དེ་རིང་རྒྱ་ནག་ཧུ་ནན་ཞིང་ཆེན་གྱི་མེ་འཁོར་ཞིག་ལ་ལམ་ཆད་དེ་བརྡབ་སྐྱོན་ཆེན་པོ་བྱུང་བ་དང་སི་ཁྲོན་ཞིང་ཆེན་མུ་ལི་རྫོང་ཁོངས་ཀྱི་ནགས་ཚལ་ནང་མེ་སྐྱོན་ཆེན་པོ་ཤོར་གྱི་འདུག དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་རྒྱ་ནག་གི་སྔ་དྲོའི་ཆུ་ཚོད་ ༡༡:༤༠ སྟེང་། རྒྱ་ནག་ཧུ་ནན་ཞིང་ཆེན་ནས་ཡིན་པའི་མེ་འཁོར་ཨང་རྟགས་(T179)ཅན་ཞིག་ལམ་ཆད་ནས་བརྡབ་སྐྱོན་བྱུང་ཡོད་པ་དང་། མེ་འཁོར་བརྡབ་སྐྱོན་བྱུང་རྗེས་འཁོར་སྒམ་དང་པོར་མེ་སྐྱོན་ཤུགས་ཆེན་བྱུང་ཡོད་པ་མ་ཟད། འཁོར་སྒམ་གཉིས་པ་ནས་དྲུག་པའི་བར་ལྕགས་ལམ་ཐོག་ནས་ལྷུང་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ཐེངས་འདིའི་དོན་རྐྱེན་ཁྲོད་མི་ ༡ རྐྱེན་འདས་དང་། མི་ ༡༢༣ ལྷག་ལ་རྨས་སྐྱོན་བྱུང་ཡོད་སྐོར་བརྗོད་འདུག
གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོ་ནས་བཟུང་སི་ཁྲོན་ཞིང་ཆེན་ཉིང་ཧྲན་ཁུལ་མུ་ལི་རྫོང་གི་ནགས་ཚལ་དུ་མེ་སྐྱོན་ཆེན་པོ་ཤོར་ཡོད་པ་དང་། མེ་གསོད་རུ་ཁག་གི་མི་གྲངས་ ༢༠༠༠ ལྷག་གིས་མེ་གསོད་ཐབས་བྱེད་ཀྱི་ཡོད་ཀྱང་གསོད་མ་ཐུབ་པར་འཚིག་སྐྱོན་ཆེན་པོ་འབྱུང་བཞིན་ཡོད་པ་དང་། དེ་རིང་ཉིན་གུང་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་མེ་འགོག་ཁང་གིས་སྔར་ལས་མེ་གསོད་ནུས་པ་གོང་མཐོར་གཏོང་དགོས་སྐོར་བརྗོད་དེ། ཆེད་ལས་སློབ་སྟོན་པ་སོགས་སྐད་བཏང་སྟེ་མེ་གསོད་ཀྱི་ཡོད་ཀྱང་གྲུབ་འབྲས་ཐོན་གྱི་མེད་འདུག
སི་ཁྲོན་ཞིང་ཆེན་གྱི་ནག་ཚལ་དང་རྩ་ཐང་ཛ་དྲག་སྲུང་སྐྱོབ་འཆར་འགོད་ཚན་པས། ད་ལྟའི་ཆར་མེ་སྐྱོན་འདི་འགོག་ཐུབ་ཀྱི་མེད་པར་བརྟེན། མེ་སྐྱོན་འདི་ཁྱབ་རྒྱ་ཆེ་རུ་འགྲོ་ཡི་ཡོད་པའི་ཉེན་ཁ་འདུག ཅེས་བརྗོད་ཡོད་པ་དང་། ད་ལྟའི་ཆར་ལི་ཧྲན་ཞིང་ཆེན་གྱིས། ཐད་འཕུར་གནམ་གྲུ་དང་མེ་གསོད་རུ་ཁག་སོགས་ཐབས་ཤེས་ཡོད་རྒུ་བཏོན་ཏེ་མེ་སྐྱོན་གསོད་ཐབས་བཞིན་ཡོད་ཀྱང་། མི་ལ་གནོད་སྐྱོན་བྱུང་ཡོད་མེད་སོགས་ད་ལྟའི་ཆར་གོ་ཐོས་མི་འདུག ན་ནིང་ལོའི་ཕྱི་ཟླ་ ༣ ཚེས་ ༣༠ སྟེ་དེ་རིང་གི་ཉིན་མོ་དེར། མུ་ལི་རྫོང་ཁོངས་ཀྱི་ནགས་ཚལ་དེར་མེ་སྐྱོན་ཆེན་པོ་བྱུང་སྟེ། ལོ་དེའི་ཕྱི་ཟླ་ ༤ ཚེས་ ༤ ཉིན་བར་ཁྱོན་མེ་གསོད་རུ་ཁག་གི་མི་སྣ་ ༢༧ དང་། ས་གནས་མེ་གསོད་པ་ ༤ བཅས་ལ་སྲོག་སྐྱོན་བྱུང་ཡོད་འདུག
ཉེ་བའི་བདུན་ཕྲག་གསུམ་ཙམ་ནང་རྒྱ་ནག་ནང་མེ་སྐྱོན་མེ་སྐྱོན་ཁ་ཤས་བྱུང་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོར། རྒྱ་ནག་ཧུའུ་པའེ་ཞིང་ཆེན་བྷོ་ཌིན་གྲོང་ཁྱེར་ཤོང་རྫོང་(河北省保定市雄县)ཉེ་འཁོར་ཏུ། རླུང་འཚུབ་ཆེན་པོ་བྱུང་བར་རྐྱེན་བྱས་ནས་མེ་སྐྱོན་ཤོར་ཏེ་ལམ་འགྲམ་གྱི་ཤིང་ནགས་དང་། ཁང་པ་ ༥༠ ལྷག་དང་རླངས་འཁོར་ ༣༠ བརྒལ་བ་འཚིགས་ཡོད་པ་མ་ཟད། མི་བཞི་རྐྱེན་འདས་བྱུང་བ་དང་། མི་ ༡༥ ལྷག་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་སྐལ་བཟང་སྦྱིན་པ།