མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀླུ་མཁར་བྱམས་ཀྱི་འུར་གཏམ་ལ་ལན་དུ་སྤྲིངས་པའི་གཏམ་བདེན་པའི་རང་སྒྲ།

བོད་ཀྱི་དུས་བབ།
༢༠༢༠/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་བསམ་གྲུབ།

ཝཱཎ་མཐོ་སློབ།

ཉེ་ཆར་དཔལ་སྔ་འགྱུར་རྙིང་མའི་བླ་གྲལ་དུ་ཚུད་པའི་གནས་བརྟན་མཆོག་གླིང་སྐུ་ཐོག་གོང་མའི་བུ་རྒྱུད་ཨོ་རྒྱན་སྟོབས་རྒྱལ་གྱིས་༸རྒྱལ་བ་རིན་པོ་ཆེར་མཚན་དམས་བློ་ཡུལ་དུ་གཤོང་དཀའ་བ་ཞིག་ཞུས་པ་དེར། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་དད་དམ་གཙང་མའི་བོད་མི་ཁྲི་ཁྲག་མང་པོའི་སེམས་སུ་བཟོད་དཀའ་བའི་ན་ཟུག་དང་། འགའ་རེ་མཚན་མོའི་གཉིད་ཀྱང་མི་ཁུག་པའི་སེམས་སྡུག་བྱུང་ཡོད། ཡ་རབས་རྣམ་དཔྱོད་ཅན་གྱི་གང་ཟག་ཆོས་ཁས་མི་ལེན་མཁན་ཞིག་གིས་ཐོས་ཀྱང་བློ་ཕམ་སྐྱེ་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད། གནས་ཚུལ་འདིའི་ཐད་ལ་དྲྭ་རྒྱའི་རྒྱུད་ལམ་ཐོག་ཏུ་རྒྱ་ཆེའི་མི་དམངས་དཀྱུས་མས་ཨོ་སྟོབས་ལ་ཡིག་ངག་གཉིས་ཐོག་ནས་རང་གི་བསམ་པ་མཚོན་པའི་ལན་འདེབས་དུ་མ་བྱས་ཏེ་སྨྲ་བརྗོད་ཀྱི་རང་དབང་བླངས་པ་ཀུན་གྱིས་ཤེས་གསལ་ལྟར་རེད། འོན་ཀྱང་ཀླུ་མཁར་བྱམས་ཀྱིས་ཨོ་སྟོབས་ཀྱི་རྒྱབ་ལངས་བྱས་ཏེ་མི་དམངས་དཀྱུས་མ་ཚོས་སྐྱོན་བརྗོད་བྱས་པ་དེ་ནོར་བ་དང་། ནོར་དགོས་དོན་ནི་༸རྒྱལ་བ་རིན་པོ་ཆེ་ལ་དད་པའི་དབང་གིས་སྐྱོན་བརྗོད་བྱས་པ་ཞིག་ཡིན་པ་དང་། དེ་བཞིན་དད་པ་ནི་རྒྱལ་ཁབ་དང་མི་དམངས་ཀྱི་རང་དབང་ལ་ཉེན་ཚབས་ཆེ་རབས་ཀྱི་སྐད་ཆ་དམ་དུམ་མང་ཙམ་བཤད་འདུག མ་ཟད་ཁྲིམས་ཁང་མ་གཏོགས་མི་དམངས་ལ་དཀར་ནག་དབྱེ་འབྱེད་ཀྱི་ཐོབ་ཐང་མེད་ཅེས་བཤད་པའང་ཐོས།

སྤྱིར་བཏང་ཀླུ་མཁར་བྱམས་སུ་ཡིན་མིན་ངོ་སྤྲོད་མི་དགོས་ཀྱང་། ངས་འདིར་ཐོག་མར་དྲན་བསྐུལ་ཐུང་ཐུང་ཞིག་བྱེད་འདོད་བྱུང་། ཀླུ་མཁར་བྱམས་ཀྱིས་དེ་སྔོན་རྩོམ་ཡིག་ཞིག་གི་ནང་༸རྒྱལ་བ་རིན་པོ་ཆེར་བླ་རྒན་ཅེས་བྲིས་པ་རེད། དེ་ནས་བོད་རིག་པའི་མཁས་པ་ཨེ་ལོ་ཌི་སི་པར་ལིང་ (Elliot Sperling) ལགས་ཀྱི་དགོངས་རྫོགས་རྗེས་དྲན་རྩོམ་ཡིག་ཞིག་གི་ཁ་བྱང་ལ་ལོ་བརྒྱ་དང་བཅུ་གསུམ་སྡོད་དགོས་མཁན་དེ་ཁྱེད་རེད་ཅེས་བྲིས་ཡོད། མ་ཟད་པཎ་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཕེབས་སྐབས་སྐུ་སྒེར་ནས་མི་སྣ་ཆེད་གཏོང་གིས་དར་ཆ་ནག་པོ་འཕྱར་དུ་བཅུག་པ་རེད་ཅེས་ཀྱང་བྲིས་མྱོང་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཁོ་རང་གིས་བྲིས་པའི་དོན་ཚན་གཅིག་ལ་ཡང་ཁོ་རང་གིས་ཁུངས་སྐྱེལ་འགྲེལ་བརྗོད་གཙང་མ་ཞིག་རྩ་བ་ནས་བྱེད་ཐུབ་མེད་པ་ནི་ཚང་མས་ཤེས་གསལ་རེད། བྱས་ཙང་མི་འདི་འདྲ་ཞིག་གིས་༸རྒྱལ་བ་རིན་པོ་ཆེར་བལྟ་སྟངས་དྲང་པོ་ཞིག་འཛིན་ཐུབ་པའི་རེ་བ་ཡོད་དམ། ཁོས་བཤད་པའི་སྐད་ཆར་ཆ་འཇོག་བྱེད་འོས་པ་ཞིག་རེད་དམ།

དེ་བཞིན་ཀླུ་མཁར་གྱི་རྒྱབ་སྐྱོར་བ་མང་པོ་ཞིག་ནི་འདས་པའི་དུས་སམ། ཡང་ན་ད་ལྟའི་སྐབས་སུ་༸རྒྱལ་བ་རིན་པོ་ཆེར་གོ་སྐབས་ནམ་བྱུང་ལ་ཟུར་ཟ་དང་། མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཁག་རེད། བྱས་ཙང་ཀླུ་མཁར་ནི་དུས་ནམ་ཡང་ཕྱོགས་ལྷུང་མེད་མཁན་གྱི་མི་ཞིག་རྩ་བ་ཉིད་ནས་ཆགས་མེད།

ད་ནི་དོན་ངོ་མ་དེ་བཤད་ན། ཐོག་མར་ཁྲིམས་ཁང་མ་གཏོགས་མི་དམངས་ལ་དཀར་ནག་དབྱེ་འབྱེད་ཀྱི་ཐོབ་ཐང་མེད་ཅེས་པ་དེའི་ཐད་བསམ་བློ་ཞིག་གཏང་ན། སྤྱིར་བཏང་ཁྲིམས་ཐག་གཅོད་མཁན་དེ་ཁྲིམས་ཁང་ཡིན་པ་ལས། མི་དམངས་ལ་དབང་ཆ་མེད་པ་བདེན་ཡང་། མི་དམངས་ཀྱིས་སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱས་ནས་ལེགས་ཉེས་འབྱེད་པའི་ཐོབ་ཐང་མེད་ཟེར་ན། མི་དམངས་ཀྱི་གཞི་རྩའི་རང་དབང་འཕྲོག་པ་གསལ་པོ་ཡིན། འཛམ་གླིང་གི་མང་གཙོའི་ཡུལ་གྲུབ་དུ་མར་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་པ་དེ་ཚོ་མི་དམངས་ཀྱིས་ལེགས་ཉེས་དཀར་ནག་དབྱེ་འབྱེད་བྱས་ནས་བྱུང་བ་ཞིག་མ་རེད་དམ།

ད་ཐེངས་ཨོ་སྟོབས་ལ་མི་དམངས་དཀྱུས་མས་རང་གི་བསམ་པ་མཚོན་པའི་ལན་འདེབས་བྱས་པ་རེད་མ་གཏོགས་ཀླུ་མཁར་གྱིས་འུར་བརྒྱབས་པ་ནང་བཞིན་ཁྲིམས་ཁང་དང་ཉེན་རྟོག་པའི་ལས་ཀ་མི་དམངས་ཀྱིས་བླངས་ནས་བྱས་པ་ཞིག་ག་ནས་ཡིན། ཨོ་སྟོབས་ལ་མི་དམངས་ཚོས་རང་གི་བསམ་པ་མཚོན་པའི་ལན་འདེབས་སྐྱོན་བརྗོད་བྱས་པ་དེ་ཇི་ལྟར་བྱས་ནས་ནོར་བ་རེད། མང་གཙོ་དང་རང་དབང་གི་སྐད་ཆ་ཤོད་ཀྱིན་ཤོད་ཀྱིན། ཀླུ་མཁར་རང་ཉིད་ཀྱི་བསམ་པའི་འཁོར་རྒྱ་ལས་བརྒལ་བ་དང་། བསམ་ཚུལ་དང་མི་མཐུན་པའི་མི་དམངས་ཀྱི་མངོན་འདོད་དང་བསམ་ཚུལ་ཚང་མ་རྒྱུ་མཚན་མེད་པ་དང་། རང་དབང་དང་མང་གཙོའི་འགལ་རྐྱེན་རེད་ཅེས་བཤད་པ་དེ་ནི་དངོས་གནས་གད་མོ་ཤོར་དགོས་པའི་གནས་ཚུལ་ཞིག་ཡིན། དངོས་གནས་བྱས་ན་༸རྒྱལ་དབང་རིན་པོ་ཆེ་བསྟན་བཤིག་མིན་པ་ལོང་བས་ཀྱང་མཐོང་ཐུབ་ཀྱི་རེད། ནོར་མཁན་དེ་ཨོ་སྟོབས་རེད། དེའི་དཀར་ནག་དབྱེ་འབྱེད་བྱེད་མཁན་གཞུང་ཞིག་ཡོད་པའི་དབང་དུ་བཏང་ཡང་། མི་དམངས་ཀྱིས་བྱེད་མི་ཆོག་པ་གང་ཡིན། དེའི་ཐོབ་ཐང་དང་། བཟང་སྤྱོད་ཀྱི་འགན་དབང་བོད་མི་ཚོར་མེད་ན་སུ་ལ་ཡོད་དམ། ཀླུ་མཁར་ཁྱོད་ཀྱི་བསམ་སྤྱོད་ལ་དཀར་ནག་དབྱེ་འབྱེད་ཀྱི་ཐོབ་ཐང་དེ་མི་དམངས་ཚོར་མེད་ན། ཁྱོད་ལ་ཁོང་ཚོའི་སྲིད་སྐྱོང་གི་འོས་མིར་ལང་རྒྱུའི་ཐོབ་ཐང་དེ་ཡང་བཙན་པོ་དབང་ཡོད་དང་། མགོ་སྐོར་བསླུ་འབྲིད་བྱས་ན་མ་གཏོགས་ཇི་ལྟར་འཐོབ་སྲིད་དམ།

ཡང་ཁྱོད་ཀྱིས་ཨོ་སྟོབས་ལ་སྐྱོན་བརྗོད་བྱས་པ་དེ་ནི་༸རྒྱལ་བ་རིན་པོ་ཆེར་དད་པ་ཡོད་པའི་དབང་གིས་ཡིན་པ་དང་། དད་པ་ནི་རྒྱལ་ཁབ་དང་མི་དམངས་ཀྱི་རང་དབང་ལ་ཉེན་ཚབས་ཆེ་རབས་བཤད། ང་ཚོས་ཐོག་མར་དད་པ་ཟེར་བ་གང་འདྲ་ཞིག་ལ་ཟེར་མིན་ཤེས་དགོས། ནང་པ་སངས་རྒྱས་པའི་གཞུང་དུ། དད་པ་ནི་ཡུལ་ཁྱད་པར་ཅན་ལ་མངོན་པར་ཡིད་ཆེས་པའམ། དང་བའམ། འདོད་པའི་སེམས་བྱུང་ངོ་ཞེེས་གསུངས་ཡོད། སྟབས་བདེ་ཁ་གསལ་གྱི་ཐོག་ནས་འགྲེལ་བརྗོད་ཅིག་བྱས་ན། དད་པ་ཟེར་བ་ནི་ཐོག་མར་དད་པ་བྱ་ཡུལ་ནི་བཟང་པོའི་ཡོན་ཏན་གྱིས་ཁྱད་པར་དུ་འཕགས་པ་ཞིག་ཡིན་དགོས། དེ་ནས་བཟང་པོའི་ཡོན་ཏན་དང་དེ་ལྡན་གྱི་གང་ཟག་དེར་ཡིད་ཆེས་མེད་ན་དད་པ་མི་སྐྱེ་བ་ཡིན། དེ་བཞིན་ཕ་རོལ་པོའི་ཡོན་ཏན་ལ་དང་བའམ་བརྩི་མཐོང་མེད་ནའང་དད་པ་མི་སྐྱེ་བ་ཡིན། ཡང་ཕ་རོལ་པོའི་ཡོན་ཏན་ཁྱད་པར་ཅན་རྣམས་རང་ལ་འབྲེལ་བ་མི་འདུག་སྙམ་ནས་དེ་འཐོབ་འདོད་ཀྱི་བསམ་པ་མེད་ནའང་དད་པ་མི་སྐྱེ་བ་ཡིན།

ད་ནི་བཤད་འདོད་པའི་དོན་ངོ་མ་འདི་ཡིན། བོད་མི་ཚོས་༸རྒྱལ་དབང་རིན་པོ་ཆེར་སྔར་ལས་ལྷག་པའི་དད་པ་བྱེད་བཞིན་པ་དེ་ནི་རྩ་བའི་ཆ་ནས་༸རྒྱལ་བ་རིན་པོ་ཆེའི་མཛད་སྤྱོད་ལ་བརྟེན་ནས་འབྱུང་བ་ཞིག་རེད་མ་གཏོགས་མགོ་བསྐོར་བསླུ་འབྲིད་བྱས་པ་ཞིག་མ་ཡིན་ཞིང་། བོད་མི་རྣམས་ལྐུགས་དྲགས་པའི་དབང་གིས་ཀྱང་རྩ་བ་ནས་མིན། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་ཙམ་གྱིས་ཀྱང་ག་ལ་ཡིན་ཏེ། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པར་གྲགས་པའི་བླ་སྤྲུལ་གཞན་ཡང་ཡོད་པའི་ཕྱིར་རོ།། དེ་བཞིན་བོད་མི་ཚོ་དད་པ་བྱ་རྒྱུར་དགའ་དྲགས་ནས་དད་པ་བྱ་ཡུལ་སྐྱེས་བུ་ཁྱད་པར་ཅན་གཞན་མ་རྙེད་པའམ་མེད་པ་དེ་འདྲའང་མ་རེད། དོན་གྱི་སླད་དུ་ཁོང་ཅག་གི་མཚན་ཙམ་སྨོས་ན། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ས་སྐྱ་གོང་མ་ཡབ་སྲས། བདུད་འཇོམས་རིན་པོ་ཆེ། རྒྱལ་དབང་ཀརྨ་པ། དིལ་མགོ་མཁྱེན་བརྩེ། རྡོ་གྲུབ་ཆེན། རྒྱལ་དབང་འབྲུག་པ། གླིིང་རིན་པོ་ཆེ། བྱ་བྲལ་སངས་རྒྱས་རྡོ་རྗེ་ལ་སོགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་ཡོད།

དེ་ཡང་དད་པ་ཞེས་པ་ནི་ཡིད་ཆེས་ཀྱི་ཐོག་ནས་བྱུང་བ་རེད། ཡིད་ཆེས་དེ་ཇི་འདྲ་བྱས་ནས་བྱུང་བ་རེད་དམ་ཟེར་ན། ༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བཅུ་དྲུག་ལ་ཕེབས་པའི་སྐབས་སུ་རྒྱལ་སྲིད་ཆོས་སྲིད་ཀྱི་སྐུ་དབང་ཕུལ་བ་ནས་བཟུང་ཏེ། ད་ལྟ་བར་དུ་མི་ལོ་བདུན་བཅུ་ཙམ་འདས་ཟིན་ཞིང་། དུས་ཡུན་དེའི་རིང་བོད་ཀྱི་ལོ་རྒྱུས་ཀྱི་དྲན་ཐོའི་ནང་གསལ་མ་མྱོང་བའི་དཀའ་སྡུག་ཚད་ལས་འདས་པ་བོད་མི་ཚོས་མྱངས་ཡོད། རྒྱ་གར་ལ་བྲོལ་བྱོལ་དུ་སླེབས་སྐབས་སྤྲང་པོ་སྤྲང་ནག་ཡིན་པའི་བོད་མི་ཚོས་༸རྒྱལ་བ་རིན་པོ་ཆེར་ཡར་དབུལ་རྒྱུ་གང་ཡང་མེད་ལ། ༸རྒྱལ་བ་རིན་པོ་ཆེ་ནི་དགུང་གྲངས་ཉི་ཤུའི་ནང་དུ་སླེབས་པའི་གཞོན་ནུ་ཞིག་རེད། མི་ཕལ་བ་ཞིག་ཡིན་ན་གཞོན་ནུའི་སྣང་བ་སྐྱིད་སྐྱིད་ཀྱི་འདུ་འཛིར་གཡེང་ནས་བོད་དང་བོད་མིའི་རྩ་དོན་དང་བདེ་ཐབས་ལ་སྣང་མེད་དང་འཐུས་ཤོར་གཏོང་སྲིད་པ་ཞིག་རེད། འོན་ཀྱང་བོད་དང་བོད་མི་རྣམས་ཇི་ལྟར་ཐབས་སྐྱོ་ཞིང་རེ་བ་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཀྱང་། ཁོང་གིས་བོད་མི་རྣམས་རྩ་བ་ནས་ཡལ་བར་དོར་མེད། ཐོག་མར་སློབ་གྲྭ་དང་། གཞིས་ཆགས། དེ་ནས་དགོན་སྡེ་ཁག་རིམ་པས་འཛུགས་སྐྲུན་མཐུན་འགྱུར་མཛད་ཅིང་། བོད་གཞུང་གི་འགྲོ་ལུགས་ཁག་དུས་བསྟུན་རིམ་པས་ལེགས་བཅོས་མཛད་པ་བཅས་ད་ལྟའི་ཆར་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་མང་པོ་ཞིག་ལས་ཀྱང་ཚགས་ཚུད་པའི་བཙན་བྱོལ་གཞུང་དང་སྤྱི་ཚོགས་འདི་ཆགས་པ་རེད། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དེ་ཚོའི་ནང་དུ་ལོ་ཤ་ཤིན་ཏུ་ཕྲ་བའི་ཕྲུ་གུ་མང་པོ་ལམ་ཟུར་དུ་སློང་བཞིན་པ་དེ་འདྲ་མང་དུ་མཐོང་རྒྱུ་ཡོད་ཀྱང་། བོད་ཕྲུག་གཅིག་ཀྱང་མེད་པ་འདི་བླ་མ་དྲིན་ཆེན་འདིའི་བཀའ་དྲིན་ཉག་ཡིན་པ་ངོ་ཚ་ཁྲེལ་གཞུང་ཡོད་པའི་བོད་མི་བསམ་ཡོད་ཚོས་ཤ་དང་རུས་པའི་གསེང་ནས་ཀྱང་ཚོར་གྱི་ཡོད། དེ་ལྟ་བུའི་དབུ་འཁྲིད་ལ་མི་དམངས་ཀྱིས་ཡིད་ཆེས་བྱས་པ་དེ་ནོར་བ་ཡིན་རབས་ཤོད་མཁན་དེ་ར་བཟི་མིན་ན་སྨྱོས་པ་རེད་དམ། ཡང་ན་འཇིག་རྟེན་མི་ནག་གི་ལྟ་བ་ལས་ཀྱང་ལོག་པར་འཁྱམས་པའི་ལྟ་བ་གསར་པ་ཞིག་རེད་དམ། འདི་ལྟ་བུའི་སྐྱེས་ཆེན་འདི་ལ་བདེན་པའི་གཞི་རྩ་ཁྱོན་ནས་མེད་པའི་སྐྱོན་བརྗོད་འདི་འདྲ་བྱས་ན། བོད་མི་ཚོའི་སེམས་ཀྱིས་བཟོད་ཐུབ་ཀྱི་རེད་དམ། ཀླུ་མཁར་གྱི་སྐད་ཆའི་ནང་དུ་བོད་མི་ཚོ་འཕྲུལ་ཆས་ཀྱི་མི་(Robot)ལྟར་བྱེད་རྒྱུ་མེད་རབས་བཤད། འོན་ཀྱང་དྲིན་ཆེན་༸རྒྱལ་བ་རིན་པོ་ཆེར་གཞི་མེད་སྐྱོན་བརྗོད་བྱེད་དུས་བོད་མི་ཚོ་འཕྲུལ་ཆས་ཀྱི་མི་ (Robot)ལྟར་བཀའ་དྲིན་བསམ་ཤེས་མེད་པར་བསྡད་དགོས་རེད་དམ།

དེ་བཞིན་༸རྒྱལ་བ་རིན་པོ་ཆེ་ནི་ཆུང་བྱིས་པའི་དུས་ནས་ཡོངས་འཛིན་རྣམ་གཉིས་དང་། རིས་མེད་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་མདོ་རྒྱུད་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་འགྲན་ཟླ་བྲལ་བ་མཛད་པར་བརྟེན། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཉི་འོད་ལྟར་ཁྱབ་ཅིང་། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གསེར་ས་འོག་གི་འོད་ལྟར་འཕྲོ་བ་བྱུང་བས། མི་དམངས་དཀྱུས་མ་ཚུན་ཚད་ཀྱིས་ཁོང་ནི་དོན་དམ་པར་སྤྱན་རས་གཟིགས་དངོས་སུ་བྱོན་པ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།

སྤྱན་རས་གཟིགས་ཞེས་པའི་ལྷ་དེ་ནི། རྒྱ་ནག་གི་ཀྭན་ཡིང་ལྟ་བུའམ། རྒྱ་གར་གྱི་ལྷ་དབང་ཕྱུག་ལྟ་བུ་མ་ཡིན་པར་དགྲ་གཉེན་རིས་སུ་མ་བཅད་པར་ཚང་མར་སྙིང་རྗེས་གཟིགས་མཁན་བྱང་ཆུབ་སེམས་པའམ་སངས་རྒྱས་ཤིག་ཡིན། འདི་ནི་བོད་མི་རྣམས་ཀྱི་སེམས་སུ་༸རྒྱལ་བ་རིན་པོ་ཆེར་དད་པ་སྐྱེ་སྟངས་ངོ་མ་འདི་ཡིན་པ་ཤེས་རོགས་མཛོད།

ཡང་དད་པ་ཞེས་པའི་ཕྱོགས་གཞན་ཞིག་ནི་དང་བ་རེད། བོད་མི་ཚོ་ནི་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྒྱུད་ཀྱི་བྱམས་སྙིང་རྗེ། གཞན་ཕན། བཟོད་སྒོམ་སོགས་ལ་རང་བཞིན་གྱིས་དང་བ་སྐྱེ་ཡི་ཡོད། ཡང་ན་དགའ་མོས་དང་བརྩི་མཐོང་ཡོང་གི་ཡོད། ཅིའི་ཕྱིར་ཞེ་ན། བོད་མི་ཚོ་ནི་བྱམས་སྙིང་རྗེ་དང་། གཞན་ཕན། བཟོད་སྒོམ་སོགས་ལ་རིན་ཐང་ཆེན་པོ་འཇོག་མཁན་གྱི་མི་རིགས་ཤིག་ཡིན། ཡོན་ཏན་དེ་དག་ཡོད་མཁན་ལ་དད་གུས་ཞུ་མཁན་གྱི་མི་རིགས་ཤིག་ཡིན། རིན་ཐང་འཇོག་ལུགས་འདི་ནོར་བ་རེད་དམ། ༸རྒྱལ་བ་རིན་པོ་ཆེར་བོད་མིའི་དད་པ་འཐོབ་སྟངས་ངོ་མ་འདི་འདྲ་རེད། གལ་སྲིད་བོད་མི་ཚོ་ནགས་གསེབ་གྱི་གཅན་གཟན་གཏུམ་པོ་སྤུ་ཟིང་ཟིང་དེ་ཚོ་ལྟ་བུ་ཞིག་ཡིན་ན་གཞན་གྱི་བྱམས་སྙིང་རྗེ་དང་། གཞན་ཕན། བཟོད་སྒོམ་སོགས་ལ་དང་བ་སྐྱེ་རྒྱུར་གཅིག་བྱས་ན་ཁག་པོ་ཡོད་སྲིད།

དད་པའི་ཕྱོགས་གཞན་པ་དེ་དང་བ་སྐྱེ་ཡུལ་གྱི་ཡོན་ཏན་དེ་དག་འཐོབ་ན་སྙམ་པའི་འདོད་པ་དེ་རེད། བྱས་ཙང་བླ་མར་ཡོད་པའི་བཟང་པོའི་ཡོན་ཏན་རྣམས་རང་ལ་སྐྱེ་བར་འདོད་པ་དེ་ཡང་དད་པ་ཡིན། བྱམས་བརྩེ་དང་། བཟོད་སྒོམ་སོགས་ཀྱི་ཡོན་ཏན་འཐོབ་ན་སྙམ་པ་དེ་སྐྱོན་ག་ལ་ཡིན། དེང་སང་ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོས་འཚོལ་བསྙེགས་བྱེད་བཞིན་པ་གཅིག་ནི་བྱམས་བརྩེ་དང་བཟོད་བསྲན་ལྟ་བུའི་ཡོན་ཏན་དག་རེད།

ད་ལྟའི་བོད་མི་རྣམས་ཀྱིས་༸རྒྱལ་དབང་རིན་པོ་ཆེར་དད་པ་འབྱུང་སྟངས་ངོ་མ་འདི་ཡིན་པ་ཤེས་རོགས་མཛོད། ཕྱོགས་གཞན་ཞིག་ནས་བཤད་ན། བོད་མི་ཚོས་༸རྒྱལ་བ་རིན་པོ་ཆེར་དད་པ་བྱས་པ་འདི་ནི་གང་ཟག་རྒྱུས་ཡོད་ཡིད་ཆེས་འཕེར་བ་ཞིག་ལ་བྱས་པ་རེད། སློབ་མས་བླ་མ་བརྟག་ཟེར་བ་དེ་ཡང་རྒྱུས་ལོན་བྱེད་ཟེར་བའི་དོན་ཡིན།

ཀླུ་མཁར་གྱིས་དད་པ་ནི་རྒྱལ་ཁབ་དང་མི་དམངས་ཀྱི་རང་དབང་ལ་ཉེན་ཚབས་ཆེ་རབས་བཤད། དེ་ནི་མ་ཤེས་རྨོངས་པའི་གཏམ་འབའ་ཞིག་ལས་མ་འདས། རྒྱལ་ཁབ་དང་གང་ཟག་སུ་གང་གི་རང་དབང་སོགས་ལ་མཚན་ཉིད་ཚང་བའི་དད་པས་གནོད་སྐྱོན་ནམ་ཡང་གཏོང་མི་སྲིད། རྒྱུ་མཚན་གང་ཡིན་ཟེར་ན། དད་པ་ཞེས་པ་ནི་ཡུལ་ཁྱད་པར་ཅན་གྱི་ཡོན་ཏན་བྱམས་སྙིང་རྗེ། བཟོད་སྒོམ། གཞན་ཕན་ལྟ་བུར་ཡིད་ཆེས་དང་། དགའ་མོས། རང་ཉིད་ལ་འཐོབ་འདོད་ཀྱི་བསམ་པ་ཞིག་ཡིན། མདོར་ན། མཚན་ཉིད་ཚང་བའི་དད་པས་ནི་འཛམ་གླིང་སྤྱི་དང་བྱེ་བྲག་རྒྱལ་ཁབ་སོ་སོར་ཞི་བདེ་རང་དབང་དོན་མཐུན་ཡོང་བར་མཐུན་པའི་རྒྱུ་མེད་དུ་མི་རུང་བ་ཞིག་ཡིན། འོན་ཀྱང་དད་པ་བྱ་ཡུལ་ནོར་ན་ཡུལ་སྡེ་ཕུ་དཀྲུགས་མདའ་དཀྲུགས་བཟོ་བ་མཐོང་ཆོས་ཡིན། འདི་ལ་ཡོངས་གྲངས་སུ་རྨོངས་དད་ཟེར། ༸རྒྱལ་བ་རིན་པོ་ཆེས་ལན་གྲངས་དུ་མར་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱེད་དགོས་པ་དང་། ཆོས་ཀྱི་ནང་དོན་ལ་སློབ་སྦྱོང་བྱས་ནས་སྔོན་ལ་ཤེས་པ་བྱེད་དགོས། བླ་མ་སྤྲུལ་སྐུ་ཟེར་ཚད་ལ་ཡིད་ཆེས་མི་བྱེད་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་དང་གནང་བཞིན་པ་ཡིན། མདོར་ན། བོད་རྒྱལ་ཁབ་འདིར་དབུ་འཁྲིད་ཀྱིས་མི་དམངས་ལ་བྱམས་བརྩེ་ཆེ་བ་དང་། མི་དམངས་ཀྱིས་དབུ་འཁྲིད་ལ་དད་མོས་ཆེ་བ་འདི་ནོར་བ་རེད་དམ། ཀླུ་མཁར་ཁྱེད་རང་ཉིད་ཀྱི་ཁྱིམ་ཚང་ཆུང་ཆུང་དེར་ཆ་བཞག་ན། ཕན་ཚུན་བྱམས་བརྩེ་དང་ཡིད་ཆེས་ཡོད་ན་ཡག་གི་རེད་དམ། ཡང་ན་རྟག་ཏུ་དོགས་པ་དང་སྐྱོན་བརྗོད་བྱེད་བཞིན་བསྡད་ན་ཡག་གི་རེད། ཁྱོད་ཀྱི་བསམ་བློ་གཏོང་སྟངས་བྱས་ན་ནང་མི་ཕན་ཚུན་བྱམས་བརྩེ་དང་ཡིད་ཆེས་ཡོད་ན་ཁྱིམ་ཚང་ཡར་རྒྱས་ལ་གནོད་ཀྱི་ཡོད་ངེས་རེད།

དེས་ན་ང་ཚོ་བོད་མི་རྣམས་ཀྱིས་དད་པ་བྱ་ཡུལ་ནོར་མེད་ལ། དད་པའི་བྱས་པའི་འབྲས་བུ་བཟང་པོ་ཡང་ངོམ་རྒྱུ་ཡོད།

སྨྲས་པ།

ཨུ་ཚུགས་བློ་ཡིས་དག་སྣང་མི་དགོས་ཤིང་།།

མཛད་པ་རེ་ལ་འགྲེལ་པའང་མི་དགོས་པས།།

ཚུར་མཐོང་ཀུན་ལའང་འབད་མེད་དད་པ་ཡི།།

རྟེན་བཟང་དྲིན་ཆེན་བླ་མ་རྟག་ཏུ་རྒྱལ།།

 

དད་པའི་ཡུལ་མཆོག་མཆོག་གསུམ་དམ་པ་ཡི།།

རང་གཟུགས་བོད་མིའི་བསོད་ནམས་བགོ་བསྐལ་དུ།།

ཤར་བའི་བླ་མའི་ཐུགས་བརྩེའི་ཉི་འོད་ལས།།

བསོད་ནམས་དམན་དག་ཅི་ཕྱིར་བྲོས་པར་བྱེད།།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 1

  1. Sangdor rigpa says:
    ལོ་ 6 སྔོན།

    ཁྱིར་རྒན་ཀླུ་བྱམས་ཀྱིས་ད་བར་༸གོང་ས་རྒྱལ་བ་རིན་པ་དང་བོད་དོན་ཁ་ཁ་གཏོང་ཐབས་བྱས་ནས་ད་བར་ཡོང་བ་རེད་་་་་སྐད་ཆ་དེ་གསར་པ་ནམ་ཡང་མ་རེད་་་་ཁོས་ལོ་ངོ་བཅུ་ཕྲག་སྔོན་ནས་ད་བར་ལས་འགུལ་དེ་རྒྱུན་འཁྱོང་བྱས་ནས་ཡོང་རེད་་་་་་ལྷག་པར་ཁོས་ལྷ་རྒྱ་རི་སོགས་གཞོན་སྐྱེས་སེམས་ཤུགས་ཅན་དེ་ཚོར་མགོ་སྐོར་བཏང་་་་་བེད་སྤྱོད་བཏང་་་་་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོའི་གོ་མིང་འཕྲོགས་པ་སོགས་བྱས་ཡོད་་་་ད་དུང་་་་་་་ཁོའི་ཡོང་འབབ་དེད་སོང་ན་ཨ་ཞང་ཚང་གིས་སྤྲོད་བཞིན་པ་ཁ་གསལ་རེད་་་་་གཞན་ཁོས་ཨོ་སི་ཀྲི་ལི་ཡར་མི་འགྲོ་ཞེས་ཕ་རྒན་གྱི་མིང་ཐོག་ནས་མནའ་བཏབས་པ་རེད་་་་་་་་མཐའ་རང་གི་རླངས་འཁོར་རང་གིས་བཅག་ནས་སྐྱག་རྫུན་བཤད་ནས་ཨོ་སི་ཀྲི་ལི་ཡར་ཕྱིན་པ་རེད་་་་་མ་ཟད་་་་སྲིད་སྐྱོང་མ་འཐོབ་པ་ཤེས་ཀྱིན་འོས་མི་ལངས་ནས་བོད་པའི་ཆབ་སྲིད་དབུ་ཁྲིད་ཀྱི་འོས་མིང་སྤྱད་ནས་ཨ་རིའི་ནང་དུ་རྐུ་མ་རྒྱག་པར་ཕྱིན་པ་སོགས་གྲངས་མེད་རེད་་་་ད་ཕན་ཁོ་འབོད་མཁན་དང་དྲངས་མཁན་ཚང་མ་སྐྱག་ཟན་ཡིན་པ་ཤེས་དགོས་རེད་ད་་་་ང་ཚོ་བོད་ནང་དུ་ཡོད་པ་ཚོ་ངུ་མ་ཆུགས་རོགས་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese