གང་བའི་ནང་བསྟན་མཚན་ཉིད་རིག་པའི་སྐོར།      ནུབ་ཕྱོགས་མཚན་ཉིད་རིག་པའི་སྐོར།    བོད་རྒྱའི་ལོ་རྒྱུས་ཀྱི་སྐོར།    ལེགས་སྦྱར་སྐད་ཡིག་གི་སློབ་དེབ་སྐོར་བཅས་དཔེ་ཆ་མང་བོ་ཞིག་འདི་ལྟར་ལྟ་མཚམས་བྱས་ཏེ་བཞུད་སོང་བར་བདག་ལ་བཤད་མི་ཤེས་པའི་ཕངས་སེམས་ཤིག་དང་བཟོད་དཀའ་བའི་སྐྱོ་བ་ཚད་མེད་ཅིག་སྐྱེས་སོང་།     དེ་ལྟར་ཁོང་གི་གྲྭ་ཤག་ནི་ད་ལྟའང་ད་དུང་ལོ་ངོ་ཉི་ཤུ་ལྷག་གི་སྔོན་ལ་གངས་ཞུན་ལགས་ཡོང་དུས་ནང་བཞིན་“ངོ་མ་དཔེ་ཆ་མ་གཏོགས་ཅི་ཡང་མི་འདུག་”པའི་ཚུལ་དེར་འགྱུར་བ་ཅི་ཡང་བྱུང་མེད་པས།     ཁོང་གི་གྲྭ་རྐྱང་གི་འཚོ་བ་ནི་དེ་འདྲའི་ཚུལ་མཐུན་དང་སྟབས་བདེ་ཞིག་སྟེ།    ང་ཚོས་བདག་ཉར་བྱེད་སྐབས་ཀྱང་ཁོང་འདས་རྗེས་ཀྱི་ཤུལ་དེའང་དེ་འདྲའི་“གཙང་མ་”ཞིག་དང་།    དེ་འདྲའི་དོན་སྙིང་ལྡན་པ་ཞིག་རེད་ཨང་སྙམ་བྱུང་།

ད་དུང་དྲན་སོས་པ་ཞིག་ལ།    ཉིན་ཞིག་ངས་ཁོང་ལ་ཁྱེད་ཀྱིས་དཔེ་ཆ་འདི་དག་ལ་བལྟས་ཚར་ཡོད་དམ་ཞེས་དྲིས་པར་ཁོང་གིས་“དཔེ་ཆ་ཕལ་ཆེ་བར་ཐེངས་གསུམ་རེར་བལྟས་ཡོད་”ཟེར།    ཁོང་ནི་དཔེ་ཆ་མང་བོ་ཉར་ཚགས་བྱེད་མཁན་ཙམ་མ་ཡིན་པར་ཆུང་དུས་ནས་དཔེ་ཆ་ཀློག་པར་ཤིན་ཏུ་དགའ་བ་ཞིག་ཡིན་ཏེ།      ཨ་མ་ལགས་ཀྱིས་ཀྱང་“ཡེ་ཤེས་བཟང་བོ་ཁོ་ཆུང་ཆུང་ཡིན་དུས་ཕ་ཡུལ་ནས་ལུག་རྫི་བྱེད་སྐབས་སུ་ནམ་རྒྱུན་དཔེ་ཆ་ཁྱེར་ནས་འགྲོ་བ་དང་།    ལུག་རྫི་ནས་ཕྱིར་ཁྱིམ་དུ་ལོག་ཚེའང་ལག་པ་གཡས་པས་རྩམ་པ་བརྫི་ཞོར་དང་ལག་པ་གཡོན་པས་དཀར་ཡོལ་བཟུང་སྟེ་གྲུ་ཁུག་ལ་དཔེ་ཆ་བཟུང་ནས་ཟ་མ་ཟ་ཞོར་དང་དཔེ་ཆར་ལྟ་ཞོར་བྱེད་པ་རེད་”ཅེས་ཐེངས་མང་གསུངས་པ་དྲན།    དེ་བས་ངས་ནི་ཁོང་གི་དགའ་ཕྱོགས་གཙོ་བོ་ནི་དཔེ་ཀློག་དང་རྩོམ་འབྲི་གཉིས་རེད་སྙམ།    དེ་བཞིན་ཁོང་དགའ་སའི་ཟ་མ་ནི་རྩམ་པ་ཨེ་ཡིན་ནམ་ཡང་སྙམ་ཏེ།    ཉིན་ཞིག་ཁོང་གིས་ང་ལ་“ང་ཚོ་འབྲོག་པ་ཞིག་ཡིན་ན་ནངས་ཇར་ངེས་པར་དུ་གཏུལ་མ་ཆུང་ཆུང་རེ་བཟའ་དགོས་པ་ནི་ལུགས་སྲོལ་རེད།” ཅེས་བཤད་པ་ཞིག་ཀྱང་དྲན་སོང་ལ།     དེ་བཞིན་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ཡས་མས་ཤིག་ནས་བཟུང་ཡུལ་ཕྱོགས་འདིར་ཧེ་ཧེའི་ཟ་ཁང་གི་ཟ་མར་གནད་དོན་ཡོད་པས་མི་བཟའ་ཟེར་ནས་མི་མང་ཙམ་གྱིས་གནས་སྐབས་ཙམ་ལ་སྲལ་ལེན་བྱས་མོད་རྗེས་སུ་དམ་བཅའ་ག་ལེར་ཞིག་པར་གྱུར།     ཡིན་ནའང་ཕུ་བོ་ཁོང་གིས་དུས་དེ་ནས་བཟུང་སྟེ་ཧེ་ཧེའི་ཟ་མ་མ་ཟོས་པར་ཨུ་ཚུགས་མཐར་སྐྱེལ་གྱིས་ད་ལྟའི་བར་དུ་རྒྱུན་བསྐྱངས་སོང་།    གཞན་ཡང་ཕུ་བོ་ཁོང་ཆུང་དུས་རི་མོ་སྣ་ཚོགས་འབྲི་བར་མཁས་ཤིང་འདྲ་པར་ལེན་རྒྱུར་ཡང་འཇོན་པོ་ཡོད་པས།   ཁོང་གི་འདྲ་པར་རེ་གཉིས་ལ་བྱ་དགའང་ཐོབ་མྱོང་།    དེ་མིན་ཁོང་ནི་གཞུང་གི་སློབ་གྲྭར་འགྲོ་མ་མྱོང་ནའང་རྒྱ་ནག་གི་ཡི་གེར་རང་སྦྱོང་བྱས་ཏེ་རྒྱ་ཡིག་གི་ལོ་རྒྱུས་དང་མཚན་ཉིད་རིག་པའི་སྐོར་གྱི་དཔེ་ཆ་ཀློག་པ་དང་སྒྱུར་རྩོམ་འགའ་རེའང་བྲིས་འདུག       དེ་བཞིན་རྒྱ་གར་ལེགས་སྦྱར་གྱི་སྐད་ཡིག་ལའང་སློབ་སྦྱོང་ཆེད་ཟི་ཁྲོན་རྔ་བའི་ཨ་ཁུ་དམ་ཆོས་ཚང་གི་མདུན་དུ་ལོ་རེ་གཉིས་ལ་བསྟུད་མར་སོང་སྟེ་སྒྲ་རིག་པར་སློབ་གཉེར་མཛད་ཅིང་ཁོང་གིས་མཐར་ཕྱིན་འཛིན་ཡིག་སྤྲད་དེ་ཕུ་བོ་ལ་“མཚོ་བྱུང་སྤྲིན་རྒྱ་མཚོ་”ཞེས་པའི་བརྡ་སྤྲོད་ཀུན་བཤད་ཀྱི་མིང་ཞིག་ཀྱང་བཏགས་ཡོད་ལ།    ཨ་ཁུ་དམ་ཆོས་ཚང་གི་རྟོགས་བརྗོད་ཅིག་ཀྱང་ཕུ་བོས་སྙན་ངག་གི་ལམ་ནས་བྲིས་ཏེ་༢༠༡༩ལོའི་«གངས་རྒྱན་མེ་ཏོག་»དེབ་བཞི་བའི་སྟེང་བཀོད་འདུག          དེའི་རྗེས་སུ་ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཆེད་དུ་གདན་ཞུ་བྱས་པའི་བལ་བོའི་མཁས་པ་ཞིག་གི་དྲུང་དུ་སོང་སྟེ་ལེགས་སྦྱར་ལའང་སྦྱོང་གིན་འདུག་ལ།     ཕྱིར་ཡོང་ནས་ངའི་ཁྱིམ་དུ་དུས་ཡུན་གང་འཚམས་ཤིག་ལ་སྡོད་པའི་ཚེ་ན་བྱིས་པ་ཚོའི་འུར་ཟིང་གི་ཁྲོད་དུའང་སྐབས་དེའི་སློབ་ཁྲིད་སྒྲར་བླངས་པ་ལ་ཡང་ནས་ཡང་དུ་གཟབ་ནས་གྱིས་ཉན་གྱིན་འདུག        དེ་ལྟར་ལོ་འདི་དག་ལ་ཁོང་ནམ་རྒྱུན་གུང་གསེང་སོགས་ཀྱི་སྐབས་སུ་ངའི་ཁྱིམ་དུ་ཡོང་ནས་བཞུགས་ཤིང་།     ང་ཚོས་ཁ་བརྡ་བྱེད་པའི་བར་གསེང་དུའང་དཔེ་ཆ་རེ་ལག་ལ་བཟུང་ནས་ལྟ་ཞོར་དང་ཁ་བརྡ་བྱེད་ཞོར་བྱེད་པའི་གོམས་སྲོལ་ཞིག་ཀྱང་ཡོད།    ང་ལ་མཚོན་ན་དཔེ་ཆ་བཀླག་པ་ལ་ངེས་པར་དུ་རང་གཅིག་བུར་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་དགོས་མོད།     ཁོང་ནི་དེ་ལས་ལྡོག་སྟེ་འུར་ཟིང་གི་ཁྲོད་དུའང་ཅི་འདོད་བཞིན་དཔེ་ཆའི་ཀློང་ལ་འཇུག་ཐུབ་ཅིང་།     གམ་གྱི་མི་ལ་ཁོང་གིས་དཔེ་ཆ་ཀློག་པར་བར་ཆད་བྱས་སོང་ཞེས་ནམ་ཡང་སྐྱོན་བརྗོད་བྱེད་མ་མྱོང་བར་ཡ་མཚན་སྐྱེས་མྱོང་།     ཁོང་ཀླུ་ཚང་དགོན་དུ་ཕེབས་ཏེ་སློབ་གཉེར་གནང་སྐབས་གྲྭ་ཤག་ཆུང་ཆུང་མཚམས་ཁང་ལྟ་བུ་ཞིག་ཏུ་བསྡད་དེ་ཉིན་མཚན་དབྱེར་མེད་དུ་སློབ་གཉེར་ཁོ་ནར་བརྩོན་གྱིན་འདུག       ཐེངས་ཤིག་ང་ཁོང་གི་ཤག་ཏུ་སོང་བ་ན་ཁོང་གི་ཚ་ཐབ་སྟེང་དུ་དཔེ་ཆ་སྤུངས་ཏེ་ཟུར་ཞིག་ན་སྐྱིལ་ཀྲུང་དུ་སྡོད་ས་ཙམ་ལས་ཉལ་ས་ཟེར་བ་ཞིག་མཐོང་རྒྱུ་མི་འདུག       ངས་ཁོང་ལ་ཉལ་ས་གང་ཡིན་དྲིས་པར་མཚན་མོར་དུས་ཚོད་གཉིས་ཙམ་རེར་རྒྱབ་རྩིག་པར་བསྙེས་ཏེ་གཉིད་ཐུན་རེ་ལེན་པ་ལས་སྐ་རགས་སོགས་བཤིག་སྟེ་ཉལ་གྱིན་མེད་ཚུལ་བཤད།     ད་དུང་ཁོང་གཞུགས་སར་རས་གདན་དང་སློག་གདན་ཉིས་བརྩེགས་ཤིག་བཏིང་ཡོད་པ་གཉིས་ཀ་རལ་ནས་བུ་ག་ཆེན་པོ་ཞིག་བརྡོལ་འདུག་པ་མཐོང་བས།      ངའི་སེམས་ལ་“སོང་ནས་ལྷམ་བརྡོལ་བ་ལས་བསྡད་ནས་སྟན་བརྡོལ་ན་བཟང་”ཟེར་བ་དེ་དྲན་སོང་།      དེ་ནི་ཕུ་བོས་ཀླུ་ཚང་དགོན་དུ་ཕར་ཕྱིན་དམ་བཅའ་མ་བཞག་སྔོན་གྱི་གནས་སྟངས་ཤིག་རེད།

རྗེས་སུ་ཕུ་བོ་ཁྲི་གའི་མཐོ་འབྲིང་གི་དགེ་རྒན་བྱེད་པའི་ལོ་ངོ་དེ་དག་གི་རིང་ལ་ཁོང་གིས་རིག་གནས་འགྲུལ་བཞུད་དམ་ཡུལ་དངོས་འཚོལ་ཞིབ་ཀྱི་དབུ་བརྩམས་ཏེ་སྔ་ཕྱིར་བོད་ཀྱི་དབུས་གཙང་ཕྱོགས་དང་།    རྨ་ནུབ་ཁྱམས་རིང་།   ཏུན་ཧོང་།    རྒྱ་ནག་གི་ཁྲང་ཨན།   ཧྲིན་དབྱང་གི་གནའ་བོའི་ཕོ་བྲང་སོགས་ལ་ཐེངས་དུ་མར་སོང་སྟེ་དེ་འབྲེལ་གྱི་རྩོམ་ཡིག་དང་ཡུལ་སྐོར་ཟིན་ཐོ་སོགས་མང་བོ་བྲིས་ཡོད་པ་དཔེར་ན།     «བྱེ་མའི་ཀློང་ནས་རྙེད་པའི་རིག་པའི་གཏེར་མཛོད་»དང་།    «ཡང་བསྐྱར་ཤ་ཅུའི་ཡུལ་དུ་བསྐྱོད་པ།»   «ཐོན་མིའི་འཁྲུངས་ཡུལ་དུ་བསྐྱོད་པ།»   «ཁྲི་གའི་གནའ་མཁར་སྟེང་འགྲེང་སྟེ་ལོ་རྒྱུས་ལ་ཕྱི་མིག་བལྟས་པ་» སོགས་རེད།    ཁོང་གི་རྩོམ་ཡིག་འདི་དག་ནི་རྒྱའི་རིག་གནས་འཚོལ་སྙེག་པ་ཡུས་ཆིག་ཡོས་(余秋雨)ཀྱི་ཡུལ་སྐོར་ལྷུག་རྩོམ་དག་དང་འདྲ་བར་ང་རང་ཆེས་ཀློག་སྤྲོ་བའི་སྐོར་ཡིན།     ཁོང་གི་རྩོམ་ཡིག་གི་ཐད་ནས་བཤད་ན།     ལོ་རབས་བརྒྱད་ཅུ་བ་ནས་འབྲི་འགོ་བརྩམས་ཏེ་ད་ལྟའི་བར་སྒྲུང་རྩོམ་དང་ལྷུག་རྩོམ།    གློག་བརྙན་འཁྲབ་གཞུང་།    སྲོལ་རྒྱུན་སྙན་ངག     རང་མོས་སྙན་ངག     འབོལ་རྩོམ།    གཞས་ཚིག    དཔྱད་རྩོམ།   ལོ་རྒྱུས།   གཞུང་ལུགས་སོགས་རྩོམ་ལུས་སྣ་ཚོགས་ཀྱི་རྩོམ་ཡིག་མང་ཙམ་བྲིས་ཤིང་པར་སྐྲུན་བྱས་ཟིན་པའི་དཔེ་དེབ་དྲུག་དང་།   «མང་རའི་ལོ་རྒྱུས་»བསྐྱར་བཅོས་མ་དང་བརྒལ་བརྟག་རྩོམ་ཡིག་ཕྱོགས་བསྒྲིགས་«རྟོག་གེ་བའི་ཐལ་སྒྲ་» སོགས་པར་བསྐྲུན་བྱ་རྒྱུར་ལུས་ཡོད་པའི་དེབ་ཀྱང་འགའ་ཞིག་ཡོད།     དེ་དག་ལས་ང་ལ་བག་ཆགས་ཆེས་ཟབ་པ་ནི་ཁོང་གི་ཡུལ་སྐོར་ལྷུག་རྩོམ་དག་དང་སྲོལ་རྒྱུན་སྙན་ངག་གི་ལམ་ནས་བྲིས་པའི་རྟོགས་བརྗོད་རྩོམ་ཡིག་དེ་དག་རེད།    དེ་ལས་ཀྱང་དམིགས་བསལ་ཁོང་གི་སྲོལ་རྒྱུན་སྙན་ངག་གི་རྩོམ་རྩལ་དེ་འདྲ་ང་ལྟ་བུས་མི་ཚེ་གང་བོར་སྦྱངས་ནའང་ཡོང་དཀའ་བ་ཞིག་རེད་སྙམ་ནས་ཡང་ཡང་བཀླགས་མྱོང་།     ད་དུང་ཁོང་གིས་ལོ་ངོ་དུ་མའི་རིང་ལ་ཀྲུང་གོའི་ཉེ་རབས་ཀྱི་ཆབ་སྲིད་དང་དམག་འཁྲུག         གསར་བརྗེའི་ལོ་རྒྱུས་བཅས་མཚོན་པའི་དཔེ་དེབ་དང་གློག་བརྙན་མང་བོར་གཟིགས་བཞིན་འདུག་ཅིང་།     དེའི་ཐད་ནས་ཁ་བརྡ་བྱས་ཚེ་གོ་མ་མྱོང་བའི་ལོ་རྒྱུས་ཀྱི་གསང་བ་མང་བོ་གསུང་རྒྱུ་འདུག་ལ།     ཁོང་གིས་བདག་ལ་དངོས་སུ་“ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་གནད་དོན་སྐོར་ནས་ང་ལ་དེབ་རྒན་ཞིག་འབྲི་རྒྱུ་ཡོད་”ཅེས་ཀྱང་གསུངས་མྱོང་ཡོད།      ན་ནིང་ལོ་ནས་ཁོང་གིས་«མང་རའི་ལོ་རྒྱུས་»བསྐྱར་བཅོས་མ་དེའི་ཆེད་དུ་ཡང་བསྐྱར་“མང་སྟོད་སྨད་བར་གསུམ་ཆུ་བཞིན་ཉུལ་”ཏེ་རྒྱུ་ཆ་སྣ་ཚོགས་འཚོལ་སྡུད་བྱེད་ཀྱིན་འདུག་ལ།     ས་གནས་ཀྱི་གནད་ཆེའི་མི་སྣ་དུ་མའི་གམ་དུ་སོང་སྟེ་དངོས་སུ་བཅར་འདྲི་བྱས་རྗེས་ངའི་ཁྱིམ་དུ་ཡོང་ནས་སྒྲ་ཕབ་དེ་དག་ལ་ཡང་ཡང་ཉན་གྱིན་འདུག        ད་ལོ་དབྱར་ཁར་ངས་ཁོང་ལ་«མང་རའི་ལོ་རྒྱུས་»བསྐྱར་བཅོས་མ་དེ་འགྲུབ་ཡོད་མེད་དྲིས་པར་ད་ནི་དེབ་རྒན་ཞིག་ཕལ་ཆེར་བྲིས་ཚར་ལ་ཡོད་ཅིང་།     འདིའི་ཆེད་དུ་དཀའ་སྡུག་མང་བོ་མྱངས་རབས་བཤད་སོང་།    དེ་ནས་ཁོང་གིས་མང་རའི་ལོ་རྒྱུས་སྤྱི་བཤད་དང་མང་རའི་ཡུལ་དུ་དུས་ནམ་ཞིག་ལ་མིའི་འགྲོ་བ་བྱུང་ཚུལ།     སྤྱི་ཐར་ཤུལ་ཚོ་གསུམ་སོགས་ཀྱི་རུས་རྒྱུད་མཆེད་ཁུངས་སྐོར།    ཆེས་གནའ་བོའི་དུས་ནས་མང་རའི་ཡུལ་དུ་དཔལ་ཡོན་དར་ཡོད་ཚུལ་སོགས་ཀྱི་སྐོར་ནས་དུམ་ཚན་ཆེན་པོ་ཞིག་ང་ལ་བསྟན་བྱུང་བས།     ངས་ཀྱང་རེ་རེ་བཞིན་ནན་ཏན་གྱིས་ཐེངས་ཤིག་བཀླགས་པ་ཡིན།    ད་ཐེངས་ཁོང་གིས་«ཏུན་ཧོང་གཏེར་ཡིག་»དང་«ཐང་ཡིག་གསར་རྙིང་།»  «སྲིད་སྐྱོང་མེ་ལོང་།»  དེ་བཞིན་སྔོན་ཆད་མཐོང་མ་མྱོང་བའི་བོད་རྒྱའི་ཡིག་ཚང་ཚད་ལྡན་དུ་མར་ཁུངས་གཏུགས་ཏེ།     ལོ་རྒྱུས་རིག་པའི་ལམ་ནས་ཉམས་ཞིབ་དང་།   རང་གི་རྣམ་དཔྱོད་ཀྱིས་དཔྱད་པ་ཞིབ་མོ་བཏང་སྟེ་སྔར་དང་མ་འདྲ་བའི་རིན་ཐང་ཅན་གྱི་ལོ་རྒྱུས་ཤིག་བྲིས་འདུག་ཨང་སྙམ་སྟེ་ཤིན་ཏུ་ལེགས་ཚུལ་ཞུས་པ་ཡིན།      ཁོང་གིས་ད་རུང་འདིའི་རྗེས་ན་དེབ་གཞན་པ་འགའ་རེའང་པར་དུ་བསྐྲུན་རྒྱུ་ཡོད་ཚུལ་གསུངས་སོང་།     ངས་ནི“་ཁྱེད་ཀྱིས་ད་བར་དུ་དཀའ་ལས་བརྒྱབ་སྟེ་སློབ་གཉེར་དང་རྩོམ་འབྲི།     ལོ་རྒྱུས་འཚོལ་ཞིབ་བཅས་ཀྱི་ཆེད་དུ་འབད་པ་དང་།    ཁྲི་གའི་སློབ་གྲྭར་དཔེ་ཁྲིད་གནང་ནས་ཀྱང་ཡུན་རིང་བསྡད་པ་རེད།    ད་ནི་རང་དགོན་དུ་སྐུ་ངལ་གསོ་བཞིན་ཉམས་ལེན་དགེ་སྒྲུབ་རེ་གནང་བཞིན་བཞུགས་ན་ལེགས་”ཚུལ་བཤད་པར།    ཁོང་གིས་“ཡ་ཡ་།    དེ་བདེན་གི་”ཟེར།    ད་ལྟ་འདང་བརྒྱབ་ན་ཁོང་གིས་ད་བར་དུ་ནང་བསྟན་གྱི་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་བ་དང་ནང་བའི་ལྟ་གྲུབ་སྐོར་ལ་ཞིབ་འཇུག་བྱས་པ།      དེ་བཞིན་བོད་ཀྱི་ཐུན་མོང་རིག་གཞུང་སྐོར་ལ་ཉམས་ཞིབ་ཀྱི་རྩོམ་ཡིག་མང་བོ་བྲིས་པ།     ལོ་ངོ་དུ་མར་སྐྱ་སེར་དང་ཕོ་མོ་རིས་མེད་ཀྱི་སློབ་ཕྲུག་མང་བོར་དཔེ་ཁྲིད་བྱས་པ་སོགས་ལས་ལྷག་པའི་ཉམས་ལེན་དང་དགེ་སྒྲུབ་ཅི་ཞིག་ཡོད་ཨང་སྙམ།      ད་ནི་ཁོང་གིས་དེ་དག་ཡོད་ཚད་ལས་ཀྱི་འཕྲོ་མར་བཞག་སྟེ་ཕེབས་སོང་བར་བདག་ལ་ཕངས་སེམས་ཆེ་ཞིང་།      ཁོང་གིས་ད་བར་དུ་དཀའ་སྤྱད་སྡུག་རུས་ཀྱིས་སྦྱངས་པའི་ཡོན་ཏན་མང་བོ་ཞིག་ཕྱི་རབས་སློབ་བུའི་བགོ་སྐལ་དུ་འགྱུར་མ་ཐུབ་པར་ཕེབས་སོང་བར་འགྱོད་གདུང་ཤིན་ཏུ་ཆེ་ཡང་བྱ་ཐབས་ཟད།     ན་ནིང་དོ་ཚིགས་ལ་ཕུ་བོ་ཁོང་ཆུང་དུས་འཚོ་སྡོད་བྱེད་མྱོང་སའི་ཕ་ས་ཕ་ཡུལ་གྱི་རི་ལུང་དང་རྩྭ་ཐང་ལ་དུངས་པ་ཆེན་པོ་སྐྱེས་ཀྱིན་འདུག་པས།    དབྱར་ཁའི་དུས་སུ་འབའ་མང་རའི་སྤྱི་སྒང་དང་ཐར་ཤུལ་གྱི་དོང་ཆུའི་སྐེ།    རྡོ་རྐོའི་ཐང་སོགས་ལ་སྤྲོ་བསང་དུ་འགྲོ་བཞིན་འདུག་ཅིང་།      དམིགས་བསལ་ཁོང་གིས་སློབ་གཉེར་གནང་སའི་ཀླུ་ཚང་དགོན་པར་རྒྱུན་སྡོད་བྱེད་རྒྱུའི་འཆར་གཞི་བཟོ་བཞིན་འདུག་པ་སོགས་ནི་རྒས་ཀྱིན་པའི་མི་ཚེའི་གདམ་ག་ཞིག་གམ་ཚེ་སྲོག་གི་མཇུག་མཐའི་མངོན་སྟངས་ཤིག་ཨེ་ཡིན་ནམ་ཡང་སྙམ་བྱུང་།

སེམས་གནད་ལ་ཕབ་ནས་འདང་རེ་བརྒྱབ་ན།     སྤྱིར་བཏང་གི་མི་ཁྱིམ་ཞིག་ནས་སྐྱེས་པའི་སྤྱིར་བཏང་གི་བོད་ཕྲུག་ཅིག་སྟེ།      བདག་གི་སྙིང་ཉེ་བའི་ཕུ་བོ་ཁོང་གི་རིང་རྒྱུ་ཐུང་རྒྱུ་མེད་པའི་མི་ལོ་ང་གསུམ་གྱི་མི་ཚེ་ནི།     འདི་ལྟར་སྤྱིར་བཏང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་གྱི་བྱ་བ་ཁོ་ནའི་ཁྲོད་དུ་མཇུག་རྫོགས་སོང་བ་ལས་ལྷག་པ་ཅི་ཞིག་ཡོད་ཨང་།     ད་ནི་བདག་གིས་ཕུ་བོ་ཁོང་གི་རྗེས་སུ་དཀོན་མཆོག་གསུམ་ལ་སྐྱབས་འཇུག་རེ་ཞུས་ཏེ་འདུག་རྒྱུ་མ་གཏོགས།    ལས་དབང་ལ་འཁང་ར་དང་ལེ་བདའ་བྱ་ས་མེད།

ང་ཚོ་འདི་ལྟར་ལས་དབང་གིས་མཉམ་དུ་འཛོམས་ཤིང་།    རྐྱེན་དབང་གིས་སོ་སོར་གྱེས་ནའང་།    ཕུ་ནུའི་འདང་བརྩེ་ལ་ཟད་མཐའ་མེད་ཅིང་།     སྙིང་ཁོང་གི་དྲན་གདུང་ལ་སངས་ཐབས་དབེན།    ཕྱིར་དྲན་གྱི་ཁྲོད་དུ་གཏམ་རྒྱུད་ལ་རྫོགས་མཐའ་བྲལ་ཡང་།      དུས་བཅད་ཀྱི་དབང་གིས་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱ།

མཇུག་མཐར།     ད་ཐེངས་ཁོང་མྱུར་སྐྱོབ་ཀྱི་ཆེད་དུ་ནུས་ཤུགས་གང་ཡོད་འདོན་མཁན་གྱི་སྨན་པ་རྣམས་དང་།    དེ་བཞིན་དགོངས་རྫོགས་དང་གདུང་མཆོད་ཀྱི་མགོ་མཇུག་བར་གསུམ་ལ་བརྩེ་གཟིགས་ཚད་མེད་གནང་མཁན་གྱི་བླ་གྲྭ་ཡོངས།    གང་ཅིར་ཐུགས་ཁུར་ཆེ་བཞེས་མཛད་པའི་ཀླུ་ཚང་དགོན་གྱི་བཀའ་རམས་གསུམ་པའི་ཁོང་གི་ཆོས་གྲོགས་ཆ་ཚང་།    ཕྱོགས་སོ་སོ་ནས་དངོས་སུ་མིག་སྔུན་ལ་ཕེབས་ཏེ་སེམས་གསོ་བྱེད་མཁན་དང་བསྔོ་སྨོན་ཞུ་མཁན་གྱི་གྲོགས་པོ་ཐམས་ཅད།    ཁོང་ལ་རྗེས་དྲན་འབྲི་མཁན་དང་མྱ་ངན་ཞུ་ཚིག་འབུལ་མཁན་གྱི་ཤེས་ཡོན་པ་དང་རྩོམ་སྒྲིག་པ་ལྷན་རྒྱས།    དངོས་བརྒྱུད་ཅི་རིགས་ནས་རོགས་འདེགས་དང་མཐུན་རྐྱེན་གང་ཐུབ་གནང་མཁན་གྱི་མི་སྣ་ཡོངས་ལ་ངས་འདི་ནས་ནང་མི་ཡོད་ཚད་ཀྱི་ཚབ་བྱས་ཏེ་བཅོས་མིན་སེམས་གཏིང་ནས་བཀའ་དྲིན་ཆེ་ལན་བརྒྱར་ཞུས་པ་ལགས་སོ།།

སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༡༠ལ་བྲེལ་འཚབ་ཀྱི་ཀློང་དུ་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

ཆུ་ཚོད་ ༥ སྔོན་ལ།
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

ཆུ་ཚོད་ ༥ སྔོན་ལ།
His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

༢༠༢༣/༠༦/༠༢
༧གོང་ས་མཆོག་ནས་ལི་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

༢༠༢༣/༠༦/༠༢
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

༢༠༢༣/༠༦/༠༢
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist